Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

པདྨ་རྒྱན་ཆ་བཟོ་ལས་ཁང་ལ་ཧིན་སྒོར་བྱེ་བ་གཅིག་གི་མ་དངུལ་གྱི་བྱ་དགའ་བསྩལ་བ།

དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་གངས་སྐྱིད་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པས་གོ་སྒྲིག་གནང་སྟེ་བོད་ཀྱི་གསར་གཏོད་ཚོགས་པས་བོད་པའི་སྤྱི་ཚོགས་ནང་དུ་ཡར་ཐོན་ཚོང་ལས་འདེམས་སྒྲུག་བྱས་ཏེ་གཞིས་ཆགས་ཁང་ཏུ་བོད་རིགས་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་སྐྲུན་ཆེད་དུ་མ་དངུལ་ཧིན་སྒོར་བྱེ་བ་གཅིག་ཅན་གྱི་བྱ་དགའ་དེ་པདྨ་རྒྱན་ཆ་བཟོ་ལས་ཁང་ལ་གནང་སོང་། མཛད་སྒོའི་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བའི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག  བོད་ཀྱི་གསར་གཏོད་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འགྲུབ་ལགས། པདྨ་རྒྱན་ཆ་བཟོ་ཚོང་ཁང་གི་འགན་འཛིན་དང་འགན་འཛིན་ལས་རོགས་གཉིས་བཅས་ལྷན་བཅར་ཞུས་འདུག ཡར་ཐོན་ཚོང་ལས་འདེམས་སྒྲུག་གི་བྱ་དགའ་དེ་མ་བསྩལ་གོང་དུ་བོད་ཀྱི་གསར་གཏོད་ཚོགས་པའི་འགན་འཛིན་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་བྱ་དགའ་དེ་གསོལ་བསྩལ་གནང་བའི་དམིགས་ཡུལ་དང་འབྲེལ་ནས་གསུངས་པར་ཕྱི་ལོ་ ༢༠༠༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་ཨ་རིར་ཆིབས་བསྒྱུར་མཛད་སྐབས་བོད་པའི་གཞིས་ཆགས་ཁག་གི་ནང་དུ་བོད་རིགས་གཞོན་སྐྱེས་རྣམས་ཕྱི་རྒྱལ་དུ་ཕེབས་མཁན་མང་པོ་ཡོད་པར་ཐུགས་ཁྲལ་གནང་གི་ཡོད་སྐོར་བཀའ་བསྩལ་བ་ལྟར་བོད་པའི་གཞིགས་ཆགས་ཁག་གི་ནང་དུ་ལས་གཞི་ཞིག་སྤེལ་ནས་གཞིས་ཆགས་སྲ་བརྟན་དམིགས་ཚད་བཟུང་ཐོག་མ་དངུལ་གསོག་སྒྲུབ་བྱས་པ་ཞིག་ཡིན་པར་ངོ་སྤྲོད་གནང་སོང་། སྲིད་སྐྱོང་མཆོག་གིས་བོད་མིའི་དཔལ་འབྱོར་གྱི་ཡོང་འབབ་བརྒྱ་ཆ་དགུ་བཅུ་ཕྱི་ལ་བརྟེན་ནས་རག་གི་ཡོད་པ་སྐོར་ངོ་སྤྲོད་དང་བཅས་ཏེ་ད་ཆ་བོད་མི་རྣམས་ཀྱིས་ཕྱིར་རང་གི་སྤྱི་ཚོགས་ལ་ཞབས་ཞུས་ནས་དཔལ་འབྱོར་མཁོ་སྒྲུབ་གནང་བ་བརྒྱུད་བཀའ་ཤག་གི་དམིགས་ཚད་བཞིན་རང་ཁ་རང་གསོ་གནང་གལ་ཡིན་གསུངས་སོང་བ་མ་ཟད། ད་ལན་གྱི་ཧིན་སྒོར་བྱེ་བ་གཅིག་གི་ཞལ་འདེབས་འབུལ་མཁན་དང་བཞེས་མཁན་གཉིས་ཀྱིས་བོད་པའི་སྤྱི་ཚོགས་ལ་མིག་དཔེ་ཡག་པོ་ཞིག་སྐྲུན་ཡོད་པ་གསུངས་ཡོད། དེ་བཞིན་པདྨ་རྒྱན་ཆ་བཟོ་ལས་ཁང་གི་འགན་འཛིན་སྐལ་ལྡན་ལགས་ཀྱིས་གསར་འགོད་པར་ཧིན་སྒོར་བྱེ་བ་གཅིག་གི་བྱ་དགའ་འདི་ནི་བཟོ་ལས་ཁང་གིས་བོད་པའི་སྤྱི་ཚོགས་ནང་དུ་བོད་མི་ཉི་ཤུ་ལ་ལས་ཀ་སྤྲོད་རྒྱུའི་འཆར་གཞི་ཕུལ་བ་བཞིན་ཐོབ་པ་ཞིག་ཡིན་སྐོར་འབྲེལ་བརྗོད་དང་བཅས་ཏེ་ཏན་ཏན་ཆ་རྐྱེན་དེ་བསྒྲུབ་ཐུབ་པའི་གདེང་ཚོད་ཆེན་པོ་དང་ཀུན་སློང་ཡག་པོ་ཡོད་པར་ངོ་སྤྲོད་གནང་སོང་། རྩ་བའི་པདྨ་བཟོ་ལས་ཁང་ནི་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་དུ་བཙུགས་ཡོད་པ་དང་འདས་པའི་མི་ལོ་བརྒྱད་ཙམ་གྱི་རིང་ལ་བོད་མི་བརྒྱད་ཅུ་ཙམ་ལ་ཤེལ་གྱི་རྒྱན་ཆ་བཟོ་ལས་ཀྱི་ལག་ཤེས་སྦྱོང་བརྡར་སྤྲད་པ་བརྒྱུད་ནས་ལས་ཀའི་གོ་སྐབས་སྤྲད་ཡོད་པ་དང་། ད་ལྟའི་ཆར་བཟོ་ལས་ཁང་དེར་ལས་མི་སུམ་ཅུ་ཡོད་པའིི་ཁོངས་སུ་ཕ་མ་མེད་པ་དང་དབང་པོ་སྐྱོན་ཅན་གྱི་རིགས་ཀྱང་ཡོད་པ་རེད་འདུག ཐེངས་འདིའི་ཧིན་སྒོར་བྱེ་བ་གཅིག་གི་མ་དངུལ་གྱི་བྱ་དགའ་འདིའི་ཁོངས་སུ་ཐོག་མར་ཚོགས་པ་ ༤༣ ལྷག་འཛུལ་ཞུགས་བྱས་ཡོད་པ་དང་འགྲན་བསྡུར་གྱི་གོ་རིམ་གསུམ་བརྒྱུད་མཐར་པདྨ་རྒྱན་ཆ་བཟོ་ལས་ཁང་ལ་མཐའ་མའི་བྱ་དགའ་གསོལ་བསྩལ་དུ་བདམས་ཐོན་བྱུང་བ་ཞིག་རེད་འདུག

རྒྱ་གར་ལྷོ་ཕྱོགས་སུ་ཆུ་ལོག་གི་གོད་ཆག་བྱུང་བར་བོད་གཞུང་མང་གཉིས་ཀྱིས་ཞལ་འདེབས་ཕུལ་འདུག

ཉེ་དུས་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་རྫོང་ཁག་ ༡༡ ནང་ཆར་ཆུ་ཆེན་པོ་བབས་ཏེ་ཆུ་ལོག་གི་གོད་ཆག་ཚབས་ཆེན་བྱུང་བའི་ཁྲོད་ཡུལ་མི་མང་པོ་ཞིག་ཤི་རྨས་ཐེབས་པ་དང་དུད་ཁྱིམ་མང་པོ་གནས་སྤོར་བྱེད་དགོས་བའི་དཀའ་མང་དག་ཅིག་འཕྲད་བཞིན་པར་བརྟེན་ཀ་ན་ཊ་ཀའི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་མི་རྣམས་ཀྱིས་ཁུལ་དེའི་གནོད་ཐེབས་ཀྱི་ཡུལ་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དུ་རང་ཉིད་ཀྱི་ཉིན་གཅིག་གི་ཕོགས་བསྡུ་རུབ་ཀྱིས་ཞལ་འདེབས་གནང་བ་མ་ཟད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཀྱང་ཧིན་སྒོར་འབུམ་ལྔ་ཞལ་འདེབས་གནང་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཁག་ལྔའི་ནང་གི་བོད་རིགས་སྲི་ཞུ་བ་དང་མཉམ་འབྲེལ་སྡེ་ཚན་རྣམས། སློབ་གྲྭ་དང་སྨན་ཁང་ཁག་གི་ལས་བྱེད་རྣམས་ཀྱིས་རང་ཉིད་ཀྱི་ཉིན་གཅིག་གི་གསོལ་ཕོགས་ཡོད་ཚད་བསྡུ་རུབ་གནང་སྟེ་ཁྱོན་བསྡོམས་ཧིན་སྒོར་ ༥༢༦༢༡༥་༦༥ བཅས་བྱུང་ཡོད་པ་ལྟར་ལྷོ་སྤྱི་ཆོས་འཕེལ་ཐུབ་སྟན་ལགས་ཀྱིས་ཁ་སང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ B.S. Yediyurappa མཆོག་མཇལ་འཕྲད་དང་འབྲེལ་ནས་ཁོང་གི་ཕྱག་ལ་བཀའ་ཤག་ནས་བྱུང་བའི་ཧིན་སྒོར་འབུམ་ལྔ་དང་དེ་བཞིན་བོད་མི་མང་ཚོགས་ཀྱི་བསྡུ་རུབ་གནང་བའི་དངུལ་འབོར་དེའི་བརྒྱ་ཆ་ ༥༠ ཕུལ་བ་དང་མཉམ་དུ་ཀ་ན་ཊ་ཀ་མངའ་སྡེ་དེ་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་པ་ཞུས་འདུག ལྷོ་ཕྱགས་ཀྱི་སྲིད་ཞུ་ལས་བྱེད་དང་མཉམ་འབྲེལ་སོགས་ཀྱི་མཚོན་པའི་ཉིན་གཅིག་གི་གསོལ་ཕོགས་ཀྱི་བརྒྱ་ཆ་ལྔ་བཅུ་ལྷག་འཕྲོ་དེ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གནས་པའི་བོད་མིའི་གནོད་ཐེབས་ཁྱིམ་ཚང་རྣམས་ལ་བགོ་འགྲེམས་གནང་རྒྱུ་རེད་འདུག རྩ་བའི་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆུ་ལོག་གི་དོན་རྐྱེན་དེ་བྱུང་སྐབས་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་རྣམས་ཀྱིས་ཀྱང་ས་གནས་མངའ་སྡེ་གཞུང་གི་རྫོང་དཔོན་རྣམས་བརྒྱུད་དེ་ཆུ་ལོག་གི་གོད་ཆག་ཕོག་མཁན་རྣམས་ལ་གྲོང་སྡེ་ངལ་སེལ་བརྒྱུད་ནས་རོགས་རམ་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།

སཾ་བྷོ་ཊ་བོད་སློབ་ཚོགས་པ་དབུ་ཚུགས་ནས་མི་ལོ་ ༢༠ འཁོར་བའི་དུས་དྲན་སྲུང་བརྩི།

དེ་རིང་སྔ་དྲོ་ཕྱག་ཚོད་ ༩ ཐོག་ཤེས་རབ་དགའ་ཚལ་སློབ་གླིང་གི་ཚོགས་ཁང་ཆེན་མོའི་ནང་དུ་སཾ་བྷོ་ཊ་བོད་སློབ་དབུ་ཚུགས་ནས་མི་ལོ་ ༢༠ འཁོར་བར་དུས་དྲན་སྲུང་བརྩི་ཞུས་སོང་། སྐབས་དེའི་མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་དམིགས་བསལ་གྱི་སྐུ་མགྲོན་སཾ་བྷོ་ཊའི་སྤྱི་ཁྱབ་ཀྱི་འགན་འཛིན་ཟུར་པ་ཀརྨ་ཆུང་བདག་ལགས་གཉིས་ཀྱིས་གཙོས་པའི་ཤེས་རིག་གི་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེང་གེ་ལགས། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས། གཞན་ཡང་ཞབས་ལོ་ ༢༠ འཁོར་བའི་ལས་བྱེད་བརྒྱད་ཅུ་ལྷག་ཅིག་མཉམ་འཛོམས་བྱུང་འདུག ཤེས་རིག་བཀའ་བློན་མཆོག་གིས་སྐབས་དེར་དེང་སྐབས་བཙན་བྱོལ་གྱི་ནང་དུ་སློབ་མའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་སྟབས་སློབ་གྲྭ་ཁག་གིས་ཤེས་ཡོན་སློབ་གསོའི་སྤུས་ཚད་གོང་མཐོང་གཏོང་རྒྱུ་གལ་ཆེན་ཡིན་པ་དང་། དེ་བཞིན་རྣམ་ཀུན་ནས་མགོན་པོ་༸གང་ཉིད་མཆོག་གིས་བཀའ་བསྩལ་ལམ་སྟོན་ཕེབས་པ་ལྟར་ཤེས་ཡོན་ཡོད་པ་གཅིག་པོའི་མི་འགྲིག་པར་སློབ་སྦྱོང་གི་དམིགས་ཚད་དེ་ཡ་རབས་ཀུན་སྤྱོད་ལྡན་པའི་བོད་མི་ཞིག་སྐྱེད་སྲིང་གནང་རྒྱུ་དེ་གཞན་ལས་ཁྱད་དུ་འཕགས་པའི་བོད་མི་རིགས་ཀྱི་ཁྱད་ཆས་ཤིག་ཡིན་པར་གསུངས་སོང་། སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་སཾ་བྷོ་ཊ་བོད་སློབ་ཀྱི་རྒྱབ་ལྗོངས་དང་འབྲེལ་ཕྱི་ལོ་ ༡༩༩༩ ལོར་ཤེས་རིག་གི་ལས་ཁུངས་ཀྱི་ཐད་འཛིན་སློབ་གྲྭ་དམིགས་བསལ་བ་ཞིག་བཙུགས་ཡོད་པ་དང་། སྐབས་དེར་རྒྱ་གར་དུ་སློབ་གྲྭ་བཅོ་ལྔ་དང་འབྲུག་ཡུལ་དུ་སློབ་གྲྭ་བཞི་བཅས་གསར་འཛུགས་གནང་བ་ཞིག་ཡིན་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། སྐབས་དེར་བོད་སློབ་ཚོགས་པ་དེ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་པ་གང་ཞིག་ལ་སྡེ་ཚན་མ་འདྲ་ཞིག་གསར་འཛུགས་གནང་ཡོད་པར་རྒྱུ་མཚན་གསུམ་ཡོད་སྐོར་གསུངས་སོང་། དེ་རིང་གི་མཛད་སྒོའི་ཐོག་ཤེས་རིགས་ལས་ཁུངས་དང་སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་ཀྱི་ཁོངས་སུ་ཞབས་ལོ་ ༢༠ འཁོར་བའི་དགེ་ལས་ ༨༠ ཙམ་ལ་ཞབས་འདེགས་ཞུས་པར་ཐུགས་རྗེ་ལེགས་གསོལ་གྱི་རྟགས་མ་རེ་རེ་ཕུལ་ཡོད་པ་དང་། སང་ཉིན་སྔ་དྲོར་ཞབས་ལོ་ཉི་ཤུ་འཁོར་བའི་དགེ་ལས་ཡོངས་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་ཞུ་རྒྱུ་རེད་འདུག   ཉིན་རྒྱབ་ཏུ་སཾ་བྷོ་ཊ་སློབ་ཚོགས་དང་ཁྱབ་ཁོངས་སློབ་ཁག་རྣམས་མཉམ་འཛོམ་གྱི་ཐོག་ནས་ཚོགས་འདུ་ཞིག་ཡོད་པ་དང་། སྐབས་དེར་འདས་པའི་མི་ལོ་ཉི་ཤུའི་རིང་གི་སློབ་གསོའི་དགེ་སྐྱོན་གླེང་སློང་གནང་སྟེ་མདུན་སྐྱོད་གསར་པའི་ལམ་ཁ་ཞིག་འཚོལ་རྒྱུ་དང་། དེ་བཞིན་བགྲས་ཡོལ་དུ་ཕེབས་ཟིན་པ་རྣམས་ཀྱི་བགྲས་ཕོགས་དང་འབྲེལ་བའི་བརྗོད་གཞི་གཉིས་ཀྱི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད་འདུག རྩ་བའི་ཕྱི་ལོ་ ༡༩༩༩ ལོར་སཾ་བྷོ་ཊ་སློབ་ཚོགས་ཏེ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དབུ་བརྙེས་ནས་རྒྱ་གར་གྱིས་གཙོས་པའི་འབྲུག་ཡུལ་སོགས་སུ་སློབ་གྲྭ་ཁག་ ༡༩ ཙམ་ཆེད་འཛུགས་གནང་ཡོད་པ་དང་།  ཉེ་བའི་ལོ་ཤོས་ནས་བཟུང་རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་བོད་རིགས་གྲྭ་ཁག་ཀྱང་ཚུར་རྩིས་བཞེས་པ་བརྒྱུད་ནས་ད་ཆ་ཤེས་རབ་དགའ་ཚལ་སློབ་གླིང་དང་དཔེ་སྟོན་སློབ་གྲྭ་སོགས་སྤྱི་ཡོངས་ཀྱི་ཆ་ནས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་ཁག་ ༧༡ ཡོད་པ་རེད།

 པྲག་གྲོས་ཚོགས་གོང་མས་སྲིད་སྐྱོང་མཆོག་ལ་གཞུང་འབྲེལ་སྣེ་ལེན་གཟབ་རྒྱས་ཞུས་འདུག 

ཁ་སང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiří Oberfalzer མཆོག་གིས་གྲོས་ཚོགས་གོང་མའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གཞུང་འབྲེལ་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས་ཏེ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་གཞུང་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་ཐོག་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་དགོས་པའི་རེ་སྐུལ་ཆེད་བཏོན་གནང་འདུག གཞུང་འབྲེལ་སྣེ་ལེན་མཛད་སྒོའི་ཐོག་གྲོས་ཚོགས་གོང་མའི་ཕྱི་སྲིད་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་ Pavel Fischer མཆོག་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ Přemysl Rabas སོགས་ཡོད་པ་དང་།  སྐབས་དེར་སྲིད་སྐྱོང་མཆོག་དང་གྲོས་ཚོགས་འཐུས་མི་རྣམ་པའི་དབར་བོད་མི་ནས་ཡུན་རིང་ངང་རྩོད་པའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་དང་བོད་རྒྱ་གཉིས་དབར་ཞི་འགྲིག་ཡོང་སླད་གྲོས་མོལ་གནང་རྒྱུ་སོགས་ཀྱི་བརྗོད་གཞི་མང་དག་ཐོག་བཀའ་བསྡུར་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ནང་བོད་ནང་གི་ཆེས་རྫ་དྲག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་དགོན་སྡེ་སོགས་གཏོར་བཤིག་དང་གྲྭ་བཙུན་དགོན་པ་ནས་ཕྱིར་འབུད་བཏང་བ། དེ་བཞིན་སྐད་ཡིག་སོགས་ལ་དམ་དྲག་བྱེད་བཞིན་པ་བརྒྱུད་ནས་བོད་མིའི་རིག་གཞུང་རྩ་མེད་གཏོང་ཐབས་དང་། ལྷག་པར་དུ་གཏེར་ཁ་སྔོག་འདོན་དང་འཛུག་སྐྲུན་གསར་རྒྱག་སོགས་ཀྱི་ལས་གཞིའི་འོག་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེ་གཏོང་བཞིན་པའི་གནས་སྟངས་སོགས་འགྲེལ་བརྗོད་གནང་འདུག དེ་བཞིན་སྐུ་ཞབས་ Jiří Oberfalzer མཆོག་ནས་བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཤར་བསྐྱོད་གནང་བཞིན་པ་དང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་པའི་རེ་འདུན་དེ་ང་ཚོས་འཚམ་པོ་དང་།  ཁྲིམས་དང་མཐུན་པ། དེ་བཞིན་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་མཐུན་པ་ཞིག་ཏུ་ངོས་འཛིན་གྱིས་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་གསུངས་པ་དང་ཆབས་ཅིག་ཏུ་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་པའི་རེ་སྐུལ་ཤུགས་ཆེ་བཏོན་འདུག རྩ་བའི་ཐེངས་འདིར་སྲིད་སྐྱོང་མཆོག་གི་ཅེཀ་ནང་གི་འཚམས་གཟིགས་དེའི་ཁྲོད་ཁ་སྔོན་ཕྱི་དྲོར་པྲག་ནང་རྟེན་གཞི་བྱས་པའི་ Zofin Palace ནང་དུ་ཕྱི་ལོ་ ༢༠༠༠ ཐམ་པའི་གླེང་སྟེངས་ Forum 2000 ཐེངས་ ༢༣ པའི་ཐོག་ Responsibility as the Ultimate Measure of Human Action ཞེས་བརྗོད་གཞིའི་ཐོག་ཀོརོ་ཤ་ཡའི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ Vesna Pusic མཆོག་དང་།  Protection of Rights without Borders ཞེས་རྒྱལ་མཚམས་མེད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་ Haykuhi Harutyunyan ལགས། དེ་བཞིན་པོ་ལེནཊ་གྱི་གསར་ཁང་ Gazeta Wyborcza ཞེས་པའི་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་  Adam Michnik ལགས་བཅས་དང་ལྷན་བཞུགས་མོལ་བཀའ་བསྡུར་ནང་ལྷན་ཞུགས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་དེང་རབས་སྲིད་དོན་པ་འགས་རང་ཉིད་ཀྱི་ཆབ་སྲིད་ཚོགས་པའི་དམིགས་ཡུལ་དང་དགོས་མཁོ་སོགས་ལ་གལ་ཆེར་འཛིན་པ་དང་། རང་ཉིད་ལ་ཡོད་པའི་འོས་འགན་ཐོག་དེ་ཙམ་ཐུགས་སྣང་གནང་གི་མེད་པ་སོགས་སྲིད་དོན་པའི་འོས་འགན་དང་། སྒེར་གྱི་ལས་འགན་སྐོར་གསུངས་འདུག སྲིད་སྐྱོང་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་དེང་རབས་འཛམ་བུ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་དག་ལ་གདོང་ལེན་སླད་བཟང་སྤྱོད་ཀྱི་སློབ་གསོ་དགོས་སྐོར་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ SEE Learning ཞེས་སཱི་ཤེས་ཡོན་གྱི་བསླབ་གཞི་སྐོར་ངོ་སྤྲོད་གནང་འདུག ཡང་ཁ་སང་སྲིད་སྐྱོང་མཆོག་ Charles གཙུག་ལག་སློབ་གཉེར་ཁང་ནང་  Human Rights in the 21st Century Digital Surveillance State ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཐོག་ཏུའང་ལྷན་ཞུགས་གནང་ཡོད་པ་དང་བགྲོ་གླེང་དེའི་ཐོག་ཡེ་ཤུའི་ཆོས་དཔོན་ Cardinal joseph མཆོག་དང་།  རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་གཙོ་འཛིན་ Dolkun Isa སོགས་ནས་ལྷན་ཞུགས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་སྒོར་མོའི་དོན་རྐྱེན་བྱུང་སྐབས་རྒྱ་གཞུང་གིས་ཕྱོགས་བཞི་མཚམས་བརྒྱད་ལ་དམ་བསྒྲགས་བྱས་ཡོད་ཀྱང་དོན་རྐྱེན་དེའི་སྔོན་ལ་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ནས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེ་གནང་སྐབས་རྒྱ་གཞུང་གིས་དེ་འབྲེལ་དམ་བསྒྲགས་ཤུགས་ཆེ་བྱས་སྐོར་དང་། ཕྱོགས་མཚུངས་ཤིན་ཅང་ནང་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་དང་ད་ཆ་རྒྱ་ནག་སྤྱི་ཡོངས་ནང་གསང་ཞིབ་མྱུལ་ལྟའི་འཕྲུལ་རིག་སོགས་ལག་བསྟར་བྱེད་བཞིན་པ་དེ་དག་བོད་ནང་ཐོག་མ་བྱས་ཡོད་སྐོར། དེ་བཞིན་རྒྱ་གཞུང་གིས་བརྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་བརྒྱུད་བོད་ཧམ་བཟུང་བྱས་པ་སོགས་དེ་སྔ་བོད་ནང་གང་བྱུང་བ་དེ་རྒྱ་ནག་དང་འཛམ་བུ་གླིང་སྤྱི་ཡོངས་ལ་བྱུང་རྒྱུའི་ཉེན་བརྡ་དང་ང་ཚོ་མཉམ་རུབ་ཀྱིས་ཕྱག་ལས་གནང་སྟེ་དེར་གདོང་ལེན་གནང་དགོས་ཞེས་གསུངས་འདུག གཞན་ཡང་སྲིད་སྐྱོང་མཆོག་ཅེཀ་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་ཞུས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Vaclav Havel མཆོག་ནས་༸གོང་ས་མཆོག་ཁུལ་དེར་ཕྱི་ལོ་ ༡༩༩༠ ལོར་ཐོག་མར་གདན་འདྲེན་ཞུས་པའི་དྲན་གསོ་དང་དེའི་བྱུང་འབྲས་སྐོར་བགྲོ་གླེང་ནང་ལྷན་ཞུགས་གནང་ཡོད་པ་དང་།  སྲིད་སྐྱོང་མཆོག་གིས་སྐུ་ཞབས་ Vaclav Havel མཆོག་གི་ཐུགས་འགན་དང་དྲང་བདེན་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་དགོངས་འཆར་རླབས་ཆེན་ཡོད་པར་ཡི་རངས་དང་། ལྷག་པར་དུ་སྐུ་ཞབས་ཁོང་ནས་རྒྱ་གཞུང་གི་གནོན་ཤུགས་ལ་ལྟོས་མེད་བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པར་གནང་སྐོར་དྲན་གསོ་དང་སྦྲགས། ད་ཆ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་དེ་འབྲེལ་རྒྱབ་སྐྱོར་མུ་མཐུད་ནས་གནང་བཞིན་པ་དེར་ཐུགས་རྗེ་ཆེ་ཞེས་ཞུས་འདུག དེ་བཞིན་༸གོང་ས་མཆོག་གི་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་དགོངས་གཞི་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྣམས་བོད་དོན་ཁོ་ནར་རྒྱབ་སྐྱོར་གནང་བ་མིན་པ་དེ་དག་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཡིན་པར་བཀའ་སློབ་ཡང་ཡང་བསྩལ་བ་དག་ལུང་འདྲེན་གྱིས་གསུང་བཤད་གནང་མཁན་གཞན་ནས་༸གོང་ས་མཆོག་དང་སྐུ་ཞབས་ Vaclev མཆོག་གི་དགོངས་གཞི་ཐོག་བཀའ་བསྡུར་གནང་འདུག གཞི་རྩིའི་འདི་ལོར་སྲིད་སྐྱོང་མཆོག་ཟླ་ ༣ པའི་ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཕེབས་སྐབས་པྲག་གི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Zdeněk Hřib ལགས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་པ་དང་འབྲེལ་ཏེ་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་མཚོན་ཕྱིར་ Prague གྲོང་ཁྱེར་གྱི་ལྡེ་མིག་ཞིག་ཀྱང་གནང་ཡོད་པ་རེད།

དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་ལས་ཁུར་དམ་འབུལ་ཞུས་པ།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་ལས་འཁྱུར་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་ལས་ཁུར་དམ་འབུལ་ཞུས་སོང་། གཞི་རྩའི་དྭགས་པོ་བསོད་ནམས་ནོར་བུ་ལགས་ཉེ་འཆར་མཇུག་བསྒྲིལ་ཟིན་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་དགོངས་དོན་ནང་གསལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་གཏོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག སྲིད་སྐྱོང་མཆོག་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་སླད་ཆེད་འཛུགས་གནང་བའི་འདེམས་སྒྲུག་ཚོགས་ཆུང་ནས་གཞུང་ཞབས་ཟུར་པ་དངོས་གྲུབ་རྡོ་རྗེ་ལགས་དང་ལྷན་དུ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་འོས་གཞིར་མཚན་འཆར་ཕུལ་གནང་བ་ལྟར་གྲོས་ཚོགས་སུ་མཚན་འདོན་གནང་སྟེ་སྐབས་དེའི་ངོ་ཡོད་སྤྱི་འཐུས་ ༤༢ ནས་གསང་བའི་འོས་ཤོག་འཕངས་ཏེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ལ་འོས་གྲངས་ ༣༠ དང་བཅས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་ཡོད། དམ་འབུལ་མཛད་སྒོ་གྲུབ་མཚམས་སུ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་གསར་འགོད་པའི་བཅར་འདྲིར་དང་ལེན་གྱིས་མང་གཙོ་ཚད་དང་ལྡན་པ་ཞིག་དགོས་ཚེ་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གོང་དུ་བཀུར་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་སྟབས། མ་འོངས་ལས་དོན་ཚང་མ་བཙན་བྱོལ་བོད་མིའི་བཅར་ཁྲིམས་རིན་པོ་ཆེ་གོང་དུ་བཀུར་ནས་ཕྱག་ལས་རྣམས་གནང་ངེས་ཡིན་ཞེས་གསུངས་ཡོད།    རྩ་བའི་དེ་རིང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་འབུལ་བཞེས་མཁན་དྭགས་པོ་བསོད་ནམས་ནོར་བུ་ལགས་ནི་ཕྱི་ལོ་ ༡༩༥༦ ལོར་བོད་དབུས་དྭགས་པོ་པུ་རབས་རྣམས་རྒྱལ་རྫོང་ཁོངས་རྩེ་ལའི་ལ་ཁར་ཤ་ཁྱིམ་དུ་སྐྱེད་ཞིང། ༡༩༦༢ ལོར་བཙན་བྱོལ་དུ་འབྱོར་བ་དང་། དེ་ནས་རིམ་པས་ལྡི་ལི་བཙུག་ལག་སློབ་གཉེར་ཁང་དང་། ཨ་རིའི་ Harvard གཙུག་ལག་སློབ་གཉེར་ཁང་བཅས་ནས་གཙུག་ལག་རབ་བྱམས་པ་མཐོན་ཏེ། ༡༩༨༨ ནས་བཟུང་བོད་མིའི་སྒྲིགས་འཛུགས་ཁོངས་སུ་བཞུགས་ཏེ་ཐེགས་པ་རིམ་འཛེགས་ཀྱིས་ ༢༠༠༤ ལོར་ཕྱི་དྲིལ་དྲུང་ཆེར་གནས་སྤར་བསྐོ་གཞག་གནང་ཡོད་པ་དང་། ཁོང་གི་ལས་ཡུན་ཁྲོད་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་དང་ལྷོ་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་ཞུས་མྱོང་བ་མ་ཟད། ཕྱི་ལོ་ ༢༠༠༢ ནས་ ༢༠༠༨ བར་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མིའི་ཁོངས་བོད་དང་རྒྱ་ནག་ཏུ་ཕེབས་མྱོང་ཡོད་པ་རེད།  

ཁ་མཆུ་ཨང་ ༢༠ པའི་རྒྱལ་ཁ་དེ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ལ་ཐོབ་སོང་།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བརྒྱུད་འཛིན་སྐྱོང་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོག་གནང་བའི་ཁ་མཆུ་ཨང་ ༢༠ ཐོག་མཐའ་མའི་བཅད་ཁྲ་ཁྱབ་བསྒྲགས་དང་འབྲེལ། ཞུ་སྦྱོར་བ་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལ་རྒྱལ་ཁ་ཐོབ་སོང་། དེའང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༥ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༢༡ བར་ཁ་མཆུ་དེ་དང་འབྲེལ་གནད་དོན་གསལ་བཟོའི་ཉན་ཞིབ་གཅིག་དང་། གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་གཉིས། དེ་བཞིན་ཞིབ་གཅོད་ཉན་ཞིབ་དགུ་བཅས་ཁྱོན་ཉིན་ ༡༢ རིང་ཉན་ཞིབ་ཚོགས་པའི་རྗེས་དེ་རིང་ཤོག་གྲངས་ ༡༠༢༨ ཅན་གྱི་བཅད་ཁྲ་འདོན་སྤེལ་གནང་བའི་ནང་དུ་ཁ་མཆུ་འདིའི་བརྒྱུད་རིམ་ཁྲོད་གྱོད་ཡ་ཞུ་སྦྱོར་བས་ཁུངས་སྐྱེལ་དགོས་པ་ཁག་ཐུབ་པ་དང་། རྩོད་ལེན་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྣེ་ཁྲིད་པའི་བཀའ་ཤག་སྐབས་ ༡༥ པས་ཁུངས་སྐྱེལ་དགོས་པ་ཁག་མ་ཐུབ་པར་བརྟེན། བཀའ་ཤག་ནས་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་དང་དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་བཅུ་གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་གཡེང་ལ་གོ་ནོར་ཐེབས་པའི་དབང་གིས་སྤེན་པ་ཚེ་རིང་གི་ལྷག་བསམ་དང་འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁ་གཡོག་ཤོར་བ་སོགས་ཐག་གཅོད་གནང་སྟེ་བཀའ་ཤག་ནས་སྤེན་པ་ཚེ་རིང་ལགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་ཞིག་དབྱིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ་དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པ་དང་། བཀའ་ཤག་གིས་ཞུ་སྦྱོར་བའི་ཁྲིམས་རྩོས་པའི་གླ་ཡོན་སྤྲོད་དམིགས་ཧིན་སྒོར་ ༩༨༠༠༠ ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ ནང་ཚུན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པའི་བཅད་ཁྲ་བཏང་སོང་། དེ་བཞིན་རྩོད་ལན་པ་བཀའ་ཤག་གི་དགོས་འདུན་ནང་དུ་བོད་མིའི་སྤྱི་ཚོགས་ལྷིང་འཇགས་ཡོང་བ་དང་། བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ལ་དོ་ཕོག་མི་ཡོང་བ་གཙོ་བཟུང་ཞེས་གསལ་བ་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁུལ་མ་མཐུན་པ་ཤུགས་ཆེར་གྱུར་བའི་རྩོད་རྙོག་འདི་ད་ཆ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཡིག་ཁག་གི་དགོངས་དོན་ལྟར་ཐག་གཅོད་ཟིན་པར་བརྟེན་བཅད་ཁྲའི་འབྲུ་དོན་གཞིར་བཟུང་སོ་སོར་འཁྲི་བབས་ཀྱི་ཉམས་ལེན་ཞུ་སྒོ་འཚེམས་མེད་དགོས་ཤིང་། བོད་བསྟན་སྲིད་མི་རིགས་ཀྱི་ཛ་དྲག་གནས་སྟངས་ལ་བསམ་གཞིགས་ཀྱིས་བོད་རིགས་སྤུན་ཟླ་རྣམས་ཆིག་སྒྲིལ་དམ་བཙང་ཡོང་བའི་ཐབས་ཚུལ་ལ་གྱོད་ཡ་ཕྱོགས་གཉིས་ནས་འབད་པར་ལྷུར་ལེན་དགོས་པ་བཅས་ཀྱི་བཅད་ཁྲ་བཏང་འདུག རྩ་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡོ་རོབ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ་ས་གནས་སུ་བཞུགས་མེད་སྟབས། བཀའ་ཤག་གི་ངོ་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་བ་དེ་བཀའ་ཤག་གི་རེ་བ་ལྟར་བྱུང་མེད་པ་དང་། རིམ་པས་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་ཤག་རྣམ་པ་ལྷན་འཛོམས་བྱུང་མཚམས་སུ་རིམ་པས་བཀའ་བསྡུར་གནང་ནས་གང་གནང་དགོས་མིན་གསལ་པོ་ཆགས་ཀྱི་རེད་ཅེས་གསུངས་ཡོད། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ད་དུང་ཐེངས་འདིའི་ཁ་ཆུ་འདི་དང་འབྲེལ་བའི་ལབ་གླེང་མང་དག་ཅིག་གྱོད་ཡ་ཕྱོགས་གཉིས་ཀ་ནས་གཞུང་འབྲེལ་ལས་དོན་བཀོད་མངགས་དང་སྙན་གསན་ཁག་ངག་ཐོག་ནས་བྱས་ཏེ་གོ་བརྡ་མ་འཕྲོད་པའི་དབང་གིས་བྱུང་འདུག་པ་དང་། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་ལག་བསྟར་ཚུལ་བཞིན་མ་བྱས་པའི་དབང་གིས་ཡིན་སྟབས་སླད་མར་འཛིན་སྐྱོང་ནས་སྒྲིག་གཞི་དེའི་ཞུ་སྒོར་ཐུགས་སྣང་ཟབ་མོ་དགོས་གལ་དང་། མ་འོངས་པར་ལས་བྱེད་མ་ཡིན་པ་ཞིག་དོན་གཅོད་དུ་བསྐོ་གཞག་གི་འོས་ཆོས་དང་མཐུན་རྐྱེན། ཐོབ་ཐང་། དེ་བཞིན་འཕོ་འགྱུར་གཏོང་ཕྱོགས་བཅས་སྒྲིག་གཞི་ཁག་གི་ནང་གསལ་བཀོད་ཐུབ་པའི་འབད་རྩོད་གནང་གལ་དང་། མ་བྱུང་ཚེ་འབྲེལ་ཡོད་བྱ་ལམ་བྱེད་བདེའི་རྩ་འཛིན་ལམ་སྟོན་འཛིན་སྐྱོང་བཀའ་ཤག་ནས་བཟོ་དགོས་པ། དེ་བཞིན་ད་རེས་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེ་གསལ་བསྒྲགས་གནང་སྟེ་ཉིན་གྲངས་སུམ་ཅུའི་ནང་ཚུད་བཅད་ཁྲའི་འབྲུ་དོན་ཁག་གྱོད་ཡ་ཕྱོགས་གཉིས་ནས་ཉམས་ལེན་ལག་བསྟར་ཟིན་པ་དགོས་པའི་བཀའ་ཁྱབ་གནང་འདུག གཞི་རྩའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༧ ཉིན་སྐབས་དེའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་དང་འབྲེལ་དོན་ཚན་བཅུ་ཅན་གྱི་གསལ་བཤད་ཅིག་འདོན་སྤེལ་གནང་སྟེ་ཁོང་གིས་བཀའ་ཤག་གི་ཐུགས་རེ་བཞིན་ལས་དོན་གནང་མ་ཐུབ་པ་དང་། ཡིད་ཆེས་བློས་འགེལ་མི་ཐུབ་པ། དེ་བཞིན་འཛིན་སྐྱོང་ལ་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཐག་གཅོད་དེ་ལྟར་གནང་དགོས་བྱུང་ཡོད་པ་སོགས་རྒྱུ་མཚན་གཙོ་བོ་གསུམ་གྱི་ཐོག་ནས་གསལ་བཤད་གནང་ཡོད་པ་རེད། འོན་ཀྱང་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱིས་ཁོང་གི་ལས་དོན་ལ་འཐུས་ཤོར་ཕྱིན་པ་སོགས་ཀྱི་གནད་དོན་ཁག་ལ་ངོས་ལེན་མེད་པ་དང་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་དང་མང་ཚོགས་ཁྲོད་ཐག་གཅོད་དེ་ཁྲིམས་དང་མཐུན་པ་ཞིག་བྱུང་ཡོད་མེད་ཐག་གཅོད་གནང་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕེབས་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པར་འགྲེལ་བརྗོད་གནང་ཡོད་པ་བཞིན་ཁོང་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་ཞུས་ཡོད་སྐོར་གསུངས་ཡོད་པ་རེད། http://www.youtube.com/watch?v=8JUq2hC8Imo

རྒྱ་གཞུང་གིས་ལོ་ངོ་ ༦༠ རིང་བོད་བཙན་འཛུལ་བྱས་ཡོད་ཀྱང་དོན་འབྲས་ཅི་ཡང་སོན་མེད་པ་ཤེས་དགོས།

ཁ་སྔོན་རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་ Strategic News International ཞེས་པའི་གསར་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བོད་རྒྱ་གཉིས་ཀྱི་གནད་དོན་དང་༸སྐུའི་ཡང་སྲིད། ༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་གནད་དོན་འདྲ་མིན་ཐོག་བཀའ་འདྲི་ཞུས་པའི་སྐར་མ་ ༡༧༌༥༦ ཡོད་པའི་གླེང་མོལ་གྱི་ལས་རིམ་རྒྱང་བསྲིངས་ཞུས་འདུག་པ་དང་། དེའི་ནང་སྲིད་སྐྱོང་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པས་ལོ་ངོ་ ༦༠ རིང་བོད་བཙན་བཟུང་བྱས་ཡོད་་ཀྱང་ད་བར་དོན་ཕན་ལྡན་པའི་གྲུབ་འབྲས་ཅི་ཡང་སོན་མེད་པ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནས་ཤེས་དགོས་པ་གསུངས་འདུག གསར་ཁང་གི་རྩོམ་སྒྲིག་པ་གཞོན་པ་ Parul Chandra ལགས་ཀྱིས་ཞི་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་ནཱ་རེནྡྲ་མོ་དཱི་མཆོག་གི་ནང་མོལ་མཇལ་འཕྲད་གཉིས་པ་དང་འབྲེལ། གལ་ཏེ་སྲིད་སྐྱོང་མཆོག་ལ་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་རྒྱུ་བྱུང་ཚེ་བོད་དོན་གྱི་གནད་དོན་གང་གླེང་འཆར་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་བོད་བཙན་འཛུལ་བྱས་ནས་ད་བར་མི་ལོ་ ༦༠ འགྲོ་བཞིན་པ་དང་མི་ལོ་ ༦༠ འི་དྲག་གནོན་འོག་རྒྱ་གཞུང་གིས་བོད་མིའི་གཞི་རྩའི་རང་དབང་ལ་དམ་དྲག་དང་དགོན་པ་གཏོར་བཤིག ཉེ་ལམ་ཡ་ཆེན་སྒར་གྱི་བཙུན་མ་རྣམས་ཕྱིར་འབུད་ཀྱིས་དགོན་པ་ཕྱེད་ཀ་ལྷག་རྩ་མེད་བཟོས་པ། དེ་བཞིན་བོད་མི་ནས་རྒྱ་གཞུང་ལ་ངོ་རྒོལ་ཁྲོད་བོད་མི་ ༡༥༠ ལྷག་ནས་རང་ལུས་མེར་བསྲེགས་གནང་ཡོད་སྟབས་ཞི་ཅིན་ཕིང་ནས་བོད་ཀྱི་གནས་སྟངས་ལ་བལྟ་ནས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འོག་ད་བར་དོན་ཕན་ལྡན་པའི་གྲུབ་འབྲས་ཅི་ཡང་སོན་མེད་པ་ཤེས་དགོས་པ་དང་ཆབས་ཅིག་ཏུ་ཕྱོགས་གཉིས་ཀྱི་དཀའ་རྙོག་ཞི་བདེ་ལྷིང་འཇགས་ངང་སེལ་བར་གྲོས་མོལ་གནང་དགོས་པའི་ལན་འདེབས་གནང་འདུག དེ་བཞིན་ Parul Chandra ལགས་ཀྱིས་བོད་རྒྱ་གཉིས་ཀྱི་དབར་ད་བར་གྲོས་མོལ་མ་བྱུང་ནས་ལོ་ངོ་བཅུ་ཕྲག་ཙམ་ཕྱིན་ཀྱང་དེ་འབྲེལ་གྲོས་མོལ་ཆད་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་པར་སྲིད་སྐྱོང་མཆོག་གིས་ང་ཚོའི་ངོས་ནས་དུས་རྟག་ཏུ་དེ་འབྲེལ་གྲོས་མོལ་སླད་གྲ་སྒྲིག་ཡོད་པ་དང་རྒྱ་གཞུང་ནས་དེར་བཟང་ཕྱོགས་ཀྱི་ལན་གནང་དགོས་སྐོར་གསུངས་འདུག ༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐག་གཅོད་དེ་༸མགོན་པོ་མཆོག་ལ་ཡོད་པ་མ་གཏོགས་རྒྱ་གཞུང་ལ་མེད་པ་མ་ཟད་༸སྐུའི་ཡང་སྲིད་བདམས་ཐོན་གྱི་ལམ་ལུགས་དེ་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ཡིན་སྟབས་རྒྱ་གཞུང་ལ་དེའི་ཐོག་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་སྐོར་གསུངས་པ་དང་། པཱ་རུལ་ལགས་ཀྱིས་གལ་ཏེ་སླད་མར་རྒྱ་གཞུང་ནས་ངོས་འཛིན་བྱས་པ་དང་རང་དབང་ལུང་པར་ཡོད་པའི་༸གོང་ས་མཆོག་གི་སྐུ་ཚབ་ནས་ངོས་འཛིན་བྱས་པ་བཅས་༸སྐུའི་ཡང་སྲིད་གཉིས་བྱུང་སྲིད་དམ་ཞེས་དྲིས་པར་རྒྱ་ནག་ནས་སླད་མར་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱས་ཀྱང་བོད་མི་ནས་དེར་དད་པ་དང་ཡིད་ཆེས་གནང་གི་མ་རེད་ཅེས་ནན་པོ་གསུངས་འདུག སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་གནད་དོན་གཙོ་གྲས་ཤིག་ཆགས་ཀྱི་ཡོད་སྐོར་དང་དེ་སྔ་ལོ་རྒྱུས་ནང་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཐད་རྩོད་རྙོག་མེད་པ་དང་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཞི་བདེ་ལྷིང་འཇགས་ངང་གནས་ཡོད་པ་ལྟར་རྒྱ་གར་ནས་བོད་ཀྱི་གནད་དོན་གཙོ་བོར་ངོས་བཞེས་ཀྱིས་ཞི་བའི་སྒོ་ནས་སེལ་དགོས་གལ་ཞིག་ལ་གཟིགས་སྐོར་གསུངས་འདུག གཞི་རྩའི་སྲིད་སྐྱོང་མཆོག་ད་ཆ་ཡོ་རོབ་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་བསྟུན་ཁ་སང་ཅེཀ་སྤྱི་འཐུན་རྒྱལ་ཁབ་ནང་ཕེབས་འབྱོར་བྱུང་ཡོད། ཁ་སང་ཕྱི་དྲོ་པྲག་ནང་ཕྱི་ལོ་ ༢༠༠༠ ཐམ་པའི་གླེང་སྟེགས་ཐེངས་ ༢༣ པའི་ the 23rd Forum 2000 དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་དང་དབུ་འབྱེད་མཛད་སྒོའི་ཐོག་པྲག་གི་གྲོང་ཁྱེར་སྤྱི་ཁྱབ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Zdenek Hrib ལགས་དང་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་དང་། ཡེ་མི་ནི་གསར་འགོད་པ།  སྲིད་དོན་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྕམ་ Tawakkol Karman ལགས། དེ་བཞིན་ཅེཀ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Vaclav Havel མཆོག་གི་གཅུང་པོ་སྐུ་ཞབས་ Ivan Havel ལགས་དང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ Dr Szu-chien Hsu  ལགས།  སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སོགས་མི་སྣ་ ༣༠༠ ལྷག་ནས་མཉམ་ཞུགས་གནང་འདུག   པྲག་ནང་ཉིན་གྲངས་ ༣ རིང་གི་མཛད་འཆར་དེའི་ཁྲོད་སྲིད་སྐྱོང་མཆོག་ནས་དེ་རིང་ཕྱི་དྲོར་ Responsibility as the Ultimate Measure of Human Action ཞེས་པའི་བརྗོད་གཞི་བརྒྱུད་སྐུ་ཞབས་ Vaclav Havel ལགས་ཀྱི་འགྲོ་བ་མིའི་འོས་འགན་ཐོག་དགོངས་འཆར་དང་དེ་དེང་རབས་འཛམ་གླིང་དང་འབྲེལ་བ་སྐོར་གོ་བསྡུར་གནང་ཡོད་པ་རེད། མཛད་འཆར་ལྟར་ན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་གཞུང་འབྲེལ་སྒོ་ནས་སྲིད་སྐྱོང་མཆོག་ལ་སྣེ་ལེན་ཞུ་རྒྱུ་དང་གསར་འགོད་པ་དང་མི་སྣ་སོགས་མཇལ་འཕྲད་གནང་རྒྱུ། པྲག་གི་འཚམས་གཟིགས་གྲུབ་མཚམས་སུ་སྲིད་སྐྱོང་མཆོག་བྷེལ་འཇམ་དང་འཇར་མ་ནི། ཕ་རན་སི་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད།

རྒྱ་དཀར་ནག་གི་འགོ་ཁྲིད་གཉིས་ནས་བོད་ཀྱི་གནད་དོན་ཐོག་བཀའ་མོལ་གནང་རྒྱུར་རེ་སྐུལ།

དེ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལྷོ་ཕྱོགས་ Tamil Nadu མངའ་སྡེའི་ Mamallapuram གྲོང་ཁྱེར་དུ་འབྱོར་ཡོད་པ་དང་ཕྱི་ཚེས་ ༡༣ བར་ཁུལ་དེར་རྒྱ་གར་གྱི་སྲིད་བློན་ Narender Modi མཆོག་དང་ལྷན་དུ་ནང་མོལ་ཚོགས་འདུ་ཐེངས་གཉིས་པ་དེ་གནང་གི་ཡོད་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་དཀར་ནག་གཉིས་ཞི་བདེེ་ལྷིང་འཇགས་དང་མཛའ་འབྲེལ་བྱུང་ཐུབ་ཚེ་བོད་ཀྱི་གནད་དོན་སེལ་བར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་དང་འབྲེལ། བོད་མིའི་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་ཞི་བའི་འཐབ་རྩོད་གནང་བཞིན་པ་ལྟར་རྒྱ་དཀར་ནག་ཉིས་ཀྱི་འགོ་ཁྲིད་ནས་ཐེངས་འདིའི་མཇལ་འཕྲད་ཁྲོད་བོད་ཀྱི་གནད་དོན་སེལ་བར་བཀའ་མོལ་གནང་རྒྱུའི་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད་པ་གསུངས་སོང་། རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུར་དམིགས་ཏེ་སྔ་ལོ་ཐེངས་དང་པོ་རྒྱ་ནག་གི་ Wuhan གྲོང་ཁྱེར་ནང་དང། ད་རེས་ཐེངས་གཉིས་པ་རྒྱ་གར་གྱི་ Mamallapuram གྲོང་ཁྱེར་དུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབུ་ཁྲིད་ནང་མོལ་མཇལ་འཕྲད་གནང་གི་ཡོད་པ་དང་འབྲེལ་ནས་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཀའ་འདྲི་ཞུས་པར་སྤྱིར་བོད་མིའི་སྒྲིག་འཛུགས་ངོས་ནས་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་འཕྲད་དེར་དགའ་བསུ་ཞུ་བཞིན་ཡོད་པ་དང། རྒྱ་དཀར་ནག་གཉིས་དབར་ཞི་བདེ་ལྷིང་འཇགས་དང་མཛའ་འབྲེལ་ཡོང་ཐུབ་ཚེ་བོད་ཀྱི་གནད་དོན་སེལ་བར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྟབས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་སེལ་རྒྱུར་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་སོང་། ད་རེས་ཕན་ཚུན་དབར་རྩོད་རྙོག་རིགས་མང་དག་ཅིག་ཡོད་པ་དེ་ལྟར་ཡང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུར་དམིགས་ཏེ་རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་མཇལ་འཕྲད་འདིའི་ཐོག་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་གཙོས་པའི་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་ཆེན་པོ་བྱེད་བཞིན་པའི་ཁྲོད་བཙན་བྱོལ་བོད་མི་རྣམས་ནས་ཀྱང་དོ་སྣང་ཆེན་པོ་དང་བཅས་ཁག་ཅིག་གིས་ད་བར་ཕྱོགས་གཉིས་ཀྱི་འབྲེལ་ལམ་མང་པོ་བྱུང་ཟིན་པའི་ཐོག་བོད་ཀྱི་གནད་དོན་ལ་དོན་ཕན་ལྡན་པའི་གླེང་སློང་གང་ཡང་གནང་མེད་སྟབས་རེ་བ་དེ་ཙམ་མེད་སྐོར་གསུངས་པ་དང་ཡང་ལ་ལས་བོད་དོན་གླེང་སློང་གནང་རྒྱུར་རེ་བ་ཆེན་པོ་གནང་བཞིན་འདུག རྩ་བའི་ད་རེས་ Mamallapuram ནང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་མཇལ་འཕྲད་དང་འབྲེལ་ཞི་ཅིན་ཕིང་ཁུལ་དེར་མ་འབྱོར་བའི་སྔོན་ཚུད་ནས་ཁ་སང་བར་བསྟན་འཛིན་བརྩོ་འགྲུས་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་ངེས་བསྟོན་པ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གཙོས་པའི་བོད་མི་ལས་འགུལ་བ་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༦ ཙམ་མངའ་སྡེའི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད་དེ་རིང་མུ་མཐུད་དེ་འབྲེལ་གནས་ཚུལ་འཐོན་བཞིན་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་གར་རྒྱལ་ཁབ་འདི་ནི་མང་གཙོ་དང་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས་ཞི་བའི་ལས་འགུལ་སྤེལ་མཁན་བོད་མིའི་ཐོག་གནང་བའི་བྱ་སྤྱོད་དེར་བློ་འཚབ་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་སོང་།

ཕྱི་ལོ་ ༢༠༡༩ ལོའི་བོད་དོན་ཁྲིམས་འཆར་གང་མགྱོགས་གཏན་འབེབས་ཡོང་བའི་ཞུ་སྐུལ།

ཉེ་དུས་ཨ་རིའི་གྲོས་ཚོགས་ནང་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་ཁྲིམས་འཆར་ཞེས་པ་ཞིག་ངོ་སྤྲོད་གནང་བར་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་དགའ་བསུའི་འཚམས་འདྲི་གནང་བ་དང་འབྲེལ་ཏེ་ཁྲིམས་འཆར་དེ་གང་མགྱོགས་གཏན་འབེབས་ཡོང་བའི་ཞུ་སྐུལ་གནང་འདུག ཁ་སང་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Gary Bauer ལགས་ཀྱིས་རྒྱ་ནག་ནང་གི་མང་ཚོགས་ལ་རང་ཉིད་ཀྱི་ཆོས་ཕྱོགས་དབུ་ཁྲིད་བདམ་རྒྱུའི་ཐོབ་ཐང་མེད་སྟབས། ད་རེས་ཀྱི་ཁྲིམས་འདི་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་བདམ་རྒྱུའི་འགན་དབང་དེ་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྣམས་ལ་ཡོད་པར་ཨ་རིའི་གཞུང་ནས་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཤུགས་ཆེ་ཞིག་སྤྲོད་བཞིན་ཡོད་པ་མངོན་གསལ་གནང་གི་ཡོད་པ་མ་ཟད། རྒྱ་གཞུང་གིས་༸སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་བྱ་ཚེ་དེས་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཆགས་ཀྱི་ཡོད་ཅེས་ནན་བརྗོད་གནང་འདུག ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་ཡོད་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Rubio ལགས་དང་ Mcgovern ལགས་སོགས་ཆབ་སྲིད་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་ངོ་སྤྲོད་གནང་བར་དགའ་བསུའི་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག ད་རེས་བཞུགས་སྒར་དུ་ཚོགས་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཐོག་ནས་༸གོང་ས་༸སྐུ་ཕྲེང་རིམ་བྱོན་ངེས་ཕེབས་ཡོང་བའི་གསོལ་འདེབས་ཞུས་པ་དང་མགོན་པོ་༸གང་ཉིད་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་སྤྱི་སྒེར་སུས་ཀྱང་ཐེ་བྱུས་བྱ་དབང་མེད་སྐོར་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནང་བ་ལའང་དགའ་བསུ་ཞུས་འདུག ལྷག་དོན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ད་ཆ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཙམ་མིན་པར་རྒྱ་ནག་རྒྱལ་ནང་དུ་ཡོད་པའི་ཡུ་གུར་ཁ་ཆེ་དང་ཡི་ཤུ་པ། དེ་བཞིན་ཧྥ་ལུང་གྷོང་ཆོས་བརྒྱུད་ཉམས་ལེན་དང་སྤྱི་ཚོགས་གཞན་རྣམས་ཀྱི་ཐོག་ལའང་མུ་མཐུད་ཆོས་དད་རང་དབང་རྡོག་རོལ་གྱིས་དམ་དྲག་སྔར་ལས་ཤུགས་ཆེ་རུ་བྱེད་བཞིན་པ་སོགས་ནི་དམིགས་བསལ་བློ་འཚབ་གནང་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་འདུག ལྷན་ཚོགས་དེའི་ངོས་ནས་ཨ་རིའི་གཞུང་གི་དཔལ་འབྱོར་ལྷན་ཁང་གིས་གཟའ་འཁོར་འདིའི་ནང་རྒྱ་ནག་གི་བཟོ་ཚོང་ཁང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༨ ལ་ཨ་རིའི་བཟོ་ལས་ཀྱི་གྲུབ་ཆ་ཁག་གཅིག་འོར་འདྲེན་བྱ་རྒྱུར་བཀག་སྡོམ་བྱས་པའི་ཐག་གཅོད་དང་དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཤིན་ཅང་ནང་ལ་དབང་ཆ་ལོག་པར་སྤྱོད་མཁན་གྱི་རྒྱ་རིགས་གཞུང་འབྲེལ་མི་སྣ་ཁག་གཅིག་ལ་ཨ་རི་ནང་སྐྱོད་རྒྱུར་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་བཅས་ལ་བསྔགས་བརྗོད་ཡོད་ཅེས་ཚོར་ཤུགས་ཆེན་པོས་གསུངས་འདུག གཞི་རྩའི་ Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དེ་ཟླ་བ་སྔོན་མའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་ཆེད་འདོན་གནང་སྟེ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ཁྲིམས་ལུགས་ཚོགས་ཆུང་གཉིས་སུ་ཁྲིམས་འཆར་དེའི་དོན་ཚན་ཁག་གི་ཐོག་གྲོས་བསྡུར་དང་དཔྱད་ཞིབ་གནང་མུས་ཡིན་པ་རེད་། གལ་རེ་ཁྲིམས་འཆར་དེ་གཏན་འབེབས་ཐུབ་པ་ཡིན་ན་མ་འོངས་པར་༸གོང་ས་མཆོག་གི་ཡང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་མཁན་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ཨ་རིར་བཀག་སྡོམ་གྱིས་དམ་དྲག་བྱ་རྒྱུ་སོགས་ཀྱི་འཆར་གཞི་ཡོད་པ་དང་བོད་ཀྱི་རྒྱལ་ས་ལྷ་སར་ཨ་མི་རི་ཀའི་གཞུང་ཆབ་ཁང་ཞིག་ཆེད་འཛུགས་གནང་དགོས་པ་སོགས་ཀྱི་གནད་དོན་ཚུལ་ཡོད་པ་རེད། ཨ་རིའི་བོད་དོན་ཁྲིམས་འཆར་གསར་པའི་ནང་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་དང་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པ། ཨ་རི་གཞུང་ནས་བོད་མིར་རོགས་སྐྱོར་མུ་མཐུད་གནང་དགོས་པ་སོགས་དོན་ཚན་ཆེ་ཁག་ལྔ་ཙམ་འཁོད་ཡོད་པ་དང་། ཉེ་ཆར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་དེ་འབྲེལ་ཁྲིམས་འཆར་གྱི་དོན་ཚན་ཁག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསེང་ཞུས་ཡོད་པ་རེད།

Latest news