Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཉོན་མོངས་ལས་གྲོལ་བར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དགོས་བར་བཀའ་སྩལ་བ།

ཁ་སང་ཕྱི་ཚེས་༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་ཏེ། དད་ལྡན་ཆོས་ཞུ་བ་རྣམས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་བཀའ་དྲིན་ཆེ་བ་སྩལ་ཏེ་ཉིན་གཉིས་ཀྱི་གསུང་ཆོས་མཇུག་སྒྲིལ་གནང་སོང་།ཁ་སང་གི་གསུང་ཆོས་ཀྱི་ཉིན་མཐའ་མར། མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུ་བ་རྣམས་ཀྱིས་རང་རྒྱུད་ཀྱི་ཉོན་མོངས་དུག་གསུམ་གྱི་སྐོར་ལ་སློབ་སྦྱོང་བྱས་ཏེ་ངོ་འཕྲོད་པ་བྱེད་དགོས་བའི་སྐོར་ནས་བཀའ་སྩལ་ཏེ། ཉོན་མོངས་ཀྱི་རིགས་སེལ་བར་ཤེས་རབ་ཀྱི་སྣང་བས་སེལ་དགོས་བ་མ་གཏོགས་སྨོན་ལམ་བཏབ་ནས་སེལ་ཐབས་བྲལ་བ་ཞིག་ཡིན་པའི་ལན་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།དེ་བཞིན་མགོན་པོ་གང་གིས་འཇིག་རྟེན་ཆོས་ཐམས་ཀྱི་རང་བཞིན་ཤེས་ཐབས་སུ་རང་གི་རྣམ་དཔྱོད་བེད་སྤྱོད་གནང་ནས་བརྟག་དཔྱད་གནང་དགོས་བ་གལ་ཆེན་པོ་ཡིན་པར་བཀའ་སྩལ་ཏེ། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཁོང་གི་གསུང་ཡིན་པ་གཞིར་བཞག་གིས་ཁས་འཆེ་བ་མ་ཡིན་པར། ཆོས་ཐམས་ཅད་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ཐོག་ནས་ཐག་གཅོད་གནང་དགོས་བར་ལུང་དུ་བསྟན་ཡོད་ལུགས་བཀའ་གནང་སྟེ། འགྲོ་བ་མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བའི་ཆ་ཞིག་ཡོད་པ་ནི་ཤེས་རབ་བཀྲ་བ་དེ་ཡིན་པར་བཀའ་སྩལ་སོང་།གསུང་ཆོས་གྲུབ་མཚམས་སུ། དད་ལྡན་ཆོས་ཞུ་བ་ཞིག་གིས་དྲ་ཐོག་ནས་གསུང་ཆོས་ཞུ་བ་དེས་སྲོལ་རྒྱུན་གྱི་བླ་སློབ་ཀྱི་འབྲེལ་བའམ། བླ་མ་བསྟུན་ཚུལ་ལ་བར་ཆད་དུ་འགྲོ་མིན་གྱི་ཐད་ནས་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བདག་ཅག་གི་སྟོན་པ་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་སུ་རང་ཅག་སུ་ཡང་ཁོང་ལ་དངོས་སུ་མཇལ་མེད་པ་ལྟར། རྒྱན་དྲུག་མཆོག་གཉིས་སོགས་ཀྱང་དེ་བཞིན་ཡིན་ནའང་། གཙོ་བོ་ཁོང་ཅག་གི་དགོངས་པ་དེ་དཔེ་ཆར་གསལ་བ་ཡིན་ཙང་དེར་བསླབ་པ་སློབ་གཉེར་གནང་གི་ཡོད་པའི་ལམ་སྟོན་དང་འབྲེལ་ནས། དྲ་ལམ་ནས་གསུང་ཆོས་ཞུ་བ་དེ་བླ་མ་བསྟེན་ཚུལ་ལ་དམིགས་བསལ་སྐྱོན་ཏུ་མི་འགྲོ་བར་བཀའ་ལམ་སྩལ་སོང་།གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་མི་སྐྱ་ཕོ་མོ་ཚོས་ཕན་ཚུན་ལ་བརྩེ་ཞེན་བྱེད་བཞིན་པ་དེ་ནི་ཉིན་རྒྱུན་གྱི་འཚོ་བའི་ཆ་ཤས་ཤིག་ཡིན་སྟབས།  འདུ་འཛོམས་ཀྱི་བདེ་སྐྱིད་དེར་རོལ་བ་ལས་དེ་འགྱུར་བའི་སྡུག་བསྔལ་ཡིན་མིན་སོགས་ལ་རྩད་གཅོད་དམིགས་བསལ་གནང་དགོས་དོན་མེད་པར་བཀའ་སྩལ་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་མཁན་ཞིག་ཡིན་ན་ཆོས་གཞུང་གི་སྡུག་བསྔལ་གྱི་རྣམ་གཞག་དེར་སློབ་སྦྱོང་བྱེད་དགོས་བ་ཞིག་ཡིན་པ་ལས། མི་སྐྱ་ཕོ་མོས་རང་གི་འཚོ་བ་དང་འབྲེལ་བའི་ཐོག་ནས་ལྷན་འཛོམས་ཀྱི་བདེ་སྐྱིད་དེ་འགྱུར་བའི་སྡུག་བསྔལ་ཡིན་མིན་ལ་འཚོལ་ཞིབ་བྱེད་དགོས་བ་ཞིག་མིན་པའི་བཀལ་ལན་བཀའ་དྲིན་ཆེ་བ་སྩལ་སོང་།ཆོས་ཞུ་བ་གཞན་ཞིག་གིས་བླ་མ་བསྟེན་ཕྱོགས་དང་འབྲེལ་ནས་བཀའ་འདྲི་ཞུས་པར་མགོན་པོ་གང་གིས་བླ་མ་ཚད་ལྡན་ཞིག་ཡིན་ན་ནང་པའི་གཞུང་ཆེན་ཁག་གཞིར་བཞག་གིས་བཀའ་གནང་གི་ཡོད་པར་བཀའ་སྩལ་ཏེ། བླ་མ་སུ་ཞིག་གིས་བཀའ་གནང་བ་དེ་ཆོས་གཞུང་དང་འགལ་བ་ཞིག་ཡིན་ན་བླ་མའི་བཀའ་ཡིན་པར་མཁྲེགས་འཛིན་བྱེད་རྒྱུ་མེད་པར། བླ་མའི་བཀའ་ཡིན་ཡང་དོར་ཏེ་ཆོས་གཞུང་ལ་ཁུངས་གཏུགས་བྱེད་དགོས་བ་གལ་ཆེན་པོ་ཡིན་པར་བརྟེན། ཆོས་ཞུ་བ་རང་ངོས་ནས་གནད་དོན་དེར་དབྱེ་ཞིབ་བྱེད་རྒྱུ་གལ་ཆེན་པར་བཀའ་གནང་སྟེ་དེ་རིང་གི་གསུངས་ཆོས་མཇག་སྒྲིལ་སོང་།

སྦེལ་ལྗམ་གནས་སྡོད་བོད་མི་ཚོས་ལག་དེབ་ལྗང་ཁུའི་ཉིན་མོ་སྲུང་བརྩི་ཞུས་པ།

སྦེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་དང་ས་གནས་སུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་གི་མཐུར་འགྱུར་ལམ་སྟོན་འོག་ཟླ་བའི་འདིའི་ཕྱི་ཚེས་ ༩ དང་ ༡༠ བཅས་ཉིན་གཉིས་རིང་གྲོང་ཁྱེར་ Antwerpen ནང་དུ་ལག་དེབ་ལྗང་ཁུའི་ཉིན་མོ་ཞེས་དམིགས་བསལ་གྱི་བྱེད་སྒོ་ཞིག་སྤེལ་འདུག་ཅིང། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་ས་གནས་སུ་གནས་སྡོད་བྱེད་བཞིན་པའི་བོད་མི་ཚོར་བཙན་འབྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས། མིང་སྒྱུར། དེ་བཞིན་དུས་འགྱངས་གནང་རྒྱུ་སོགས་སྟབས་བདེའི་ཞབས་ཞུ་བསྐྲུན་རྒྱུ་མ་ཟད། ལྷག་པར་དུ་ས་གནས་བོད་མི་གང་མང་ནས་དང་བླངས་དཔྱ་དངུལ་གསར་བཟོ་ཐོ་འཁོད་གནང་རྒྱུའི་ཆེད་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་འདུགསྤྱིར་སྦེལ་ལྗམ་རྒྱལ་ཁབ་དེ་ཡོ་རོབ་ནང་སྐྱབས་བཅོལ་བོད་མི་གནས་སྡོད་མང་ཤོས་གྲས་ཀྱི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་པ་དང། བོད་རིགས་ཚོགས་པའི་གཙོ་དཔལ་ལྡན་ཚེ་རིང་ལགས་ཀྱིས་ད་ལྟའི་ཆར་སྦེལ་ལྗམ་ནང་བོད་མི་ ༦༠༠༠ ལྷག་ཡོད་པར་ཚོད་དཔག་གནང་བཞིན་པའི་ཁྲོད་དང་བླངས་དཔྱ་དངུལ་ལག་དེབ་ཡོད་མཁན་ ༢༠༠༠ ལྷག་ལས་མེད་སྟབས། མང་ཆེ་བ་དང་བླངས་དཔྱ་དངུལ་ལག་དེབ་མེད་མཁན་ཆགས་ཀྱི་འདུག དཀའ་ངལ་དེ་སེལ་ཐབས་སུ་སྦེལ་ལྗམ་བོད་རིགས་ཚོགས་པའི་སྐབས་དགུ་པའི་ལས་ཐོག་རྒྱུན་ལས་ཚང་འཛོམས་ཀྱིས་གྲོས་བསྡུར་རིམ་པ་གནང་སྟེ་ཡིག་ངག་གཉིས་ཐོག་ནས་སྦེལ་ལྗམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་དགོངས་སྐོར་ལམ་སྟོན་ཞུས་དོན་ལྟར་ཐེངས་འདིའི་ལག་དེབ་ལྗང་ཁུའི་ཉིན་མོ་ཞེས་པ་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།ཉིན་དེར་སྦེལ་ལྗམ་བོད་རིགས་ཚོགས་པའི་ངོས་ནས་ས་གནས་སུ་གནས་སྡོད་བོད་མི་ཚོས་ཉིན་དེར་དགའ་མོས་ཐོག་ནས་གང་མང་འདུ་འཛོམས་ཡོང་བའི་ཆེད་གྲོང་ཁྱེར་གྱི་སྤྱི་གླིང་ནང་དུ་གུར་དང་ཉི་གདུགས་ཕུབ་ནས་ཉེ་འཁོར་ཟས་རིགས་དང་འཐུང་ཆུང་ཉོ་ཚོང་ཁང་ཆེད་འཛུགས། ཐང་ཁྲོམ། ལྷག་པར་དུ་སྦེལ་ལྗམ་ཤེས་རབ་སྣང་བྱེད་སློབ་གྲྭའི་དགེ་སློབ་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ། སྒོར་གཞས་མཚན་ཚོགས་སོགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་དེ་སྤྱི་གླིང་ཁྱོན་ཡོངས་ཀྱི་ཁོར་ཡུག་དེ་ཚོང་འདུས་ཀྱི་རྣམ་པ་ཞིག་བསྐྲུན་འདུགསྐབས་དེར་སྦེལ་ལྗམ་ཤེས་རབ་སྣང་བྱེད་སློབ་གྲཱའི་འགན་འཛིན་བློ་བཟང་དབང་པོ་ལགས་ཀྱིས་ལས་རིམ་དེ་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོར་མིག་དཔེ་བཟང་པོ་ཞིག་ཆགས་ཡོད་པར་གསུངས་ཡོད།ལག་དེབ་ལྗང་ཁུའི་ཉིན་མོ་དེ་ཚེས་ ༩ ཉིན་འཁྱོངས་རིང་གཉེར་ཡོད་ཀྱང། སྐབས་དེར་ས་གནས་བོད་མི་ཧ་ཅང་མང་པོ་མཉམ་ཞུགས་གནང་བར་བརྟེན། དཔྱ་དངུལ་ལག་དེབ་གསར་བཟོ་ཐོ་འཁོད་དང། དུས་འགྱངས་སོགས་ཀྱི་ལས་རིམ་འཕར་འགྱངས་གནང་དགོས་བྱུང་ཡོད།ཁོང་རྣམས་ནས་ལས་རིམ་དེ་ད་ལན་གྲོང་ཁྱེར་ Antwerpen ནང་སྤེལ་བ་ཙམ་མ་ཟད་སྦེལ་ཁུལ་དུ་གནས་སྡོད་བོད་མི་མང་བ་གནས་ཡུལ་ས་ཁུལ་གཞན་ཁག་ཏུའང་ཆེད་བསྐྱོད་ཀྱིས་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།

འཕྲོད་བསྟེན་ལས་ཁུངས་ཀྱིས་སེམས་ཁམས་རྒྱང་བཅོས་ཀྱི་ལས་གཞི་དབུ་འཛུགས།

ཁ་སང་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་མོ་དེ་རྒྱལ་སྤྱིའི་སེམས་ཁམས་འཕྲོད་བསྟེན་གྱི་ཉིན་མོ་ཡིན་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ ( IMPACT-T) Improving Access through Telepsychiatry ཞེས་སེམས་ཁམས་རྒྱང་བཅོས་ཀྱི་ལས་གཞི་ཞིག་དབུ་འཛུགས་གནང་ཡོད། ལས་གཞི་གྱི་དམིགས་ཡུལ་ནི་སེམས་ཁམས་སྨན་པའི་མཐུན་འགྱུར་དང་སེམས་ཁམས་དཀའ་ངལ་བཅོས་ཐབས་སུ་སྨན་བཅོས་ཁོ་ན་མིན་པར་སེམས་ཁམས་སློབ་གསོའི་བཅོས་ཐབས་མཐུན་འགྱུར། སེམས་ཁམས་སྨན་པར་ཡང་ཡང་བསྟེན་གཏུགས་ཀྱིས་མཇུག་སྐྱོང་སྨན་བཅོས་ཀྱི་མཐུན་འགྱུར་དང་། ལས་གཞི་འདི་བརྒྱུད་མ་འོངས་པར་སེམས་ཁམས་རྒྱང་བཅོས་ལག་བསྟར་ཐུབ་མིན་དང་མང་ཚོགས་ནས་ཁས་ལེན་ཐུབ་མིན་སོགས་ཀྱི་གནད་དོན་ལ་རྟོག་ཞིབ་བྱ་རྒྱུ། སེམས་ཁམས་དཀའ་ངལ་ཡོད་པའི་ནད་པ་ཚོར་སྨན་བཅོས་ཀྱི་གོ་སྐབས་འདང་ངེས་ཐོབ་ཀྱི་མེད་པར་བརྟེན་ལས་གཞི་འདིའི་ཐོག་ནས་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་ཡིན་པ་རེད།ཉིན་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྲ་ལམ་བརྒྱུད་ནས་དེ་རིང་རྒྱལ་སྤྱིའི་སེམས་ཁམས་འཕྲོད་བསྟེན་གྱི་ཉིན་མོ་ཡིན་པས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་པའི་སྤྱི་ཚོགས་ནང་སེམས་ཁམས་འཕྲོད་བསྟེན་གྱི་སྐུ་ངལ་འཕྲད་པ་རྣམས་ཀྱི་ཆེད་དུ་རྒྱང་བཅོས་ཀྱི་ལས་གཞི་དེ་དབུ་འཛུགས་གནང་ཡོད་པ་དང་། ལས་གཞི་འདིའི་ཐོག་ནས་སེམས་ཁམས་དང་འབྲེལ་བའི་སྐུ་ངལ་ཡོད་པ་ཚོར་ཐུགས་ཕན་གསོས་པའི་རེ་བ་ཡོད་ཅེས་གསུངས་པ་དང་ཆབས་ཅིག བོད་པའི་སྤྱི་ཚོགས་ནང་སེམས་ཁམས་དང་རིག་འཚོ་མ་ཟིན་པ་ཁྱོན་ ༣༠༠ ཡས་མས་ཤིག་ཆགས་ཀྱི་ཡོད་པར་མ་ཟད་སྤྱིར་ལུས་ཀྱི་འཕྲོད་བསྟེན་ལེགས་པོ་ཞིག་དགོས་པར་སེམས་ཁམས་ཀྱི་འཕྲོད་བསྟེན་དེ་ལེགས་པོ་ཞིག་དགོས་གལ་ཡིན་པ་གསུངས་ཡོད།གཞི་རྩའི་སེམས་ཁམས་རྒྱང་བཅོས་ཀྱི་ལས་གཞི་དེ་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་གྱི་མངའ་སྡེ་གྷོ་ཝ་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་སེམས་ཁམས་འཕྲོད་བསྟེན་གྱི་ཚོགས་པ་ Sangath དང་ཟུང་འབྲེལ་གནང་བ་ཞིག་ཆགས་ཀྱི་འདུག་ཅིང་། འདི་ལོ་རྒྱལ་སྤྱིའི་སེམས་ཁམས་འཕྲོད་བསྟེན་གྱི་ཉིན་མོའི་བརྗོད་གཞི་ནི་ཏོག་དབྱིབས་གཉན་རིམས་བཅུ་དགུ་ཁྱབ་གདལ་འགྲོ་བཞིན་པའི་དུས་སྐབས་ཁྲོད་ལུས་སེམས་བདེ་ཐབས་གོང་མཐོར་ཞེས་པ་དེ་ཡིན་པ་རེད། སེམས་ཁམས་འཕྲོད་བསྟེན་གྱི་ཉིན་མོར་འཕྲོད་བསྟེན་ལས་ཁུངས་ནས་སེམས་ཁམས་རྒྱང་བཅོས་ཀྱི་ལས་གཞི་དང་ལྷན་དྲ་ཐོག་བརྒྱུད་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ཆེད་ལས་པའི་གསུང་བཤད་གོ་སྒྲིག་གནང་འདུག་ལ། དེ་བཞིན་བོད་མིའི་འདུས་སྡོད་ས་གནས་ཁག་ཅིག་ཏུ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་གོ་རྟོགས་ཀྱི་ལས་གཞི་སོགས་སྤེལ་ཡོད་པ་རེད། གསར་འགོད་པས་ལས་གཞི་དེའི་སྐོར་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་ཚེ་རིང་གཡང་སྒྲོལ་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་ཡོད།

ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བར་ཉིན་གཉིས་ཀྱི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་དབུ་འཛུགས།

དེ་རིང་སྔ་དྲོ་ཕྱག་ཚོད་དགུ་བའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཉིན་གཉིས་ཀྱི་གསུང་ཆོས་དབུ་འཛུགས་གནང་སྟེ། དད་ལྡད་ཆོས་ཞུ་བ་རྣམས་ཀྱི་བཀའ་འདྲི་ཁག་ཅིག་ལ་བཀའ་ལན་བཀའ་དྲིན་ཆེ་བ་སྩལ་སོང་།དེ་རིང་གི་གསུང་ཆོས་ཀྱི་ཐོག་མར། མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་མཛད་པ་དང་འབྲེལ་ནས་ཆོས་གྲོགས་རྙིང་གྲས་ཁག་ཅིག་ལ་དྲ་ལམ་ནས་མཇལ་བར་ཐུགས་མཉེས་བོ་བྱུང་བར་བཀའ་སྩལ་ཏེ་རྟེན་འབྲེལ་བསྟོད་པ་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མཆོག་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་རྒྱ་གར་དུ་ཆོས་སྟོན་པར་ཕེབས་ཏེ་ལེགས་ཉེས་བླང་དོར་གྱི་ཆོས་ཀྱི་བསླབ་བྱ་གནང་བའི་གཙོ་བོ་དེ་རང་ཉིད་རང་གི་མགོན་ཡིན་པར་གསུངས་བ་བཞིན། བདེན་བཞིའི་རྣམ་བཞག་གི་ངོས་ནས་ཆོས་ཀྱི་དེ་ཉིད་བསྟན་ཡོད་པར་བཀའ་སྩལ་གནང་སོང་།དེ་བཞིན་སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བདེན་གཞིའི་རྣམ་གཞག་ལ་རྒྱས་བསྡུས་རན་པའི་དགོངས་འབྲེལ་མཛད་པའི་ཁྲོད་དུ། འགྲོ་བ་མི་ཡོངས་རྫོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པར་བཀའ་གནང་སྟེ། སྡུག་བསྔལ་ལས་གྲོལ་ཐབས་སུ་འགོག་བདེན་བསྟེན་དགོས་བ་ལས་སྨོན་ལམ་སྐྱོན་པ་ཙམ་གྱིས་ཕན་རླབས་འབྱུང་ཐབས་མེད་སྟབས། འགོག་བདེན་ནི་སྡུག་བསྔལ་འགོག་པར་བྱེད་པའི་ནང་པའི་ཆོས་ཀྱི་ཟབ་གནད་ཅིག་ཡིན་པར་ལམ་སྟོན་མཛད་སོང་། དེ་བཞིན་མགོན་པོ་གང་གིས་འཇིག་རྟེན་གྱི་ཆོས་ཐམས་ཅད་རྟེན་ནས་བཏགས་པའི་ཨ་འཐས་ཀྱི་འཛིན་པ་ལྟ་བུ་ཡིན་པར་ནང་པའི་གཞུང་དུ་འགྲེལ་བརྗོད་གནང་ཡོད་པ་དེ་ནི་དེང་རབས་ཚན་རིག་གི་ཁྲོད་ཀྱི་རྡུལ་ཕྲན་གྱི་རྣམ་གཞག་དང་ཆ་འདྲ་བ་ཞིག་ཡིན་པར་བཀའ་གནང་སྟེ། མགོན་པ་གང་གིས་དུས་རྒྱུན་ནས་ཞོགས་ལྟར་བྱང་ཆུབ་ཀྱི་སེམས་སྒོམ་རྗེས་རྟེན་འབྲེལ་བསྟོད་པ་ལྗགས་ཀློག་མཛད་བཞིན་ཡོད་པར་བཀའ་གནང་སོང་། དེ་རིང་གི་བཀའ་ཆོས་གྲུབ་མཚམས་སུ་དད་ལྡན་ཆོས་ཞུ་ཁག་ཅིག་གིས་མགོན་པོ་གང་ལ་བཀའ་འདྲི་དགོངས་སྐོར་ཞུས་པའི་ནང་དུ། རྗེ་རིན་པོ་ཆེས་སྟོང་པ་ཉིད་རྟོགས་རྗེས་སྟོང་ཉིད་ལ་བསྟོད་པ་མ་མཛད་པར་རྟེན་འབྲེལ་ལ་བསྟོད་པ་མཛད་དགོས་དོན་དང་གང་ཡིན་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས། སྟོང་པ་ཉིད་བདག་མེད་པ་ཟེར་བ་ནི་ནང་པའི་གྲུབ་མཐའ་སྨྲ་བ་ཡོངས་ཀྱིས་ཁས་འཆེ་བ་ཞིག་ཡིན་པར་ངོ་སྤྲོད་ཀྱིས། སྟོང་པ་ཉིད་ནི་རྟེན་འབྲེལ་གྱི་དོན་དག་ཕྲ་མོའི་ཐོག་ཡོང་གི་ཡོད་པར་བཀའ་སྟེ། སྟོང་པ་ཉིད་ཅེས་པ་ནི་སྤྱི་བཤད་ལྟ་བུ་ཞིག་ཡིན་སྟབས་དེ་ཉིད་མངོན་པར་རྟོགས་ཐབས་སུ་འཇིག་རྟེན་གྱི་ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་ཡིན་པར་ངོ་སྤྲོད་གནང་བ་ཞིག་ཡིན་པར་གསུངས་སོང་།གཞན་ཡང་དྲི་བ་ཞིག་གི་བཀའ་ལན་དུ་མགོན་པ་གང་ཉིད་མཆོག་གིས་བླ་སློབ་ཀྱི་འདུ་ཤེས་ཀྱི་ཐོག་ནས་སློབ་མ་རྣམས་ཀྱིས་དུས་རྒྱུན་ནས་བདག་གཞན་མཉམ་བརྗེ་ཡི་བྱང་ཆུབ་ཀྱི་སེམས་སྒོམ་པ། དེ་བཞིན་སྟོང་ཉིད་སྒོམ་པ་སོགས་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་གནང་སྟེ། སློབ་མ་རྣམས་ཀྱིས་དེ་དོན་ཉིན་རེའི་འཚོ་བའི་ནང་ལག་བསྟར་གནང་བ་ཡིན་ན་རྒྱལ་བ་རིན་པོ་ཆེ་ཡི་སློབ་མ་མིང་དོན་མཚུགས་བ་ཞིག་ཆགས་ཡོད་སྐོར་བཀའ་གནང་སྟེ་དེ་རིང་གི་གསུངས་ཆོས་མཇུག་སྒྲིལ་སོང་།

བདམས་ཐོན་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་ལས་ཁུར་དམ་འབུལ་ཞུས་སོང་།

དེ་རིང་ཕྱི་ཟླ་༡༠ ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་དུ་སྐབས་ ༡༧ ཕའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་ལས་ཁུར་གྱི་དམ་འབུལ་ཞུས་སོང་།དེ་ཡང་དམ་འབུལ་གྱི་མཛད་རིམ་དེའི་ཐོག་ཆེ་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དབུས་པའི་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག་དང་བསྟན་འཛིན་ལུང་རྟོགས་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ་སོགས་ལྷན་ཞུགས་གནང་འདུག་པ་དང་། སྐབས་དེར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པས་ཤིས་བརྗོད་གསུང་འདོན་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག་དང་བདམས་ཐོན་ཚོགས་གཙོ་ཚོགས་གཞོན་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མནྚ་རྟེན་གསུམ་འདེགས་འབུལ་གནང་གྲུབ་མཚམས་སུ་བདམས་ཐོན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་རྣམས་ནས་རེས་མོས་ཐོག་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་ལས་ཁུར་དམ་འབུལ་བཞེས་གནང་ཡོད། གཞི་རྩའི་དེ་རིང་སྔ་དྲོའི་དམ་འབུལ་གྱི་མཛད་རིམ་དབུ་འཛུགས་མ་གནང་པའི་གོང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་གནས་ཆུང་གྲྭ་ཚང་བཅས་སུ་མཆོད་མཇལ་དུ་ཕེབས་ཡོད་པ་དང་། དམ་འབུལ་གྱི་མཛད་རིམ་ཁག་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུས་པའི་སྲི་ཞུ་བ་རྣམས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་ཚོགས་གཞོན་མཆོག་རྣམ་གཉིས་ལ་རྟེན་འབྲེལ་མཇལ་དར་འབུས་བཞེས་སོགས་གནང་སོང་པ་མ་ཟད། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གསར་འགོད་པའི་བཅར་འདྲིའི་སྐབས། ད་ཆ་སྐབས་ ༡༧ པའི་གྲོས་ཚོགས་ཀྱི་ལས་དོན་དངོས་སུ་འགོ་འཛུགས་ཐུབ་པའི་གནས་སྟངས་ཆགས་ཡོད་སྟབས། ད་ལྟའི་ཆར་གཙོ་བོ་གྲོས་ཚོགས་ཀྱི་ཚོགས་དུས་དང་པོ་དེ་འཚོགས་ཏེ་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་བསྐོ་བཞག་གནང་རྒྱུ་དང་། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་གཏན་འབེབས་སོགས་ཀྱི་ལས་རིམ་བང་སྒྲིག་གནང་བཞིན་ཡོད་པར་གསུངས་ཡོད། ལྷག་པར་དུ་ཚོགས་གཙོ་མཆོག་ནས་བར་ལམ་གྱི་གྲོས་ཚོགས་དང་འབྲེལ་བའི་དཀའ་ངལ་དང་འབྲེལ། ད་ཆ་དཀའ་ངལ་དེ་དག་སེལ་ཟིན་སྟབས་གྲོས་ཚོགས་ཀྱི་ལས་དོན་ཁག་ཚགས་ཚུད་པོའི་ཐོག་ནས་འགྲོ་ངེས་ཡིན་པ་དང་། མང་ཚོགས་ངོས་ནས་ཀྱང་དེ་ལྟར་རེ་བ་དང་ཡིད་ཆེས་གནང་བ་ལས་སེམས་འཚབ་བྱེད་དགོས་པ་གང་ཡང་མེད་པ་དང་། གཙོ་བོ་ཚང་མས་བོད་དོན་ཐོག་ནུས་པ་མཉམ་སྤུངས་ཐོག་ནས་གོམ་པ་མདུན་སྐྱོད་གནང་རྒྱུ་དེ་ང་ཚོ་ཚང་མའི་འགན་རེད་ཅེས་གསུངས་ཡོད།   གཞི་རྩའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་མ་ཐུབ་པར་ཟླ་བཞི་ཙམ་ལྷག་ཡོད་ཡོད་ཀྱང་། ད་ཆ་༸གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་ཇི་བཞིན་དཀའ་རྙོག་ཁག་སེལ་ཏེ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པའི་དམ་འབུལ་དང་། ཚོགས་གཙོ་ཚོགས་འོས་འདེམས་དང་ལས་ཁུར་དམ་འབུལ་བཅས་ལེགས་གྲུབ་ཟིན་སྟབས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་མི་ཉུང་བ་ཞིག་ནས་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་སྩལ་བར་ཐུགས་རྗེ་བཀའ་དྲིན་བླ་མེད་ཆེ་ཞུས་ཏེ་བོད་མི་ཚང་མས་ད་ནས་བཟུང་སྟེ་གཅིག་སྒྲིལ་ཐོག་གོམ་པ་མདུན་སྤོ་གནང་དགོས་པ་སོགས་ཀྱི་མཆན་འགྲེལ་བཀོད་འདུག

༸གོང་ས་མཆོག་གིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལ་འཚམས་འཕྲིན་སྩལ་བ།

ཁ་སང་ནོར་ཝེ་ཁུལ་གྱི་ནོ་སྦེལ་ལྷན་ཚོགས་ཀྱིས་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་མཚན་གཞུང་གསལ་བསྒྲགས་གནང་བའི་ནང་དུ་། ཧྥི་ལི་པེན་གྱི་གསར་འགོད་པ་ Maria Ressa དང་ཨུ་རུ་སུའི་གསར་འགོད་པ་ Dmitry Murato ལགས་གཉིས་སུ་ནོ་སྦེལ་ཞི་བདེའི་གཟེགས་རྟགས་འབུལ་རྒྱུ་གསལ་བསྒྲགས་གནང་ཡོད་པ་དང་བསྟུན་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་གཟེགས་རྟགས་བཞེས་མཁན་རྣམ་གཉིས་ལ་དགའ་བསུའི་འཚམས་འཕྲིན་ཞིག་སྩལ་འདུགམཚམས་འཕྲིན་དེའི་ནང་། མགོན་པོ་གང་གིས་ནོ་སྦེལ་ལྷན་ཚོགས་ཀྱིས་ཐེངས་འདིར་ཧྥི་ལི་པེན་དང་ཨུ་རུ་སུའི་ཁུལ་གྱི་གསར་འགོད་པ་གཉིས་ཀྱིས་རྒྱལ་ཁོངས་སོ་སོའི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ལ་དཀའ་སྤྱད་གནང་བར་བརྟེན་ནས་འདི་ལོའི་ནོ་སྦེལ་ཞི་བདེ་གཟེགས་རྟགས་དེ་ཕུལ་བར་ཐུགས་མཉེས་བོ་བྱུང་ཡོད་པར་བཀའ་སྩལ་བ་དང་འབྲེལ་ནས། ལྷན་ཚོགས་ཀྱིས་ཐེངས་འདིར་གསར་འགོད་པ་གཉིས་ལ་ཞི་བདེ་གཟེགས་རྟགས་ཕུལ་བ་དེ་ནི་ས་ཕྱོགས་གང་སར་གནས་བའི་གསར་འགོད་པ་རྣམས་ཀྱིས་ཉེན་ཁའི་ཁྲོད་དུ་དཀའ་ངལ་འདྲ་མིན་ལ་གདོང་ལེན་གནང་བཞིན་པའི་ཚབ་མཚོན་ལྟ་བུ་ཞིག་ཆགས་ཡོད་སྐོར་བཀའ་སྩལ་འདུགགཞན་ཡང་མགོན་པོ་གང་གིས་གསར་འགོད་པ་རྣམས་ཀྱིས་འགྲོ་བ་མིའི་རིན་ཐང་གི་གཙོ་བྱས་པའི་སྤྱི་ཚོགས་དང་ཆོས་ལུགས་མཐུན་ལམ་ཐོག་ལ་འགན་འཁུར་ཆེན་པོ་ཡོད་པར་བཀའ་འབྲེལ་གྱིས། གསར་འགོད་པ་རྣམས་ཀྱིས་མང་ཚོགས་ཁྲོད་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་ཡོངས་ཐབས་དང་སྤྱི་མཐུན་གྱི་བདེ་རྩའི་འགན་འཁྲིའི་ཐད་སློབ་སྦྱོང་སྤྲོད་རྒྱུར་ཞབས་འདེགས་ཞུ་ཐུབ་པ་དང་། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འཆམ་མཐུན་དང་མཛའ་བརྩེ་གོང་མཐོར་གཏོང་རྒྱུར་གལ་གནད་ཆེན་པོ་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ཁྲོད་གོ་མཚོན་ཉུང་འཕྲི་དང་འཛམ་གླིང་ཞི་བདེར་སྐྲུན་རྒྱུར་ཕན་རླབས་ཡོད་པ་ཞིག་ཡིན་པའི་བཀའ་སློབ་ལམ་སྟོན་མཛད་འདུག དེ་བཞིན་མགོན་པ་གང་ཉིད་ཉིད་མཆོག་གིས་ཧྥི་ལི་པེན་གྱི་གསར་འགོད་པ་ Maria Ressa དང་ཨུ་རུ་སུའི་གསར་འགོད་པ་Dmitry Murato ལགས་གཉིས་ཀྱི་གསར་འགོད་ལས་རིགས་ཁྲོད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་མཛད་པ་དང་འབྲེལ་ནས། ཐེངས་འདིའི་ཞི་བདེ་གཟེགས་རྟགས་དེ་ཡིས་གསར་འགོད་ལས་རིགས་ཁྲོད་ཕྱག་ལས་གནང་མཁན་ཡོངས་ཀྱིས་འཛམ་གླིང་འདིར་ཞི་བདེ་ཡོང་རྒྱུའི་གཞི་རྟེན་དུ་གྱུར་བའི་དྲང་བདེན་དང་མང་གཙོ་ལ་སྲུང་སྐྱོབ་གནང་རྒྱུར་ཤུགས་སྣོན་གང་ལེགས་ཐེབས་རྒྱུར་སྐུལ་མ་མཛད་འདུག

མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སྤྱི་འཐུས་ཚོགས་གཙོ་དང་སྒྲོལ་མ་ཚེ་རིང་ལགས་ཚོགས་གཞོན་དུ་བསྐོ་གཞག

སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེན་ལགས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཚོགས་གཞོན་དུ་བསྐོ་བཞག་གནང་ཡོད།  དེ་རིང་སྔ་དྲོ་ཆུ་ཚོད་ ༡༠༌༣༠ ཐོག་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་ལས་འཁུར་དམ་འབུལ་ཞུས་པ་དང་། སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བར་བརྒལ་ཚོགས་གཙོས་དེ་སྔ་ལས་འཁུར་དམ་འབུལ་ཞུས་པའི་སྐབས་སུ་དམ་བཅའི་ཚིག་གཞི་ཇི་བཞིན་བྱུང་མེད་སྟབས་ད་རེས་སླར་དམ་འབུལ་གྱི་ལས་རིམ་བསྐྱར་སྒྲིག་གནང་བ་ཞིག་ཡིན་པ་སོགས་གསལ་བཤད་གནང་ཡོད།  བར་བརྒལ་ཚོགས་གཙོ་མཆོག་གིས་ལས་འཁུར་དམ་འབུལ་ཞུས་གྲུབ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་བདམས་ཐོན་སྤྱི་འཐུས་རྣམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་ལས་འཁུར་དམ་འབུལ་ཞུས་ཡོད།  སྐབས་དེར་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་མཆོག་གིས་སྤྱི་འཐུས་རྣམ་པས་དེ་རིང་ནས་བཟུང་སྤྱི་འཐུས་ཀྱི་ལས་ཡུན་རིང་རྡོག་རྩ་གཅིག་སྒྲིག་གནང་སྟེ་བོད་སྤྱིའི་ལས་དོན་ལེགས་གྲུབ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་སོང་།  དེ་རིང་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་གྱི་མཛད་རིམ་ཁག་གྲུབ་རྗེས་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་དང་འབྲེལ་ཡོད་སྲི་ཞུ་བ་ཁག་ཅིག་ལྷན་བཞུགས་སར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཐོག་ཕེབས་ཡོད་པ་དང་། སྐབས་དེར་ངོ་ཡོད་སྤྱི་འཐུས་ཀྱི་འོས་གྲངས་ ༤༥ ཡོད་པའི་ནང་ནས་སྒྲོལ་མ་ཚེ་རིང་ལགས་ལ་འོས་གྲངས་ ༢༢ དང་། མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ལ་འོས་གྲངས་ ༢༣ བཅས་ཐོབ་ཏེ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་གཞག་གནང་ཡོད། དེ་བཞིན་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཐོག་ཕེབས་སྐབས་ངོ་ཡོད་སྤྱི་འཐུས་ཀྱི་འོས་གྲངས་ ༤༥ ཡོད་པའི་ནང་ནས་འོས་གྲངས་ ༢ རྩིས་མེད་ཕྱིན་པ་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ལ་འོས་གྲངས་ ༢༣ ཐོབ་པ། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་འོས་གྲངས་ ༢ ཐོབ་པ། དེ་བཞིན་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ལ་འོས་གྲངས་ ༡༨  ཐོབ་པར་བརྟེན། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ལ་བསྐོ་གཞག་གནང་ཡོད། རྩ་བའི་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་གྲུབ་ཏེ་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དེ་འདི་ལོའི་ཕྱི་ཟླ་ ༦ ཕྱི་ཚེས་ ༨ ཉིན་གནང་ཡོད་པ་དེ་ལྟར་ནའང་། སྐབས་དེར་དམ་འབུལ་གནང་ཕྱོགས་མི་འདྲ་བ་གཉིས་བྱུང་བ་སོགས་དང་འབྲེལ་བའི་དཀའ་རྙོག་ཁག་ཅིག་འཕྲད་དེ་ཚོགས་གཙོ་སྦྲེལ་པོའི་འོས་འདེམས་ལས་རིམ་ཐོག་ཕེབས་ཐུབ་མེད་པ་མ་ཟད། བདམས་ཐོན་སྤྱི་འཐུས་རྣམ་པའི་དབར་དེ་འབྲེལ་དཀའ་རྙོག་སེལ་བར་ནང་སྒྲིག་མ་ཐུབ་པར་ཟླ་བ་བཞི་ཙམ་འགྲོ་བཞིན་པའི་མཚམས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་བསྟོན་སྩོལ་གནང་ཡོང་བའི་སྐྱབས་འཇུག་གི་ལྷ་སྙན་སྒྲོན་འབུལ་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ་ཞེས་པའི་ལམ་སྟོན་སྩལ་བར་ཤར་བསྐྱོད་གནང་རྒྱུར་སྤྱི་མོས་བྱུང་བ་བཞིན་དེ་རིང་༸རྒྱལ་བའི་བཀའ་སློབ་ལམ་སྟོན་ལྟར་བཅའ་ཁྲིམས་ཀྱི་འབྲུ་དོན་བཞིན་སྤྱི་འཐུས་རྣམ་པའི་ལས་འཁུར་དམ་འབུལ་ཞུས་ཏེ་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཐོག་ཕེབས་ཐུབ་པ་བྱུང་ཡོད།དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་ཐོན་བྱུང་བའི་འཐུས་མི་རྣམ་པའི་ལས་འཁུར་དམ་འབུལ་དང་འབྲེལ་བའི་མཛད་རིམ་ཁག་གྲུབ་མཚམས་སུ་གྲོས་ཚོགས་སུ་ལྷན་བཞུགས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཁག་ཅིག་ལ་བཀའ་འདྲི་ཞུས་ཡོད། རྩ་བའི་ད་བར་ཚོགས་དྲུང་ལས་ཁུངས་ནས་གཏན་འབེབས་གནང་བའི་གྲོས་ཚོགས་ཀྱི་མཛད་རིམ་ལ་གཞིགས་ན། སང་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་དུ་བདམས་ཐོན་བྱུང་བ་སྤྱི་འཐུས་རྣམ་གཉིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་ནས་ལས་འཁུར་དམ་འབུལ་ཞུ་རྒྱུ་རེད་འདུག

༸གོང་ས་མཆོག་གིས་ཌེ་སི་མོན་ཊུ་ཊུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།  

ཁ་སང་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བརྙན་ཐུང་བརྒྱུད་ 11th Annual Desmond Tutu International Peace Lecture ཞེས་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་གི་ལོ་འཁོར་རྒྱལ་སྤྱིའི་ཞི་བདེ་གཏམ་བཤད་ཐེངས་བཅུ་གཅིག་པའི་མཛད་སྒོར་ཡི་ཤུའི་བླ་ཆེན་ Archbishop Desmond Tutu མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་དང་ཐུགས་སྨོན་སྐྱབས་འཇུག་བཀའ་དྲིན་ཆེ་བར་སྩལ་གནང་མཛད་པ་དང་སྦྲགས་ཏེ། མགོན་པོ་༸གང་ཉིད་མཆོག་ནི་ཊུ་ཊུ་མཆོག་ལ་ཧ་ཅང་བརྩི་བཀུར་དང་ཡིད་སྨོན་མཛད་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ། ཊུ་ཊུ་མཆོག་སྐུ་ཚེ་ཡུན་རིང་བཞུགས་རོགས་ཞེས་བཀའ་སྩལ་མཛད་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་འཚམས་འདྲིའི་བརྙན་ཐུང་ནང་ Archbishop Desmond Tutu མཆོག་དང་ལྷན་དུ་སྐུ་རྩེད་མཛད་པ་ཁག་ཐུགས་དྲན་གསོ་མཛད་དེ་མགོན་པོ་མཆོག་དང་ཡི་ཤུའི་བླ་ཆེན་ཊུ་ཊུ་མཆོག་རྣམ་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་སེམས་ཀྱི་ཞི་བདེ་འཚོལ་ཐབས་མཛད་ཀྱི་ཡོད་པར་མ་ཟད། ནང་སེམས་ཀྱི་ཞི་བདེ་བརྒྱུད་འཛམ་གླིང་ཞི་བདེ་ཡོང་བར་ཐུགས་འབད་མཛད་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ་ཏེ་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པས་ངེས་པར་དུ་བྷི་ཤོབ་ཊུ་ཊུ་མཆོག་ལྟ་བུའི་དབུ་ཁྲིད་ཀྱི་རྗེས་སུ་འབྲང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཚང་མ་ཨ་མའི་མངལ་དུ་ཡོད་པ་ནས་བཟུང་ང་ཚོའི་མི་ཚེ་དེ་ཨ་མའི་བྱམས་བརྩེར་བརྟེན་ནས་འགོ་འཛུགས་ཀྱི་ཡོད་སྟབས། ང་ཚོའི་མི་ཚེ་ལྷག་མ་དེའང་སེམས་པ་བཟང་པོ་དང་བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས་པར་མ་ཟད། དེང་སང་ཚན་རིག་པ་ཁག་ཅིག་གིས་ཇི་ཙམ་ང་ཚོའི་ནང་སེམས་ལ་ཞི་བདེ་ཡོད་པ་དེའི་ཚོད་ཀྱིས་ང་ཚོའི་གཟུགས་པོའི་འཕྲོད་བསྟེན་བདེ་ཐང་ཡོང་གི་ཡོད་པར་ཞུས་ཡོད་སྐོར་བཀའ་སྩལ་ཡོད།དེ་བཞིན་ Desmond Tutu མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ Twitter དྲ་ལམ་བརྒྱུད་འཚམས་འདྲི་གནང་འདུག སྲིད་སྐྱོང་མཆོག་གི་འཚམས་འདྲི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Desmond Tutu དབར་མཛའ་གྲོགས་ཀྱི་འབྲེལ་གཏིང་ཟབ་ལ་ང་ཚོ་ཆེས་སྤྲོ་སྣང་གིས་ཁེངས་ཡོད་ལ། མཛའ་འབྲེལ་དེས་འགྲོ་བ་མི་བཟང་པོ་ཞིག་བྱེད་པར་བློ་སྐྱེད་སྟེར་ངེས་ཡིན་ཞེས་གསུངས་པ་དང་ཆབས་ཅིག སྐུ་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་འཛམ་གླིང་མི་མང་ཚོས་སྐུ་ཉིད་ཀྱི་རྣམ་དཔྱོད་རྟོགས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

ནག་ཆུ་ཁུལ་དུ་ལོ་ན་ ༡༣ ནས་ ༡༩ བར་གྱི་བོད་རིགས་བྱིས་པ་རྣམས་ལ་དྲག་པོའི་དམག་སྦྱོང་སྤྲད་པ།

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཚོགས་པས་བོད་གནས་ལྟ་ཞིབ་ཁང་གི་གནས་ཚུལ་ལུང་འདྲེན་གནང་བར་གཞིགས་ན། བོད་ནག་ཆུ་ཁུལ་དུ་ལོ་ན་ ༡༣ ནས་ ༡༩ བར་གྱི་སློབ་འབྲིང་ལ་འགྲིམ་མཁན་གྱི་བོད་རིགས་སློབ་མ་ ༥༠༠ ལ་དབྱར་སྒར་གྱི་དམག་སྦྱོང་ཐེངས་གསུམ་པ་དེ་སྤྲད་ཡོད་པར་བཀོད་འདུགཕྱི་ཟླ་ ༩ ཚེས་ ༡༣ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ནག་ཆུ་ཁུལ་གྱི་གྲོང་སྡེ་ལས་ཁུངས་དང་སློབ་གསོ་ལས་ཁུངས། སྤྱི་བདེ་ལས་ཁུངས། དེ་བཞིན་མེ་འགོག་རུ་ཁག་བཅས་ཀྱིས་ནག་ཆུ་ཁུལ་གྱི་གཏན་སྡོད་སློབ་གྲྭར་ལོ་ན་ ༡༣ ནས་ ༡༩ བར་གྱི་བོད་རིགས་བྱིས་པ་ ༥༠༠ ཙམ་ལ་ཉིན་དྲུག་གི་རིང་དམག་གི་སྦྱོང་བརྡར་ཐེངས་གསུམ་པ་དེ་སྤྲད་ཡོད་པ་དང་དམག་སྦྱོང་ཁྲོད་སློབ་མ་རྣམས་རྒྱལ་སྲུང་དང་འབྲེལ་བའི་སློབ་སྦྱོང་བྱེད་སའི་བསྟི་གནས་སུ་ཁྲིད་དེ་རྒྱལ་ཞེན་དང་རྒྱལ་ཁབ་བདེ་སྲུང་། དྲག་པོའི་དམག་གི་རིང་ལུགས་སོགས་ཀྱི་སྐོར་ལ་སྦྱོང་བརྡར་སྤྲད་ཡོད་པ་རེད། རླུང་འཕྲིན་ཁང་གིས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པད་མ་རྒྱལ་ལགས་སུ་ཞལ་པར་བརྒྱུད་དེ་འབྲེལ་བཅར་འདྲི་ཞུས་པར་ནག་ཆུ་དང་ཉིང་ཁྲི་ཁུལ་དུ་བོད་རིགས་བྱིས་པ་རྣམས་ལ་དམག་སྦྱོང་སྤྲད་པའི་གནས་ཚུལ་ཕྱིར་ཐོན་ཡོད་ཀྱང་ས་ཚིགས་དེ་གཉིས་ཙམ་མིན་པར་བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གཞུང་གིས་བོད་རིགས་བྱིས་པ་རྣམས་ལ་ཆེད་དམིགས་ཀྱིས་དམར་ཤོག་ཀྱི་ལྟ་བ་དང་བསམ་བློ་བསྐྲུན་ཕྱིར་སྦྱོང་བརྡར་དེ་ལྟར་སྤྲད་དང་སྤྲོད་མུས་ཡིན་པ་རེད་ཅེས་གསུངས་ཡོད། གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཉིང་ཁྲིའི་ཁུལ་དུ་འདི་ལོའི་ལོ་འགོ་ནས་བོད་པའི་བྱིས་པ་རྣམས་ལ་དམིགས་བཀར་གྱིས་དམག་གི་སྦྱོང་བརྡར་ལྟེ་གནས་ཤིག་ཆེད་འཛུགས་བྱས་ཏེ་བོད་པའི་བྱིས་པ་རྣམས་ལ་རྒྱལ་ཞེན་དང་རྒྱལ་ཁབ་བདེ་སྲུང་། ས་མཚམས་ཁག་ཏུ་གདོང་ལེན་བྱ་རྒྱུའི་བསམ་བློ་བསྐྲུན་ཐབས། དེ་བཞིན་ལུས་སེམས་གཉིས་ཀའི་ནུས་ཤུགས་གོང་སྤེལ་གཏོང་རྒྱུ་སོགས་ལ་ཆེད་དམིགས་ཀྱིས་ཁུལ་དེ་དག་ཏུ་དམག་སྦྱོང་ལྟེ་གནས་ཆེད་འཛུགས་དང་སྦྲགས་ཏེ། དབྱར་ཁའི་དགུང་སེང་སྐབས་དམག་སྦྱོང་སྤྲོད་བཞིན་ཡོད་པ་དང་དམག་གི་སྦྱོང་བརྡར་ཁྲོད་དམག་གི་སྒྲིག་འཛུགས་དང་ལུས་ཀྱི་དམག་སྦྱོང་སོགས་རྣམ་པ་འདྲ་མིན་ཐོག་ནས་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་རེད།

Latest news