Tibetan Royal Year of 2151 | Year of the Wood Dragon

4th Session of 17th TPiE

གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་བ།

བཞུགས་སྒར་དུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་པ་དང་བསྟུན དེ་རིང་ལས་ཉིན་བཞི་པའི་སྔ་དྲོའི་ཚོགས་དུས་ཐོག་ཁ་ཉིན་ཕྱི་ཚེས་ ༨ ཀྱི་ཕྱི་དྲོར་དབྱིན་ཇིའི་རྒྱལ་མོ་ Elizabeth གཉིས་པ་དགུང་གྲངས་ ༩༦ ཐོག་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་མཚོན་ཕྱིར་ངག་བཅད་གནང་སྟེ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།  སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གྱི་ཡིག་ཆ་ཨང་ ༢༠ པར་རྒྱལ་མོ་སྐུ་གཤེགས་དམ་པའི་རྨད་བྱུང་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་དང་། ཁོང་ཉིད་སྐུ་ཚེ་མ་ཟིན་པར་འཛམ་གླིང་སྤྱི་དང་བྱེ་བྲག་དབྱིན་ཡུལ་མནའ་འབྲེལ་རྒྱལ་ཁབ་ཚོར་གྱོང་གུད་ཆེ་ན་པོ་ཡོད་པས་ཤུལ་བཞུགས་རྒྱལ་སྲས་རྒྱལ་པོ་ Charles གསུམ་པ་མཆོག་གི་སྐུ་འཁོར་དང་དབྱིན་ཡུལ་མི་མང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་དང་། དམ་པ་དེ་ཉིད་ཀྱི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་གྲུབ་ཅིང་། ཚེ་རབས་ཀུན་ཏུ་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས་བཀོད་འདུགསྐབས་དེར་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ཀྱིས་དབྱིན་ཡུལ་ནི་ནུབ་ཕྱོགས་རྒྱལ་ཁབ་གཞན་དང་མི་འདྲ་བར་བོད་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དང་། ཞིང་གཤེགས་རྒྱལ་མོའི་ཡབ་གཞིས་ཕོ་བྲང་ནས་བོད་མི་དང་བོད་དོན་ལ་དགོངས་པ་བཞེས་སྟངས། ལྷག་པར་དུ་དམ་པ་ཁོང་དང་རྒྱལ་པོ་ Charles གསུམ་པ་མཆོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྩི་བཀུར་ཞུ་སྟངས་དང་འབྲེལ་བ་གནང་སྟངས་སོགས་ཧ་ཅང་ཐུགས་ཉེ་པོ་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱལ་པོ་ Charles གསུམ་པ་མཆོག་གིས་ཕྱི་ལོ་ ༢༠༠༡ ལོར་དབྱིན་ཡུལ་དོན་གཅོད་དང་དེའི་ཁུལ་དུ་གནས་པའི་བོད་རིགས་རྣམས་གཞུང་འབྲེལ་གྱི་ཐོག་ནས་རྒྱལ་པོའི་ཕོ་བྲང་དུ་གདན་ཞུ་གནང་སྟེ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བ་ཐེངས་དང་པོ་དང་འབྱུང་འགྱུར་དེ་ལྟར་དཀའ་སྐོར་གསུངས་སོང་། དེ་བཞིན་བོད་མིའི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ནས་དེ་སྔ་རྒྱ་ནག་གི་སྲིད་འཛིན་ཅང་ཛི་མིན་གྱི་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་ཤིག་ལ་འཛམ་གླིང་སྤྱི་ལྟར་གཞུང་འབྲེལ་གྱི་ཆེ་བསྟོད་གསོལ་ཚིགས་འདེགས་འབུལ་ཞུ་སྲོལ་ཡོད་ཀྱང་རྒྱལ་པོ་མཆོག་གིས་སྐབས་དེར་གསོལ་སྟོན་ལ་ཕེབས་མེད་པ་དང་། ཕྱིས་སུ་གསར་འགྱུར་བརྒྱུད་ལམ་ཐོག་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་འགྲོ་བ་མི་ཐོབ་ཐང་རྡོག་རོལ་བཏང་བར་ངོ་རྒོལ་གྱི་རྣམ་འགྱུར་ཞིག་ཡིན་པ་སོགས་ལུང་འདྲེན་དང་འབྲེལ་ཏེ་རྒྱལ་མོ་དམ་པ་མཆོག་ལ་ཐུགས་གསོ་དང་རྒྱལ་པོ་གསུམ་པ་ Charles མཆོག་གི་དགོངས་པ་རྣམས་༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་ཐོག་ནས་རྒྱལ་སྤྱིའི་ཐོག་ཞབས་འདེགས་ཞུ་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་བཅས་ཞུས་ཡོད།དབྱིན་ཡུལ་གྱི་རྒྱལ་སྲིད་དུས་ཡུན་རིང་ཤོས་གནང་མཁན་དབྱིན་ཇིའི་རྒྱལ་མོ་ Elizabeth གཉིས་པ་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་རིགས་སྤུན་ཟླ་ཡོངས་ཀྱི་ཚབ་ཞུས་ནས་ཕོ་བྲང་གི་སྐུ་འཁོར་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་པ་དང་འབྲེལ། དམ་པ་ཁོང་གིས་མི་མང་གྱི་དོན་དུ་སྤྱི་དོན་སྙིང་བཅངས་ཀྱིས་རྒྱལ་སྲིད་བསྐྱངས་པ་དེ་ནི་གཟི་བརྗིད་ལྡན་ཞིང་། སྙིང་སྟོབས་ལྡན་པའི་མིག་དཔེར་འོས་པ་ཞིག་ཡིན་པ་གསུངས་འདུག

མི་འབོར་གྲངས་བཤེར་གྱི་དམིགས་ཡུལ་ནི་བཙན་བྱོལ་བོད་མིའི་གྲངས་ཐོ་ཚད་ལྡན་ཞིག་ཡོང་ཆེད་ཡིན་པར་གསུངས་སོང་།

དེ་རིང་སྔ་དྲོ་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་འབྲེལ་ཏེ་སྤྱི་འཐུས་རྣམས་ནས་བཀའ་འདྲི་ཞུས་ཁག་ལ་བཀའ་ལན་གནང་ཟིན་རྗེས་མུ་མཐུད་ནས། སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡༌༢༢ ལོའི་ལོ་འཁོར་ལས་སྡོམ་སྙན་སྒྲོན་དང་སྤྱི་འཐུས་རྒྱུན་ལས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་སྡོམ་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཞུས་གྲུབ་བསྟུན་བོད་མི་མང་སྤྱི་འཐུས་ཁག་གཅིག་གིས་དེ་འབྲེལ་བཀའ་འདྲི་དགོངས་སྐོར་དང་གཞེན་སྐུལ་སོགས་ཀྱི་ཆ་ཤས་བཞེས་ཡོད།བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་སྐབས་བཅུ་དྲུག་པའི་བཀའ་ཤག་ནས་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་དོན་སྤེལ་བའི་དགོས་དམིགས་གང་ཡིན་སྐོར་བཀའ་འདྲི་ཞུས་པར། སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ད་ལྟ་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་ཞིག་ནི་བཙན་བྱོལ་བོད་མིའི་གྲངས་ཐོ་ཚད་ལྡན་ཞིག་མེད་པ་དེ་ཡིན། དེས་ན་བཙན་བྱོལ་ནང་གི་བོད་མིའི་གྲངས་འབོར་ཇི་ཡོད་ཚད་ལྡན་ཤེས་ཐབས་སུ་ཆེད་དམིགས་ཀྱིས་མི་འབོར་གྲངས་བཤེར་གྱི་འགེངས་ཤོག་བཟོས་ཡོད་ལ། བོད་མི་ཚོའི་ངོས་ནས་འགེངས་ཤོག་དེ་དགང་དགོས་པའི་གལ་གནད་བཅས་གསུངས་སོང་། སླད་མར་འོས་བསྡུའི་ལས་རིམ་ནང་ཆ་ཤས་བཞེས་པར་མི་འབོར་གྲངས་བཤེར་ནང་ཞུགས་ཡོད་ཚེ་གཞུང་མང་གཉིས་ཀར་ཕན་ཐོགས་ཡོད་སྐོར་སོགས་གསལ་བཤད་གནང་བ་དང་ཆབས་ཅིག ད་ལྟ་བར་རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་ཁྲོད་ནས་མི་འབོར་གྲངས་བཤེར་བཀང་ཟིན་པའི་གྲངས་ཐོ་དེ་སྟོང་ཕྲག་བདུན་ཅུ་དོན་གསུམ་ལྷག་དང་འགེངས་ཤོག་མ་དགང་བ་ལྔ་སྟོང་ལྷག་ཆགས་ཡོད་པ་སོགས་ཞིབ་རྒྱས་བཀའ་ལན་གནང་ཡོད།བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་ཉམ་ཐག་ཉུང་དུ་གཏོང་ཐབས་སུ་གང་ཡོད་པ་དང་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་གནང་གལ་གྱི་གཞེལ་སྐུལ་ཞུས་སྐབས་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཉམ་ཐག་དང་འབྲེལ་བའི་གནས་སྟངས་ལ་རྒྱུས་ལོན་གང་ཐུབ་ཅི་ཐུབ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས་མོན་གྷོར་གསར་དུ་འབྱོར་བའི་བོད་མི་གྲངས་ ༤༠ ལྷག་གི་སྡོད་ཁང་གསར་རྒྱག་གི་ལས་གཞི་ཁག་མུ་མཐུད་མཇུག་སྐྱོང་གནང་བཞིན་པར་ཡི་རང་བསྔགས་བརྗོད་ཞུས་པ་དང་སྦྲགས་ཏེ། བཞུགས་སྒར་དང་དེའི་ཉེ་འཁྲིས་སུ་ཡོད་པའི་ནོར་གླིང་ཁུལ་དུ་གནས་སྡོད་བོད་ནས་ཕྱིས་སུ་གསར་དུ་འབྱོར་བ་ཚོར་སྡོད་ཁང་མེད་པའི་ངལ་བ་འཕྲད་ནས་བོད་མིའི་སྒྲིག་འཛུགས་ལ་སྡོད་ཁང་གསར་རྒྱག་གི་ཞུ་སྙན་ཕུལ་ཡོད་པར་མ་ཟད་གྲོས་ཚོགས་སུའང་དེ་ལྟར་དགོངས་བཞེས་གནང་བའི་འབོད་སྐུལ་ཞུས་དོན་ལྟར་ཐུགས་འཇགས་དགོས་པའི་གཞེན་སྐུལ་ཞུས་སོང་བར་ནང་སྲིད་བཀའ་བློན་མཆོག་གིས་དེ་འབྲེལ་ལས་འཆར་སྤེལ་སྐབས་འཆར་ལྡན་གནང་གནད་ཡིན་སྟབས་དུས་ཚོད་ཏོག་ཙམ་འགོར་ངེས་ཡིན་སྐོར་གསུངས་པ་དང་སྦྲགས། དེ་འབྲེལ་དགོས་ངེས་ཀྱི་མཐུན་འགྱུར་དང་ལག་བསྟར་དགོས་རིགས་གང་ཐུབ་ཅི་ཐུབ་གནང་ངེས་ཡིན་པའི་བཀའ་ལན་གནང་སོང་།དེ་མཚུངས་སུ་སྤྱི་འཐུས་ཁག་གཅིག་གི་བོད་ནས་གསར་དུ་འབྱོར་བའི་བོད་རྣམས་བདག་སྐྱོང་གནང་དགོས་པའི་འབོད་སྐུལ་ཞུ་མཁན་དང་གསར་འབྱོར་བའི་སྡོད་ཁང་དང་འབྲེལ་བའི་ལས་གཞི་དེ་དག་གང་མགྱོགས་སྤེལ་གནང་ཡོང་བའི་གཞེན་སྐུལ་གསོལ་འདེབས་ཞུ་མཁན་བྱུང་ཡོད་པ་རེད། པར་ཁག བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

བཙན་བྱོལ་ནང་བོད་རིགས་གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་ཅེས་གསུངས་སོང་།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ པའི་ལས་ཉིན་ ༣ ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡ ནས་ ༢༠༢༢ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་སྙན་ཐོ་འགོད་འབུལ་ཞུས་ཡོད་པའི་ཐོག་ཕེབས་ཏེ་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་ལྷུག་པོ་གནང་སོང་། ཁ་སང་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་སུ་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོ་འགོད་འབུལ་ཞུས་ཟིན་པའི་རྗེས་སུ་ཁ་སང་ཚོགས་དུས་གཅིག་དང་དེ་རིང་སྔ་དྲོའི་ཚོགས་དུས་གཉིས་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་བའི་ཁྲོད། དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གྲྭ་བཙུན་གྱི་རྒྱུན་ཆད་ཀྱི་ཆད་ཀྱི་ཡོད་སྐོར་དང་འབྲེལ་ཏེ་སྲིད་སྐྱོང་མཆོག་གིས་དེང་སྐབས་བོད་པའི་སྤྱི་ཚོགས་ཁྲོད་དུ་སྤྱིར་གྲྭ་བཙུན་གྱི་གྲངས་འབོར་དེ་དམིགས་བསལ་ཉུང་དུ་ཕྱིན་མེད་ཀྱང་། བོད་པའི་གྲངས་འབོར་དེ་དེ་སྔ་དང་བསྡུར་ཚེ་ཉུང་དུ་ཕྱིར་ཡོད་པ་དང་། དེའང་ད་ལྟའི་གྲངས་ཐོར་གཞིགས་ན་བོད་པའི་གྲྭ་བཙུན་གྱི་གྲངས་འབོར་དེ་བརྒྱ་ཆ་ ༣༣ ཆགས་ཡོད་པ་གསུངས་ཡོད།དེ་འབྲེལ་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཐོག་རྒྱ་བལ་འབྲུག་གསུམ་ནང་དེ་སྔ་དེབ་བསྐྱེལ་ཡོད་པའི་དགོན་སྡེ་ཁག་ ༢༦༩ ཡོད་པའི་ཐོག་དགོན་སྡེ་ཁག་ ༢༠ གསར་དུ་དེབ་བསྐྱེལ་གནང་ཡོད་པ་གསུངས་སོང་།ལྷག་པར་དུ་སྤྱི་འཐུས་ཁག་གཅིག་གིས་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་སློབ་མ་དང་གདུལ་བྱ་རྣམས་དང་ཞལ་བྲལ་ཏེ་བཞུགས་དགོས་པའི་གནས་སྟངས་དང་འབྲེལ་ནས་རིན་པོ་ཆེ་༸གང་ཉིད་མཆོག་རྒྱ་གར་དུ་ཆིབས་བསྒྱུར་མཛད་ཐབས་ཐད་བཀའ་ཤག་གི་ངོས་ནས་ཐུགས་འགན་ཇི་བཞེས་སོགས་དང་འབྲེལ་བའི་བཀའ་འདྲིར་སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་གིས་འབད་བཙོན་ཞུ་མུས་ཡིན་པ་དང་། ལྷག་དོན་གནས་ཡུལ་རྒྱ་གར་གཞུང་གི་ངོས་ནས་ཀྱང་རིན་པོ་ཆེ་མཆོག་ཚུར་གནད་འདྲེན་ཞུ་རྒྱུའི་དགོངས་པ་ཡོད་པ་སོགས་གསུངས་ཡོད།སྤྱིར་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་གྲྭ་བཙུན་རྣམས་ལ་བཞུགས་ཤག་དང་སློབ་ཡོན། དེ་བཞིན་ཧི་མཱ་ལ་ཡའི་རིགས་རྒྱུད་ཀྱི་གྲྭ་བཙུན་ཁག་ལ་མཐུན་རྐྱེན་སྦྱོར་སྤྲོད། ༸གོང་ས་མཆོག་གི་དགོངས་པ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་ལས་འགུལ་སྤེལ་ཕྱོགས། དགོན་སྡེ་ཁག་ཏུ་རྒྱ་ཡིག་དགེ་རྒན་གྱི་མཐུན་རྐྱེན། ཆོས་རིག་བཀའ་བློན་དང་དྲུང་ཆེ་བཅས་ཀྱི་དགོན་སྡེ་ཁག་ལ་ཕྱོགས་སྐྱོད་དང་མཐུན་རྐྱེན་སྦྱོར་སྤྲོད། རིག་གཞུང་དང་སྒྱུ་རྩལ་གྱི་སློབ་ཡོན་གནང་ཕྱོགས། དགོན་སྡེ་ཁག་ཏུ་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་སོགས་ཆོས་རིག་ལས་ཁུངས་ཀྱི་ལས་དོན་སྣ་མང་ཐོག་དྲི་བ་དྲིས་ལན་ལྷུག་པོ་གནང་སོང་།གྲོས་ཚོགས་ཀྱི་ལས་རིམ་ལྟར། ཁ་སང་དང་དེ་རིང་བཅས་ཚོགས་ཐེངས་གསུམ་གྱི་ཐོག་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་མཇུག་སྒྲིག་གནང་རྗེས། དེ་རིང་ཉིན་རྒྱབ་ནང་སྲིད་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་༢༢ ལོའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་ཡོད།

བོད་རྒྱའི་དཀའ་རྙོག་ཞི་འགྲིག་མ་བྱུང་བར་བོད་དེ་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་ཐབས་མེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་སྔོན་ཨ་རི་ནང་བོད་པའི་གསར་ཁང་ཞིག་གི་བཀའ་འདྲིར་བཀའ་ལན་གནང་བའི་ཁྲོད་བོད་དེ་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་སྐོར་གསུངས་པ་ལས་འཕྲོས་ཏེ་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གཉིས་པའི་ཐོག  སྲིད་སྐྱོང་མཆོག་ལ་དེ་འབྲེལ་སྐར་རྟགས་ཅན་གྱི་བཀའ་འདྲི་ཞིག་གནང་བར་མ་ཟད་སྤྱི་འཐུས་མང་དག་ཅིག་གིས་གནད་དེའི་ཐོག་ཐུགས་ཕམ་དང་བཅས་འཕྲོས་དོན་བཀའ་འདྲི་མང་དག་ཅིག་ཕེབས་པར་བརྟེན་དྲི་བ་དྲིས་ལན་གྱི་དུས་ཚོད་འཕར་འགྱངས་གནང་སྟེ། དེ་རིང་གི་ཚོགས་དུས་གསུམ་གནད་དོན་དེའི་ཐོག་བཏང་སོང་།བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིར་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་གསུམ་ཕུལ་བ་ལས་གཅིག་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཨ་རིའི་རྒྱལ་སར་གསར་འགོད་པར་ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་སྟངས་དང་། ཁྱབ་ཚད་ཀྱི་ཁོངས་གཏོགས་ཇི་ཡིན། དེ་བཞིན་ད་ལྟ་བོད་མི་རྣམས་ཀྱང་རྒྱ་མིའི་ཆ་ཤས་ཆགས་བསྡད་ཡོད་མེད་བཅས་ཀྱི་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་གོང་ཞུས་བཀའ་མོལ་དེ་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་སྲིད་སྐྱོང་མཆོག་དང་འབྲེལ་ཡོད་ཁག་གཅིག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་ལ་མཇལ་འཕྲད་ཞུས་རྗེས་གསར་འགྱུར་ལས་ཁང་ཞིག་གི་གསར་འགོད་པས་མཇལ་འཕྲད་ཀྱི་བརྒྱུད་རིམ་དང་གྲུབ་འབྲས་སོགས་ཀྱི་སྐོར་དྲིས་པར་ལན་དུ་གསུངས་པ་ཞིག་དང་། སྲིད་སྐྱོང་ཆོག་གི་ལན་འདེབས་དེ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་གོ་བསྡུར་གང་བྱུང་བའི་ནང་དོན་ཞིག་ཡིན་པར་མ་གཏོགས་སྲིད་སྐྱོང་ངམ་བཀའ་ཤག་གི་ངོས་ནས་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་ལ་ངོས་འཛིན་བྱེད་སྟངས་ཀྱི་འགྲེལ་བཤད་ཞུས་པ་ཞིག་མིན་ལ། བོད་དེ་འདས་པའི་མི་ལོ་ ༧༠ དོན་གྲངས་རིང་བཙན་གི་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་གསལ་པོ་ཡིན་ཞིང་། གཞིས་ལུས་བོད་མི་རྣམས་ཀྱང་ད་ལྟའི་ཆར་རྒྱ་གཞུང་གི་བཙན་བཟུང་འོག་ནས་གནས་ཡོད་པ་བསྙོན་མེད་ཡིན་ཞེས་གསུངས་སོང་།སྲིད་སྐྱོང་མཆོག་གི་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡ པོའི་བཀའ་ལན་ལས་འཕྲོས་ཏེ་སྤྱི་འཐུས་མང་དག་ཅིག་གིས་ཚོར་ཤུགས་ཆེན་པོའི་ཐོག་ནས་སྲིད་སྐྱོང་མཆོག་གི་བཀའ་མོལ་དེ་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀར་བློ་ཕམ་གནང་མཁན་མང་པོ་བྱུང་ཡོད་པ་ལུང་འདྲེན་གནང་སྟེ་གོང་ཞུས་བཀའ་ལན་གྱི་ཚིག་དེ་དག་ལ་དག་སེལ་གནང་ཐོག་ནིའུ་ཡོག་མི་མང་དང་བོད་མི་མང་ལ་དགོངས་སེལ་ཞུ་དགོས་པའི་དགོངས་འཆར་ཞུ་མཁན་བྱུང་བར་མ་ཟད། ད་རེས་སྐར་རྟགས་ཅན་གྱི་བཀའ་འདྲིའི་བཀའ་ལན་དུའང་བོད་དེ་འདས་པའི་མི་ལོ་ ༧༠ དོན་གྲངས་རིང་བཙན་བཟུང་་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་གསལ་པོ་ཡིན་ཞིང་ཞེས། རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་བསྐྱར་ནན་གནང་བ་དེར་སྤྱི་འཐུས་ཁག་གཅིག་གིས་དོགས་པ་དང་བཅས་ཚོར་ཤུགས་ཆེན་པོས་སྲིད་སྐྱོང་མཆོག་ལ་བཀའ་རྩད་ཞུས་ཡོད།དེ་འབྲེལ་སྲིད་སྐྱོང་མཆོག་གིས་དེ་རིང་གི་གྲོས་ཚོགས་ཐོག་བཀའ་ཤག་གི་ངོས་ནས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་གནང་གི་མེད་ལ། བོད་རྒྱ་ཞི་འགྲིག་མ་བྱུང་བར་བོད་དེ་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་གནང་གི་མེད་ཅེས་བསྐྱར་ནན་གནང་བ་དང་ཆབས་ཅིག ལྷག་པར་དུ་བཀའ་ཤག་གིས་བོད་དེ་རྒྱ་ནག་གི་བཙན་འཛུལ་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་གསུངས་པ་དེ་ཁྲིམས་དང་མ་མཐུན་པའི་གནས་བབ་ཞིག་ལ་གོ་བ་བཞེས་པའི་ཐོག་ནས་གསུངས་པ་མ་གཏོགས་བཀའ་ཤག་གི་བཞེངས་ཕྱོགས་ཐོག་མ་ཉིད་ནས་བོད་དེ་བཙན་འཛུལ་བྱས་པ་ཞིག་ལ་འདོད་ཀྱི་ཡོད་པ་དེ་ལྟར་ཡང་། ད་རེས་ཆ་ཤས་ཞེས་ཚིག་དེ་ཉིད་ཀྱི་རྐྱེན་གྱིས་མང་ཚོགས་ཁྲོད་གོ་བ་འདྲ་མིན་ཡོང་བཞིན་པར་བརྟེན་ཚིག་དེ་ཕྱིར་འཐེན་གནང་རྒྱུ་གསལ་བཤད་གནང་སོང་།སྐབས་དེར་ད་དུང་སྤྱི་འཐུས་ཁག་གཅིག་གིས་སྲིད་སྐྱོང་མཆོག་ནས་དེ་རིང་སྐར་རྟགས་ཅན་གྱི་དྲི་བ་ཨང་དང་པོའི་བཀའ་ལན་ནང་གི་ཚིག་གཅིག་ཕྱིར་འཐེན་གནང་དགོས་བྱུང་བ་དེ་དེ་སྔ་ནོར་འཁྲུལ་ཤོར་བར་ངོས་འཛིན་གྱིས་གྲོས་ཚོགས་ར་བའི་ནང་དགོངས་སེལ་ཞུ་མ་ཐུབ་པའི་རྒྱུ་མཚན་གང་ཡིན་དང་། ཁག་གཅིག་གིས་ད་ལྟའི་བཀའ་ཤག་གི་བཞེངས་ཕྱོགས་དང་སྲིད་བྱུས་ལ་འགྱུར་བ་མེད་པ་དེ་ལ་ཡིད་ཆེས་གཙང་མ་ཡོད་སྐོར་དང་དེ་འབྲེལ་འབད་བརྩོན་མུ་མཐུད་ནས་གནང་རོགས་ཞེས་ཞུ་སྐུལ་གནང་སོང་བར་མ་ཟད་སླད་མར་ཚིག་གང་ཞིག་སྤྱོད་དགོས་པར་གྲོས་ཚོགས་ནས་གཏན་ལ་ཕབ་ཐུབ་ཚེ་དགེ་མཚན་དུ་གཟིགས་ཀྱི་ཡོད་པའི་དགོངས་འཆར་ཕུལ་མཁན་བྱུང་ཡོད།དེ་རིང་གི་སྐར་རྟགས་ཅན་གྱི་དྲི་བ་དང་དེའི་བཀའ་ལན་བཅས་ལས་འཕྲོས་ཏེ་ད་དུང་གྲོས་ཚོགས་ནང་སྤྱི་འཐུས་ཁག་གཅིག་གིས་ད་ལྟ་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་མཁན་སུ་ཡོད་མིན་སོགས་ཀྱི་དྲི་བ་ཕུལ་མཁན་ཡང་བྱུང་བར་བཀའ་ལན་གནང་བའི་ཁྲོད། སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བོད་རང་བཙན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་སུའང་མེད་པ་དང་། ཨ་རི་གཞུང་གི་ངོས་ནས་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ལ་ངོས་འཛིན་གནང་གི་ཡོད་ཀྱང་། ཉེ་ལམ་ནས་ངོས་འཛིན་ཞེས་པའི་ཚིག་དེ་སླ་རུ་བཏང་ནས་དེའི་ཚབ་ཏུ་ང་ཚོའི་ལྟ་སྟངས་ཞེས་འགྱུར་བ་བཏང་ཡོད་པ་དང་། དེ་བཞིན་རྒྱ་གར་གཞུང་གིས་ཀྱང་རྒྱ་ནག་གཅིག་གི་སྲིད་བྱུས་བསྐྱར་ལྡབ་བྱེད་ཀྱི་མེད་པ་སོགས་འགྲེལ་བརྗོད་དང་འབྲེལ། བཀའ་ཤག་གིས་ཨ་རི་དང་རྒྱ་གར་གཙོས་རྒྱལ་སྤྱིའི་གཞུང་ཁག་ལ་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་གསུངས་ཡོད་པ་དེ་བཙན་བཟུང་འོག་གི་གནས་སྟངས་ཤིག་ཡིན་པར་གསལ་བཟོ་གནང་གལ་ཆེ་བ་དང་། ཡང་ན་བཀའ་མོལ་གནང་སྟངས་དེ་རིགས་བསྐྱར་ལྡབ་མི་གནང་བའི་འབོད་སྐུལ་ཞུ་བཞིན་པར་འགྲེལ་བརྗོད་གནང་སོང་།རྩ་བའི་དེ་རིང་སྔ་དྲོ་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་གྱི་ལས་རིམ་ནང་ཐོག་མར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་དྲི་བ་གསུམ་ཕུལ་གནང་བའི་ཐོག་ཕྱིས་སུ་སྤྱི་འཐུས་ ༡༨ ཙམ་གྱིས་འཕྲོས་དོན་དྲི་བ་དང་འབྲེལ་ནས་ཆ་ཤས་བཞེས་སོང་། སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡༌༢༢ ལོའི་ལས་བསྡོམས་ཐོག་ཕེབས་ཡོད། པར་ཁག བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་དོན་ཚན་ ༧ ཅན་གྱི་གྲོས་ཆོད་གཏན་འབེབས།

ཁ་སང་གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཐོག་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་འཕྲལ་མར་མཚམས་འཇོག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པ་དང། བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཀྱི་སྐུལ་ལྕག་བསྐྱར་ནན་དང་སྦྲགས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་དོན་ཚན་ ༧ ཅན་གྱི་གྲོས་ཆོད་གཏན་འབེབས་གནང་སོང་།སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་དང་པོར་ཚོགས་གཙོའི་གསུང་བཤད་དང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གཏན་འབེབས་ཀྱི་ལས་རིམ་ཁག་གྲུབ་རྗེས་དུས་ཚོད་ཆ་ཚང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་དང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཏན་འབེབས་ཐོག་བཏང་ཡོད་པ་རེད།ཐེངས་འདིའི་གྲོས་ཆོད་ཀྱི་སྔོན་གླེང་ནང་འདི་ལོའི་ཕྱི་ཟླ་ ༣ པ་ནས་བཟུང་ད་བར་བོད་ནང་རྒྱ་གཞུང་གི་མི་རིགས་དབྱེ་འབྱེད་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་རང་ལུས་མེར་སྲེག་གནང་མཁན་གཅིག་དང་རྒྱ་གཞུང་གི་མནར་གཅོད་འོག་འདས་གྲོངས་སུ་གྱུར་བ། འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པར་རྒྱལ་ཁབ་ཁ་བྲལ་སོགས་ཀྱི་ཉེས་མིང་འོག་ལོ་མང་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་རྣམས་ཞིབ་ཕྲ་བཀོད་པ་དང་འབྲེལ། བོད་ནང་ཆབ་སྲིད་ཀྱི་ཛ་དྲག་གནས་སྟངས་མུ་མཐུད་ལུས་ཡོད་པའི་ཁར་རྒྱ་གཞུང་གིས་སྲིད་བྱུས་ངན་པ་ཁག་རྒྱུན་ཆད་མེད་པར་ལག་བསྟར་བྱས་འབྲས་སུ་བོད་ཀྱི་སྣོད་བཅུད་གཉིས་ཀའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུགདེ་འབྲེལ་གྲོས་ཆོད་ནང་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་མནར་གཅོད་ག་ཚོད་བཏང་དང་གཏོང་མིན་ལ་ལྟོས་མེད་རང་གི་ལུས་སྲོག་དང་བཅས་པ་བློས་བཏང་གནང་མཁན་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། སྤྱིར་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་ཛ་དྲག་གནས་སྟངས་ཡོད་ཐོག་ཉེ་ལམ་རྒྱ་གཞུང་གིས་གཉན་རིམས་སླད་སྒོར་གྱི་སྲིད་བྱུས་ཟེར་བའི་འོག་དྲག་གནོན་འཕར་མ་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་ཆེད་དམིགས་སྤེལ་དང་སྤེལ་བཞིན་པའི་བྱ་སྤྱོད་དེ་དག་འཕྲལ་མར་མཚམས་འཇོག་བྱས་ནས་བོད་མི་རྣམས་རྒྱུན་ལྡན་གྱི་འཚོ་བར་རོལ་རྒྱུའི་མཐུན་འགྱུར་སྦྱོར་དགོས་པ་དང་། བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས། དེ་བཞིན་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་བཏང་སྟེ་ཁོང་རྣམ་པའི་ཚེ་སྲོོག་གི་འགན་འཁུར་དགོས་པའི་དགོས་འདུན་ཁག་ཅིག་ཆེད་བཏོན་གནང་ཡོད།དེ་བཞིན་གྲོས་ཆོད་གྲོས་འཆར་གྱི་དོན་ཚན་ལྔ་པའི་ནང་། བོད་འདི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་ནའང་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ལྟ་བུ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆགས་ཡོད་སྟབས། ༸གོང་ས་མཆོག་གི་དགོངས་གཞི་བཞིན་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་གནང་དགོས་པའི་སྐུལ་ལྕག་བསྐྱར་ནན་ཞུས་པ་གཙོས་རྒྱ་གར་གཞུང་མང་གཙོ་བོར་གྱུར་པའི་ད་བར་བོད་དོན་ལ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། གཞིས་ལུས་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་མནར་གཅོད་སྲིད་བྱུས་ཁྲོད་སྙིང་སྟོབས་དང་ཆོད་སེམས། ལ་རྒྱ་བཅས་པ་འགྱུར་བ་མེད་པའི་རང་བཞིན་ལ་ཡི་རང་སྔགས་བརྗོད་དང་འབྲེལ། རང་རེ་བཙན་བྱོལ་བོད་མི་རྣམས་ཀྱི་ངོས་ནས་དེ་དག་མི་དཔེ་བཞེས་ཏེ་བོད་ཀྱི་འཐབ་རྩོད་དང་བོད་ཀྱི་ཆོས་རིག སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པར་མ་ཟད། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གོང་འཕེལ་ཡོང་བར་ཕྱར་བ་གྲུ་འདེགས་ངང་འབད་བཙོན་གནང་དགོས་པ་བཅས་འཁོད་ཡོད།བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་ལས་རིམ་སྐབས་གྲོས་ཆོད་གྲོས་འཆར་གྱི་དོན་ལྔ་པ་སྟེ། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོངས་ཐབས་གནང་དགོས་པའི་སྐུལ་མ་བསྐྱར་དུ་བྱ་རྒྱུ་ཞེས་པའི་གནད་དོན་ཐོག་སྤྱི་འཐུས་རྣམས་ཀྱིས་དེ་འབྲེལ་བཀའ་མོལ་ལྷུག་པོ་གནང་བ་དང་དེ་བཞིན་བཀའ་འདྲི་དགོངས་སྐོར་ཡང་ཕེབས་ཡོད།སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་མགོ་འདོན་གནང་མཛད་དོན་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཕེབས་ཀྱི་ཡོད་པ་དང་བཀའ་ཤག་གི་ངོས་ནས་མུ་མཐུད་དེ་འབད་བརྩོན་གནང་བཞིན་ཡོད་པར་གསུངས་ཡོད།ཁ་སང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ལ་སྲིད་སྐྱོང་མཆོག་གིས་གཙོས་པའི་ཁྱོན་སྤྱི་འཐུས་བཅོ་ལྔས་བགྲོ་གླེང་གི་ཆ་ཤས་བཞེས་ཡོད། པར་ཁག བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་གནང་བ།

དེ་རིང་བཞུགས་སྒར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་དང་སྦྲགས། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ ༣ གཏན་འབེབས་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་སོང་།དེ་རིང་ཕྱི་ཟླ་ ༩ ཕྱི་ཚེས་ ༧ ཉིན་རྒྱབ་ཚོུད་ ༡༌༣༠ ཐོག་བཞུགས་སྒར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་གནང་བ་དང་སྦྲགས། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུང་བཤད་གནང་བར་དེ་རིང་སྔ་དྲོ་བོད་མིའི་ཚོགས་པ་ལྔས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་མཆོག་གིས་ཉེ་ལམ་ལ་དྭགས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོོད་བཞེས་བརྟག་དཔྱད་གནང་འབྲས་སུ་༸སྐུའི་འཕྲོད་བཞེས་ལེགས་པོ་ཡོད་པར་བཀའ་སྩལ་བ་དེར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག ང་ཚོར་གྲོས་ཚོགས་དང་སྲིད་འཛིན་གྱི་ལམ་ལུགས་གཉིས་ཀའི་ལེགས་ཆ་ལྡན་པའི་སྐུ་ཚབ་ཀྱི་མང་གཙོའི་སྒྲོམ་གཞི་ཧ་ལས་པ་ཞིག་ཡོད་སྐོར་དང་འབྲེལ། སྤྱིར་མང་གཙོའི་ཁྲོད་ལྟ་གྲུབ་དང་བསམ་བློ་མི་འདྲ་བ་མང་པོ་ཡོང་གི་ཡོད་ཀྱང་། ད་ལྟའི་ཆར་ང་ཚོར་མང་གཙོའི་ལམ་ལུགས་ལ་ངེས་རྙེད་མི་དམན་པ་ཞིག་བྱུང་ཡོད། དེས་ན་རང་རེའི་རྩ་དོན་འཐབ་རྩོད་ཀྱི་སྒྲིག་འཛུགས་འདི་ཉིད་ནུས་ལྡན་ཚགས་ཚུད་དང་བོད་མིའི་ཆིག་སྒྲིལ་བཅས་ཉམས་དམས་སུ་མི་འགྲོ་བ་དགོས་པ་ནི་བཙན་བྱོལ་བོད་མིའི་མང་གཙོའི་ཚེ་སྲོག་ལྟ་བུ་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་གསུངས་སོང་།དེ་བཞིན་ཚོགས་གཙོ་མཆོག་གིས་དེང་སྐབས་རྒྱ་ནག་ནང་བསམ་བློ་དང་ལྟ་གྲུབ་མི་འདྲ་བ་ཡོང་བཞིན་པའི་འགྱུར་ལྡོག་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་རྣམས་མུ་མཐུད་གནས་རྒྱུ་ཡིན་པར་མངོན་རྒྱུ་ཡོད་སྐོར་དང་འབྲེལ། རྒྱ་ནག་གཞུང་གི་བོད་ཐོག་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པའི་གྲུབ་དོན་ཁག་དང་སྔ་ལོར་སྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་སར་འགྲོ་ཡོད་པ་སོགས་ཀྱི་ཁྲོད། བོད་ནང་མི་རིགས་མཉམ་བསྲེས་བྱ་རྒྱུའི་ལྟ་གྲུབ་སྐོར་ནན་བཤད་བྱས་པ་དེ་དག་ལ་གཞིགས་ན། རྒྱ་ནག་ཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་འཆར་གཞི་དང་དམིགས་ཡུལ་འཛིན་བཞིན་ཡོད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་ཡོད། ལྷག་པར་དེང་སྐབས་བོད་ནང་དུ་ཏོག་དབྱིབས་གཉན་རིམས་དང་ས་ཡོམ། དེ་བཞིན་ཆུ་ལོག་བཅས་ཀྱི་ངལ་བ་ཆེ་བའི་ཛ་དྲག་གནས་སྟངས་བྱུང་བ་ཁག་ལ་གདུང་སེམས་མཉམ་བསྐྱེད་དང་དཀའ་སྡུག་འོག་ནས་འགྲོལ་ཐུབ་པའི་ཐུགས་སྨོན་གནང་དགོས་གལ་ཡིན་པ་དང་། དེ་བཞིན་བོད་ནང་དུ་ཆབ་སྲིད་ཀྱི་ཐོག་ནས་མངོན་པར་གསལ་བ་དང་མངོན་པར་མི་གསལ་བའི་ཐོག་ནས་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པ་གསལ་རྟོགས་ཐུབ་ཀྱི་ཡོད་པ་སོགས་གསུངས་ཏེ་བོད་ང་ཚོས་དེ་འབྲེལ་གདོང་ལེན་གནང་ཕྱོགས་བཅས་ལ་དགོངས་པ་བཞེས་དགོས་ཞེས་གཞེན་སྐུལ་གནང་ཡོད།རྩ་བའི་ཐེངས་འདིའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུས་ ༤ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་ཁུངས་ཁག་གི་ལོ་འཁོར་ལས་སྡོམ་སྙན་སྒྲོན་དང་དེ་དག་ཐོག་བགྲོ་གླེང་གནང་རྒྱུ། དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྒྲིག་སྐྱར་བཅོས་ཀྱི་ལས་རིམ་ཁག་ཅིག་དང་། གངས་ལྗོང་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཇི་ཆགས་རྟོགས་ཞིབ་གནང་པའི་སྙན་ཐོར་བགྲོ་གླེང་སོགས་གནང་གི་ཡོད་པ་རེད། པར་ཁག བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

Latest news