Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྫ་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་གསུམ་མ་གཏོགས་གཞན་རྣམས་གློད་བཀྲོལ།

རྫ་སྨད་དབོན་པོ་ཁུལ་དུ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་ཁྲོད་ཕྱི་ཟླ་ ༨ ཚེས་ ༢༢ ནས་ད་བར་ཟླ་བ་གཅིག་ཙམ་གྱི་ནང་བོད་མི་ ༡༢༡ ཙམ་བཀག་ཉར་བྱས་ཡོད་པ་དང་དེའི་ཁོངས་ནས་དེ་སྔ་བོད་མི་ ༤ མ་གཏོགས་གཞན་བོད་མི་ ༡༡༧ ཙམ་བཀག་ཉར་བྱེད་བཞིན་པ་ལྟར་ཉེ་ཆར་བོད་ནས་གནས་ཚུལ་འབྱོར་གསལ་ལ་བཙོན་འཇུག་འོག་ཡོད་པའི་བོད་མི་དེ་དག་གི་ཁོངས་ནས་དགེ་འདུན་པ་གསུམ་མ་གཏོགས་གཞན་རྣམས་གློད་བཀྲོལ་བཏང་ཡོད་པ་རེད་འདུགདེ་རིང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ཉེ་ཆར་ཟླ་ ༩ ཚེས་ ༢༣ དང་ ༢༦ དེ་བཞིན་ ༢༧ བཅས་ལ་རྫ་སྨད་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་པའི་བོད་མི་སེར་སྐྱ་མང་དག་ཅིག་གློད་བཀྲོལ་བཏང་ཡོད་ཀྱང་། དགེ་འདུན་པ་གསུམ་ད་དུང་བཀག་ཉར་བྱེད་བཞིན་ཡོད་པ་དང་། དགེ་འདུན་པ་དེ་དག་ནི་ཟླ་ ༩ ཚེས་ ༣ ཉིན་འཛིན་བཟུང་བྱས་པའི་དགེ་འདུན་པ་ ༦ ཡོད་ཁོངས་ནས་ཡིན་པར་གསུངས་ཡོད། ས་གནས་མང་ཚོགས་རྣམས་ཀྱིས་གསུངས་པར་གཞིགས་ཚེ་ད་ལྟ་མུ་མཐུད་ནས་བཀག་ཉར་འོག་ཡོད་པའི་དགེ་འདུན་པ་གསུམ་པོ་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་མེད་སྟབས། ཁོང་རྣམས་གང་མགྱོགས་གློད་བཀྲོལ་ཡོང་བའི་རེ་བ་གནང་བཞིན་ཡོད་པ་རེད། དེའི་བར་ན་ཟླ་ ༩ ཚེས་ ༢༦ ཉིན་གྱི་ཕྱི་དྲོར་ཉེན་རྟོག་པས་དགེ་འདུན་པ་དེ་དག་གི་ཁོངས་ནས་གཅིག་གི་གྲྭ་ཤག་ལ་བསྐྱར་དུ་བསྔོགས་བཤེར་བྱས་འདུག ཟླ་བ་གཅིག་ཙམ་གྱི་བཀག་ཉར་འོག་བོད་མི་རྣམས་ལ་ཟས་ཧ་ཅང་ཞན་པོ་དང་རྡུང་རྡེག་བཏང་བའི་མནར་གཅོད་མྱངས་ཡོད་པ་མ་ཟད་བཀག་ཉར་འོག་སློབ་གསོའི་ལས་རིམ་ཤུགས་ཆེར་སྤེལ་ཏེ་བོད་མི་དེ་དག་ལ་རྒྱལ་ཁབ་ལ་དགའ་ཞེན་དགོས་པ་དང་ཏཱ་ལའི་ཁ་བྲལ་རུ་ཚོགས་དང་འབྲེལ་བ་བྱ་རྒྱུ་མེད་པ། ༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་མི་ཆོག་པ་སོགས་རྒྱལ་ཁབ་ལ་གནོད་པའི་བྱ་སྤྱོད་སྤེལ་རྒྱུ་མེད་པ་སོགས་ཀྱི་སློབ་གསོ་ངན་པ་རིགས་སྤྲད་པ་མ་ཟད་བོད་མི་དེ་དག་གི་ཁ་པར་བསྔོགས་བཤེར་དང་། སྤུན་ཉེ་འབྲེལ་སོགས་ལ་འདྲི་རྩད་ཀྱིས་སུན་གཙེར་བཟོས་པ། དེ་བཞིན་བཀག་ཉར་འོག་དམག་གི་སྦྱོར་བརྡར་སྤྲད་པ་སོགས་ཀྱི་གནད་དོན་འོག་མི་སྤྱོད་ལས་འདས་པའི་རྡུང་རྡེག་བཏང་ཡོད།དེ་བཞིན་རྫ་སྨད་དབོན་པོ་མང་ཚོགས་ཀུན་གྱི་ཐོག་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་ཁྲོད་སློབ་གསོའི་ལས་རིམ་ཤུགས་ཆེར་སྤེལ་བ་དང་། བོད་མི་རྣམས་ལ་ཚོགས་པ་འདྲ་མིན་གསར་འཛུགས་མི་ཆོག་པ། དེ་སྔ་ཡོད་པའི་ཕ་སྐད་སྲུང་སྐྱོབ་ཚོགས་པ་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་སོགས་ཡོངས་རྫོགས་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་བ། གལ་ཏེ་ཚོགས་པ་ཞིག་གསར་འཛུགས་གནང་དགོས་ཚེ་ཚོགས་པ་དེ་དག་ནང་ས་གནས་གཞུང་གི་ལས་བྱེད་གང་རུང་ཞིག་ཆེད་བསྐོ་དགོས་པ། དེ་སྔ་རྒྱ་གཞུང་གིས་ལོ་ན་ ༡༨ མན་གྱི་བོད་མི་གཞོན་སྐྱེས་རྣམས་གྲྭ་བཙུན་གྱི་དགོན་པར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་དོན་ལྟར་ད་ལྟའི་ཆར་བཙན་བཀའ་དེར་སྔར་ལྷག་གིས་ལག་བསྟར་བྱེད་བཞིན་པའི་ཁར་བོད་ཕྲུག་ཚོའི་ཕ་མ་རྣམས་ལ་དེ་ལྟར་གནང་རྒྱུ་མེད་པའི་ས་རྟགས་བཀོད་འཇུག་བཞིན་ཡོད་འདུགརྒྱ་གཞུང་གིས་རྫ་སྨད་དབོན་པོའི་ས་ཁུལ་དེ་གྲོང་སྡེར་སྒྱུར་གྱི་ཡོད་ལུགས་འོག་ཕྱི་ལོ་ ༢༠༡༦ལོ་ནས་ས་གནས་སུ་རྒྱ་ལམ་དང་ཟམ་པ་སོགས་ཀྱི་འཛུགས་སྐྲུན་རྒྱ་ཆེར་སྤེལ་མུས་ཁྲོད་ས་གནས་སུ་ཕ་བོང་ཆེན་པོར་དཔའ་ངར་ཅན་གྱི་དབོན་པོ་ཞེས་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་ཐོག་ཆེད་བཀོད་བྱས་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་ས་གནས་ལས་བྱེད་པ་ཁག་ཅིག་གིས་དཔའ་ངར་ཅན་གྱི་དབོན་པོ་ཞེས་པའི་ཚིག་བརྗོད་དེས་ས་གནས་སུ་བོད་མིའི་ཞི་རྒོལ་སོགས་ཀྱི་གནད་དོན་མང་པོ་བྱུང་ཡོད་པ་དེ་དག་ལ་གོ་སྐོར་བཤད་པར་བརྟེན་ཕ་བོང་ཆེན་པོ་དེ་གཏོར་དགོས་པར་བརྗོད་ཀྱང་། འཛུགས་སྐྲུན་གནང་མཁན་ཚོའི་ངོས་ནས་རྫ་དབོན་པོའི་ས་ཁུལ་དེ་༸གོང་ས་ལྔ་པ་ཆེན་པོའི་༸སྐུ་དུས་ནས་བཟུང་སྟེ་༸རྒྱལ་བ་༸སྐུ་ཕྲེང་ན་རིམ་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། ས་གནས་མང་ཚོགས་ལ་ཆབ་སྲིད་ཀྱི་ཐོག་ནས་མ་ཡིན་པར་མི་རིགས་ཀྱི་ངོ་བོ་དང་འབྲེལ་བ་དམིགས་བསལ་ཡོད་པས་ཕ་བོང་ཐོག་ཚིག་བརྗོད་དེ་ལྟར་བཀོད་ཡོད་སྐོར་བཤད་འདུག ལས་བྱེད་ཁག་ཅིག་གིས་དེ་སྔ་ཕྱི་ལོ་ ༡༩༥༨ ལོར་ས་གནས་སུ་རྒྱ་མིའི་དམག་མི་འབྱོར་སྐབས་བོད་པ་ཚོས་དེར་གདོང་ལེན་ཤུགས་ཆེ་གནང་བ་དང་འབྲེལ་ཏེ་རྒྱ་མིའི་དམག་མི་ཕོན་ཆེ་འདས་གྲོངས་སུ་གྱུར་ཡོད་པ་ལ་སོགས་པའི་གནད་དོན་དང་འབྲེལ་བ་ཡོད་པས་ཚིག་བརྗོད་དེ་གནད་དོན་དེར་གོ་ལུགས་སོགས་ཀྱི་རྐྱེན་གྱིས་གཏོར་མེད་པ་དེ་ལྟར་ཡང་། ད་ལྟ་ས་གནས་སུ་ཛ་དྲག་གི་གནས་སྟངས་གྱུར་བ་དང་འབྲེལ་ལས་བྱེད་ཁག་ཅིག་གིས་གོ་སྐབས་བཟུང་སྟེ་ཕ་བོང་ཐོག་གི་ཚོག་བརྗོད་དེ་བསུབས་ནས་གཏོར་བཤིག་བཏང་ཡོད་པ་རེད།

 ༸གོང་ས་མཆོག་གི་གོ་ལའི་ཕུགས་བསམ་ཞེས་པའི་ཚོགས་འདུ་འཚོགས་འཆར།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཟླ་བ་ ༡༠ བའི་ཚེས་ ༡༠ ནས་ ༡༤ བར་དུ་བྱམས་སྙིང་རྗེ་བརྗོད་སྙིང་དུ་བཟུང་བའི་ཐོག་ནས།  བོད་ཀྱི་ནང་དོན་རིག་པའི་ཆེད་མཁས་བ་དང་ཡིག་བསྒྱུར་བ་སྐུ་ཞབས་ Robert Thurman ལགས་དང་། སྒོམ་སྒྲུབ་ཆེད་མཁས་བ་དང་རྩོམ་པ་པོ་ལྕམ་ Sharon Salzberg ལགས་སོགས་ཀྱི་རྒྱལ་སྤྱིའི་ཆོས་ལུགས་དང་ཚན་རིག་ཆེད་མཁས་བ་ཉི་ཤུ་ལྷག་དང་ལྷན་དུ་མགོན་པོ་གང་ཉིད་མཆོག་གི་གོ་ལའི་ཕུགས་བསམ་ཞེས་པའི་ལོ་འཁོར་གྱི་ཚོགས་འདུ་གཉིས་བའི་ཚོགས་མགོན་དུ་བཞུགས་ནས་བཀའ་སློབ་ལམ་སྟོན་སྩོལ་རྒྱུ་རེད་འདུགགཞི་རྩའི་ཐེངས་འདིའི་མགོན་པོ་གང་ཉིད་མཆོག་གི་མཛད་འཆར་དེ་ནི་ཁེ་ན་ཌར་རྟེན་གཞི་བྱས་པའི་ Lion’s Roar ཞེས་པའི་ལྟེ་གནས་ཁང་དང་ཨ་རིའི་བོད་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་གོ་སྒྲིག་གནང་གི་ཡོད་པ་དང་།  ཚོགས་ཆེན་ཐོག་མགོན་མོ་གང་ཉིད་མཆོག་གིས་བྱམས་བརྩེའི་འགྱུར་ལྡོག་གི་ནུས་སྟོབས། བྱམས་བརྩེ་ཚན་རིག  གཞན་ཡང་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱམས་བརྩེ། དེ་བཞིན་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཀྱི་བརྗོད་གཞིའི་སྟེང་བཀའ་སློབ་ལམ་སྟོན་སྩོལ་རྒྱུ་རེད་འདུག རྩ་བའི་༸གོང་ས་མཆོག་གི་གོ་ལའི་ཕུགས་བསམ་ཞེས་པའི་ལོ་འཁོར་གྱི་ཚོགས་འདུ་འདི་ནི་མགོན་པོ་གང་ཉིད་ཀྱི་དུས་རྒྱུན་ནས་ཁྱབ་སྤེལ་མཛད་བཞིན་པའི་བྱམས་སྙིང་རྗེ་བརྒྱུད་ནས་འཛམ་གླིང་འདིར་ཞབས་འདེགས་ཅི་ཞིག་སྒྲུབ་ཐུབ་པ་དང་། དེ་བཞིན་མི་སྒེར་དང་གོ་ལར་ཕན་ཐོགས་ཇི་འབྱུང་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱེད་རྒྱུའི་གླེང་སྟེགས་ཤིག་ཆགས་ཡོད་འདུགགཞི་རྩའི་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་རྒྱ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་སྩལ་གཏན་ཁེལ་དོན་ལྟར་མཛད་འཆར་ཁག་ཅིག་ཡོངས་གྲགས་གནང་བའི་ནང་དུ། ཕྱི་ཟླ་ ༡༠ ཚེས་ ༩ དང་ཚེས་ ༡༠ བཅས་ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བཀའ་ཆོས་སྩོལ་རྒྱུ་དང་ཆོས་ཞུ་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩོལ་རྒྱུ་མ་ཟད། ཕྱི་ཚེས་ ༢༦  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁཱརོན་བདེ་གནས་སློབ་གྲྭ་དང་སེན་ཌིའེ་གོའི་ཁ་ལི་ཕོ་ཉའི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེའི་སློབ་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བྱམས་བརྩེའི་སྐོར་ལ་བཀའ་སློབ་སྩོལ་རྒྱུ་དང་དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩོལ་རྒྱུ་རེད་འདུག

རྒྱ་ནག་གི་མཐའ་དམག་རྒྱ་གར་གྱི་ནང་དུ་འཛུལ་ནས་འཛུགས་སྐྲུན་ལས་གཞིར་གཏོར་བཅོམ།

རྒྱ་ནག་གི་མཐའ་དམག་བརྒྱ་ལྷག་རྒྱ་གར་བྱང་ཕྱོགས་ཀྱི་ Uttarakhand མངའ་སྡེ་ཁུལ་གྱི་འཕགས་བོད་ས་མཚམས་སུ་སིམ་འཛུལ་གྱིས་Barahoti ཞེས་པའི་ས་ཁུལ་དེར་ཡོད་པའི་ཟམ་ཆེན་ཞིག་གཏོར་བཅོམ་བཏང་ཡོད་པའི་གནས་ཚུལ་ཐོན་འདུགཁ་ཉིན་རྒྱ་གར་གྱི་ Economic Times ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གི་མཐའ་དམག་བརྒྱ་ལྷག་ Uttarakhand མངའ་སྡེ་ཁུལ་གྱི་ Tunjun ཞེས་པའི་ལ་བརྒྱུད་ནས་ཁུལ་དེའི་འཕགས་བོད་ས་མཚམས་སུ་སྤྱི་ལེ་ལྔ་ཙམ་བརྒལ་ནས་རྒྱ་གར་གྱི་ས་ཁོངས་སུ་བསླེབས་ཏེ་ཁུལ་དེའི་འཛུགས་སྐྲུན་ལས་གཞིར་གཏོར་བཅོམ་བཏང་རྗེས།  རྒྱ་གར་གྱི་ཕར་རྒོལ་མ་བྱས་གོང་ནས་ཕྱིར་ལོག་བྱས་ཡོད་པར་འཁོད་འདུག གསར་ཁང་གིས་རྒྱ་གར་གྱི་བདེ་སྲུང་གི་གནས་ཚུལ་ཡོང་ཁུངས་བརྒྱུད་དེ་ཤེས་རྟོགས་བྱུང་བའི་ནང་དུ།  རྒྱ་ནག་གི་བཅིངས་གྲོལ་དམག་མི་དེ་དག་གིས་མཐའ་མཚམས་ཁུལ་དུ་རྟ་ ༥༥ ལྷག་ཞོན་ནས་བསླེབས་ཡོད་པ་མ་ཟད། རྒྱ་གར་གྱི་ས་ཁོངས་སུ་འཛུལ་ནས་ཆུ་ཚོད་གསུམ་ལྷག་གི་རིང་བསྡད་དེ་ཁུལ་དེར་འཛུགས་སྐྲུན་བྱས་ཡོད་པའི་ཟམ་པ་ཞིག་གཏོར་བཅོམ་བཏང་ཡོད་པ་ལྟར། རྒྱ་གར་གྱིས་འཕགས་བོད་མཐའ་མཚམས་ཀྱི་མཐའ་དམག་ཁུལ་དེར་ཆེད་གཏོང་གི་གནས་ཚུལ་དེར་རྒྱུས་ལོན་བྱེད་བཞིན་པ་རེད་འདུགBarahoti ཞེས་པ་དེ་ Uttarakhand མངའ་སྡེ་ཡི་ Chamoli ཞེས་པའི་རྫོང་དུ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཡང་རྒྱ་ནག་གིས་འབྲོག་ལམ་གྱི་བཙན་འཛུལ་དང་འབྲེལ་ནས་ Barahoti ནང་དུ་ཐེངས་གཉིས་ཙམ་ལ་སིམ་འཛུལ་བྱས་ཡོད་པ་རེད་འདུག དེ་བཞིན་གསར་ཁང་གིས། རྒྱ་དཀར་ནག་གཉིས་ཀྱི་བར་དུ་སྔར་ལོར་གྷལ་ཝན་ལུང་གཤོང་དུ་དམག་འཐབ་བྱུང་བའི་རྗེས་སུ།  རྒྱ་ནག་གིས་ Uttarakhand མངའ་སྡེ་ནང་གི་ Barahoti ཞེས་པའི་ས་ཁུལ་དུ་རྒྱ་ནག་གི་དམག་མི་ ༣༥་ལྷག་ཆེད་གཏོང་གིས་ཁུལ་དེར་ལས་གཞི་གང་ཞིག་གྲ་སྒྲིག་བྱེད་བཞིན་པ་ཤེས་རྟོགས་བྱུང་སྟབས། རྒྱ་གར་གྱིས་སྔར་ལོའི་གྷལ་ཝན་ལུང་གཤོང་གི་གནད་དོན་དེ་ལྟ་བུ་ཞིག་མི་ཡོང་བའི་ཕྱིར་ཏུ་ཁུལ་དེར་རྒྱ་གར་གྱི་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པར་བསྒྲགས་འདུགའབྲེལ་ཡོད་ཀྱི་གནས་ཚུལ་གཞན་ཞིག་གི་ནང་དུ་རྒྱ་ནག་གིས་སྔར་ལོ་ནས་འཕགས་བོད་ས་མཚམས་ཀྱི་ས་བབ་དང་གནམ་གཤིས་སོགས་ལ་བརྟེན་ནས་ས་མཚམས་ཁག་ཏུ་བོད་དམག་མང་པོ་ཆེད་གཏོང་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པ་བྱུང་ཡོད་པ་ལྟར། ཁ་སང་ཡང་རྒྱ་གར་གྱི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་བོད་དམག་འགྲེམས་འཇོག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། རྒས་ཡོལ་དུ་ཕྱིན་པའི་དམག་མི་དག་བརྒྱུད་ནས་འཕགས་བོད་ས་མཚམས་སོ་སོར་བོད་ཀྱི་ཡུལ་དམག་གསར་འཛུགས་བྱེད་བཞིན་པ་མ་ཟད། ཡུལ་དམག་དེ་དག་ལ་ས་གནས་ཀྱི་བླ་གྲྭ་རྣམས་ཀྱིས་བྱིན་རླབས་སྩོལ་ཏུ་འཇུག་བཞིན་ཡོད་པར་འཁོད་འདུགརྒྱ་ནག་གིས་ད་ཆ་འཕགས་བོད་མཐའ་མཚམས་སུ་བོད་དམག་ཆེད་འཛུགས་བྱེད་དོན་ནི། སྔར་ལོ་གྷལ་ཝན་ཁུལ་དུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་བར་དུ་འཕགས་བོད་མཐའ་མཚམས་སུ་གདོང་ཐུག་བྱུང་སྐབས། ས་བབ་ཀྱི་ཆ་ནས་རྒྱ་མཚོ་ལས་མཐོ་ཚད་ཕི་ཊི་ ༡༥༠༠༠ ལྷག་ཆགས་ཡོད་སྟབས་རྒྱ་ནག་གི་དམག་མི་མང་པོ་ཞིག་ལ་ས་མཐོའི་སྲོག་རླུང་གི་མ་འདང་བའི་དཀའ་ངལ་འཕྲད་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྐོར་མངོན་གསལ་གནང་འདུག གཞི་རྩའི་འདས་བའི་ལོ་འགའི་རིང་ནས་རྒྱ་ནག་གིས་རྒྱལ་ཁོངས་རྒྱ་བསྐྱེད་ཀྱི་སྲིད་བྱུས་ལག་བསྟར་གྱི་འོག་ནས་མཐའ་མཚམས་ཁག་ཏུ་གྲོང་ཚོ་གསར་འཛུགས་དང་འབྲོག་ཁྱིམ་གནས་སྤོར་གྱིས་ལས་གཞི་རྒྱ་བསྐྱེད་ཀྱིས། ཕྱོགས་ཡོངས་ནས་བོད་ཀྱི་མཐའ་མཚམས་ཁག་ཏུ་མ་དངུལ་མང་པོ་ཆེད་གཏོང་གིས་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་སྤེལ་བཞིན་པ་མ་ཟད། བོད་དམག་བསྡུ་རུབ་ཀྱིས་ས་བབ་མཐོ་ཞིང་གནམ་གཤིས་འཁྱགས་པའིི་འཕགས་བོད་མཐའ་མཚམས་སུ་བོད་ཀྱི་ཡུལ་དམག་གསར་འཛུགས་བྱེད་བཞིན་པའི་གནས་ཚུལ་རིམ་ཕྱིར་ཐོན་ཡོད་པ་རེད།

གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དང་བསྟུན་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་དཔེ་དེབ་དབུ་འབྱེད།

ཕྱི་ཟླ་ ༡༡ ཚེས་ ༡ ནས་ ༡༢ བར་དབྱིན་ཡུལ་གྱི་ Glassgow གྲོང་ཁྱེར་དུ་ Cop26 རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་གནང་གཏན་ཁེལ་བ་དང་བསྟུན་དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་དཔེ་དེབ་དབུ་འབྱེད་བརྒྱུད་གོ་ལའི་ཁོར་ཡུག་གི་ཚོགས་ཆེན་ཐོག་བོད་ཀྱི་ཁོར་ཡུག་གནད་དོན་ཐད་ལ་གོ་བསྡུར་གནང་དགོས་པ་གསུངས་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ Tibetan Perspective on Tibet's Environment ཞེས་བོད་མིའི་བོད་ཀྱི་ཁོར་ཡུག་ལ་གཟིགས་སྟངས་དང་།  Tibet 2020: A year in review ༢༠༢༠ བོད་གནས་བསྐྱར་ཞིབ་ཞེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་བ་དང་སྦྲགས་ཏེ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་དཔེ་དེབ་གཉིས་པོའི་རྒྱབ་ལྗོངས་ངོ་སྤྲོད་དང་འབྲེལ་དམིགས་ཡུལ་དང་རེ་བ་ཇི་ཡོད་སྐོར་ངོ་སྤྲོད་གནང་བར་ད་ཆ་བོད་ཀྱི་ཁོར་ཡུག་ཐོག་གནད་དོན་མང་དག་ཅིག་འབྱུང་བཞིན་ཡོད་ཀྱང་ཁག་ཅིག་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ནས་བྱུང་བ་དང་ལ་ལ་ནུས་ཤུགས་ལ་བརྟེན་ནས་ཡོང་གི་ཡོད་སྟབས། ང་ཚོའི་བོད་ཀྱི་ཁོར་ཡུག་ལ་བོད་མི་ཚོའི་ངོས་ནས་གཟིགས་སྟངས་གང་འདྲ་ཡོད་མེད་དེ་ཤེས་ཕྱིར་བོད་མི་རང་གིས་བརྩམས་པའི་དཔེ་དེབ་དཔར་སྐྲུན་གནང་ན་བསམ་པ་དང་། དེ་བཞིན་དཔེ་དེབ་ནང་གི་དཔྱད་རྩོམ་གང་བཀོད་པ་དེ་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ལ་འགན་འཁུར་ནས་བྲིས་པ། ལྷག་པར་དུ་བོད་ནང་གི་ཁོར་ཡུག་གི་གནས་སྟངས་དངོས་བདེན་གསལ་བའི་ཐོག་བོད་ནང་བོད་མི་ཚོའི་འབོད་སྒྲ་མངོན་ཐུབ་པ་ཞིག་ཆགས་རྒྱུ་ནི་དམིགས་ཡུལ་གཙོ་བོ་ཡིན་སྐོར་གསུངས་སོང་། དེ་བཞིན་དཔེ་དེབ་དཔར་སྐྲུན་གནང་བའི་རེ་བ་ཇི་ཡོད་དང་འབྲེལ་ཏེ་གསུངས་པར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ད་ལན་དཔར་སྐྲུན་ཞུས་པའི་དཔེ་དེབ་དེ་བོད་ཀྱི་ཁོར་ཡུག་ཐད་རྩོམ་དང་སྲིད་བྱུས་གཏན་འབེབས་རེད། ལས་འགུལ་ཞིག་སྤེལ་དགོས་བསམ་ནའང་། དེ་དག་གཞིར་བཅོལ་ས་ཚད་ལྡན་ཞིག་ཆགས་ཐུབ་པའི་རེ་བ་ཡོད་སྐོར་གསུངས་སོང་། དེ་རིང་དཔེ་དེབ་དབུ་འབྱེད་གནང་དགོས་པའི་རྒྱུ་མཚན་ནི་སླད་མར་ Cop26 རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་འཚོགས་རྒྱུ་ཡིན་པས་ཟླ་བ་གཅིག་གི་སྔ་རོལ་ཙམ་དུ་སྲིད་བྱུས་ཉམས་ཞིབ་ཁང་ནས་བོད་མཐོ་སྒང་གི་ཁོར་ཡུག་དེ་གལ་ཆེན་པོ་དང་། ད་ཆ་ཁོར་ཡུག་གི་གནས་སྟངས་ཛ་དྲག་པོར་གྱུར་ཡོད་པ་ངོ་སྤྲོད་གནང་རྒྱུ། ལྷག་དོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ལ་ཕེབས་པའི་འགོ་ཁྲིད་རྣམ་པས་བོད་ཀྱི་ཁོར་ཡུག་གི་གནད་དོན་སྐོར་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐོག་བརྗོད་བྱ་གཙོ་བོར་འཇོག་དགོས་པ་མ་ཟད་དེའི་ཐོག་གོ་བསྡུར་གནང་དགོས་ཞེས་དགོས་འདུན་ཆེད་བཏོན་གནང་བ་ཞིག་ཆགས་ཀྱི་ཡོད་པ་གསུངས་ཡོད། སྐབས་དེར་བོད་མིའི་ངོས་ནས་བོད་ཀྱི་ཁོར་ཡུག་ལ་གཟིགས་སྟངས་ཞེས་པའི་དཔེ་དེབ་དང་འབྲེལ་ཏེ་སྲིད་སྐྱོང་མཆོག་གིས་ད་ལན་དཔེ་དེབ་དེ་འདོན་སྤེལ་གནང་བ་འདིས་བོད་མི་རང་གིས་བོད་ནང་གི་ཁོར་ཡུག་གནད་དོན་ཐད་ཞིབ་འཇུག་གནང་བའི་གྲུབ་འབྲས་ཤིག་ཆགས་ཀྱི་ཡོད་པ་དང་། དཔེ་དེབ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་གཟིགས་དགོས་གལ་ཡིན་པ་མ་ཟད་བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་དཔེ་དེབ་དེ་གཉིས་ཀྱི་ནང་དོན་གང་ཞིབ་ཚགས་པོས་གཟིགས་གལ་དང་། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ནང་གི་བོད་མིའི་སྐུ་ཚབ་མཚོན་དགོས་ཀྱི་ཡོད་སྟབས་མི་རིགས་གཞན་ལ་བོད་ཀྱི་གནས་སྟངས་འགྲེལ་བརྗོད་གནང་སླད་ཐོག་མར་བོད་མི་རང་ཉིད་ཀྱི་ངོས་ནས་བོད་ནང་གི་གནས་ཚུལ་རྣམས་ལེགས་པོ་ཤེས་རྟོགས་དགོས་གལ་ཡིན་སྐོར་གསུངས་པ་དང་ཆབས་ཅིག བོད་ཀྱི་གནད་དོན་དང་འབྲེལ་ཉམས་ཞིབ་གནང་ཁག་ལ་ཕྱིའི་མི་རིགས་ཙམ་མིན་པར་བོད་མི་ཚོས་ངེས་བཀླགས་ཐུབ་ཚེ་ཐུགས་ཕན་གསོས་རྒྱུ་ཡིན་པ་གསུངས་ཡོད། སྲིད་སྐྱོང་མཆོག་ཉེ་ལམ་ལྡི་ལིར་ཕེབས་སྐབས་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་དང་མཇལ་འཕྲད་ཆེད་ཕེབས་ཡོད་པ་དང་སྐབས་དེར་སྲིད་སྐྱོང་མཆོག་ནས་ཨ་རིའི་ཁོར་ཡུག་ཐད་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ John Kerry ལགས་ནས་ཁོང་གི་གསུང་བཤད་ནང་བོད་དེ་འཛམ་གླིང་གི་སྣེ་མོ་གསུམ་པ་ཡིན་པའི་སྐོར་གླེང་སློང་གནང་ཚེ་དེས་ཐུགས་ཕན་གསོས་པོ་ཡོང་བ་འདུག་ཅེས་ལན་གནང་ཡོད་པ་གསུངས་སོང་། གཞི་རྩའི་དཔེ་དེབ་གཉིས་དབུ་འབྱེད་གནང་བའི་ཁྲོད་ Tibetan Perspective on Tibet's Environment ཞེས་པའི་དཔེ་དེབ་ནང་དུ་བོད་མཐོ་སྒང་གི་གལ་གནད་དང་། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།  གཏན་འཇགས་འཁྱག་རོམ་བཞུ་བ།  རྩྭ་ཐང་བྱེ་ཐང་ལ་འགྱུར་བ། འབྲོག་པ་གནས་སྤོས་བཏང་བ།  གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་གནང་བ་སོགས་འདུག  དེ་བཞིན་ ༢༠༢༠ བོད་གནས་བསྐྱར་ཞིབ་ཞེས་པའི་དཔེ་དེབ་ནང་རྒྱ་ནག་གི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་གཞིར་དཔྱད་པ་དང་། འཕགས་བོད་མཐའ་མཚམས་ཀྱི་རྩོད་རྙོག་ཁྲོད་བོད་ཀྱི་གནད་དོན་གང་འདྲ་ཆགས་ཡོད་མེད། བོད་ནང་ཆུ་ལོག་བྱུང་བ་དང་ཆུ་མཛོད་གསར་རྒྱག་སོགས་བརྗོད་གཞི་འདྲ་མིན་ཁག་ཅིག་ཡོད་པ་རེད།

ཨ་རིའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་ཇེ་མཐོར་གཏོང་བའི་ཞུ་གཏུག་གི་ལས་འགུལ་སྤེལ་མུས།

བོད་མི་ཨ་རི་བ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འདི་ལོའི་བོད་དོན་ཞུ་གཏུག་དབུ་འཛུགས་ཀྱིས། བདུན་ཕྲག་འདིའི་ནང་དྲ་ལམ་བརྒྱུད་ས་ཁུལ་སོ་སོའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་མཇལ་འཕྲད་ཀྱིས་རྒྱ་ནག་གིས་བོད་ནང་དུ་དྲང་བདེན་མིན་པའི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པའི་ཐད་ནས་ཞུ་སྐུལ་གནང་མུས་རེད་འདུགཁ་སང་ཨ་རིའི་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཁ་སང་དང་དེ་རིང་ཉིན་གཉིས་ཀྱི་ཞུ་སྐུལ་གྱི་སྐབས་འདིར།  ཨ་རིའི་ནང་གི་མངའ་སྡེ་ཉི་ཤུ་ལྷག་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དྲ་ལམ་ནས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཨ་རིའི་གཞུང་འཛིན་ཚོགས་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་ཇེ་མཐོར་བཏང་བའི་ཐོག་ནས་བོད་རྒྱ་གྲོས་མོལ་ལ་ཤུགས་སྣོན་གྱི་ཞུ་སྐུལ་གནང་རྒྱུ་ཡིན་པར་བསྒྲགས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་བོད་དོན་ཞུ་གཏུག་གི་ཉིན་མོ་འདིར། གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཨ་རིའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ནི་ཨ་རིའི་མངོན་འདོད་དང་རིན་ཐང་གི་ལྟ་བར་མཐུན་པ་ཞིག་ཡིན་པ་མ་ཟད། གྲོས་ཚོགས་འཐུས་མིའི་ཁྱབ་ཁོངས་ཀྱི་མི་མང་་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་པར་པར་བསྒྲགས་ཏེ། ཐེངས་འདིའི་བོད་དོན་ཞུ་གཏུག་བརྒྱུད་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་བོད་དོན་རྒྱབ་སྐྱོར་ཚད་མཐོ་རུ་གཏོང་རྒྱུ་དང་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་དང་དེ་བཞིན་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གནད་དོན་དང་འབྲེལ་ནས་བོད་དོན་དེ་དམིགས་ཚད་མཐོ་རུ་འཛིན་རྒྱུར་རེ་བ་ཆེན་པོ་གནང་གི་ཡོད་པར་གསུངས་འདུག ཐེངས་འདིའི་ཞུ་སྐུལ་གྱི་ནང་དུ་དོན་ཚན་མང་དག་ཅིག་འཁོད་ཡོད་པའི་ཁོངས་སུ། གཙོ་བོ་ཨ་རིའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་ཚད་གཞི་མཐོ་རུ་བཏང་བའི་ཐོག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་བཞག་གནང་དགོས་རྒྱུ་དང་སྔར་ལོ་ཨ་རིའི་གྲོས་ཚོགས་སུ་བཞག་པའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དང་ཕར་འགྲོ་ཚུར་འོང་གི་སྲིད་བྱུས་སོགས་ལག་བསྟར་དོ་ནན་གནང་རྒྱུ། བོད་ཀྱི་རང་བྱུང་ཁོར་ཡུག་ཉམས་ཉེས་དང་གནམ་གཤིས་ཚ་འགྱུར་སོགས་ལ་ཐུགས་ཞིབ་གནང་རྒྱུ།  གཞན་ཡང་ཨ་རིའི་ངོས་ནས་སང་ལོར་རྒྱ་ནག་ཏུ་འཚོགས་འཆར་གྱི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐོག་ཨ་རིའི་གནད་ཡོད་ཀྱི་གཞུང་འབྲེལ་མི་སྣ་ཕེབས་རྒྱུར་བཀག་སྡོམ་གནང་དགོས་བ་སོགས་ཀྱི་གནད་དོན་ཁག་ཅིག་མངོན་གསལ་གནང་འདུག བོད་དོན་ཞུ་གཏུག་གི་ཉིན་མོ་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉིན་མོ་འདི་ནི་ཨ་རིའི་མི་རིགས་ཡོངས་དང་བོད་མི། དེ་བཞིན་བོད་པའི་ཚོགས་སྡེ་ཁག་གིས་ས་ཁུལ་སོ་སོའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་དང་འབྲེལ་བའི་བརྡ་ལན་གསལ་བོར་འབུལ་རྒྱུའི་ཉིན་མོ་ཞིག་ཡིན་པར་མངོན་གསལ་གྱིས། འདི་ལོའི་ཞུ་གཏུག་བརྒྱུད་ནས་ཨ་རིའི་སྲིད་འཛིན་བྷ་ཊན་མཆོག་གི་གཞུང་འཛིན་ཚོགས་པས་བོད་དོན་རྒྱབ་སྐྱོར་གྱི་དམ་ཚིག་དོན་ལ་གནས་རྒྱུར་ཤུགས་སྣོན་སྐྱོན་རྒྱུ་ཡིན་པར་བསྒྲགས་འདུགགཞི་རྩའི་སྔར་ལོར་ཨ་རིའི་གྲོས་ཚོགས་ཀྱི་དབུས་སུ་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ Tibetan Policy and Support Act of 2020 ཞེས་གྲོས་ཚོགས་འཐུས་མིས་ཚད་མཐོ་བོའི་རྒྱབ་སྐྱོར་འོག་ཁྲིམས་སུ་བཅོས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཡང་བོད་དོན་རྒྱབ་སྐྱོར་གྱི་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་བྱས་ཡོད་པ་དང་བསྟུན་ནས།  ཨ་རིའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་བོད་དོན་རྒྱབ་སྐྱོར་ལ་མིག་དཔེར་འོས་པའི་ཁྲིམས་འཆར་རིམ་པ་གཏན་འབེབས་གནང་བར་བོད་མི་སྤྱི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་བསྔགས་བརྗོད་གནང་བཞིན་པ་དང་བསྟུན་ནས། ད་ཆ་ཁྲིམས་འཆར་དེ་དག་དངོས་སུ་ལག་བསྟར་ཡོང་ཐབས་ལ་ཤུགས་སྣོན་རྒྱག་བཞིན་པ་རེད།

ཡུ་རོབ་ཀྱི་གནད་ཡོད་མི་སྣར་བོད་རྒྱ་གཉིས་ཀྱི་གནད་དོན་གསལ་ཐབས་གནང་དགོས་པའི་འབོད་སྐུལ།

བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་རྩོམ་པ་པོ་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཚོགས་པ་ Kreddha ཞེས་པའི་འཛིན་སྐྱོང་ཚོགས་གཙོ་སློབ་དཔོན་སྐུ་ཞབས་ Michael van Walt can Praag ལགས་ཀྱིས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་དང་འབྲེལ་ཏེ་བོད་རྒྱ་གཉིས་ཀྱི་གནད་དོན་གསལ་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་འདུགཉེ་ཆར་སྐུ་ཞབས་ Michael ལགས་ཀྱིས་ཡུ་རོབ་སྦེལ་ཇམ་གྱི་རྒྱལ་ས་ Brussels ནས་ Netherland ཡི་གྲོང་ཁྱེར་ Hague དང་དེ་ནས་ཕ་རན་སིའི་རྒྱལ་ས་ Paris བཅས་གསུམ་གྱི་ནང་བོད་དོན་གྱི་སྐོར་སྐྱོར་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་ལྟར་ཁ་ཉིན་སྔ་དྲོར་ཁོང་སྦེལ་ཇམ་གྱི་རྒྱལ་ས་ Brussels ནང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒྱལ་ཁབ་ཀྱི་གཞུང་འབྲེལ་མི་སྣ་ཁག་དང་མཇལ་འཕྲད་གནང་སྟེ་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བོད་དབང་སྒྱུར་བྱས་པའི་སྐོར་ཁྲིམས་དང་ལོ་རྒྱུས་ཀྱི་ལྟ་ཚུལ་ཐོག་ནས་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒྱལ་ཁབ་རྣམས་ཀྱི་གཞུང་འབྲེལ་སྐུ་ཚབ་རྣམས་ལ་རྒྱ་ནག་གིས་བོད་ཀྱི་གནད་དོན་སྐོར་འཛམ་གླིང་མི་མང་ལ་འཁྱོག་བཤད་ཀྱིས་དྲིལ་བསྒྲགས་སྤེལ་ཏེ་ལམ་ལོག་ཏུ་འཁྲིད་བཞིན་ཡོད་པ་དེ་ཡོ་བསྲང་གནང་དགོས་པའི་དགོངས་ཚུལ་སོགས་གསུངས་འདུག དེ་བཞིན་ཚེས་ ༢༧ ཉིན་རྒྱབ་སྐུ་ཞབས་ Michael ལགས་ཀྱིས་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་དང་དོན་ཁང་གི་ལས་བྱེད་རྣམ་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་དང་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་དབར་མཇལ་འཕྲད་གནང་སྟེ་སྐུ་ཞབས་ཁོང་གིས་ཉེ་ཆར་བརྩམས་པའི་ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་གནས་ཚུལ་གནད་བསྡུས་ཞེས་པའི་སྐོར་ངོ་སྤྲོད་དང་སྦྲགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་བོད་རྒྱ་གཉིས་ཀྱི་རྩོད་རྙོག་ལས་བྱུང་བ་ཞིག་ཡིན་སྟབས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ངེས་པར་དུ་བོད་རྒྱ་གཉིས་ཀྱི་རྩོད་རྙོག་གི་འབྱུང་རྩ་གསལ་ཐབས་གནང་དགོས་པའི་ནན་སྐུལ་གནང་བ་དང་ཆབས་ཅིག བོད་མིའི་མངོན་འདོད་རང་དབང་ཐོབ་ཐབས་སུ་རྒྱབ་སྐྱོར་གནང་དགོས་ཞེས་གསུངས་ཡོད། སྐབས་དེར་སྐུ་ཞབས་ Michael ལགས་ཀྱིས་རྒྱ་གཞུང་གིས་བོད་མི་རྣམས་ལ་གྲངས་ཉུང་མི་རིགས་ཞེས་ཐ་སྙད་སྤྱོད་བཞིན་པའི་ཐད་ཡིད་གཟབ་གནང་དགོས་པ་དང་བོད་མི་རྣམས་མི་རིགས་ཤིག་ཡིན་པ་ལས་གྲངས་ཉུང་མི་རིགས་མ་རེད་ཅེས་གསུངས་འདུག གོང་གནས་དང་འབྲེལ་བའི་པར་གྱི་བདག་དབང་བོད་མིའི་སྒྲིག་འཛུགས་ལ་ཡོད།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་དགོས་པའི་ཞུ་སྐུལ་ལ་ཐུགས་སྣང་དགོས།

ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་ནས་སུད་སི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༨ པ་འཚོགས་བཞིན་ཡོད་པ་ལྟར་ལྷན་ཚོགས་ཐོག་ཨི་རི་དང་འཇར་མི་ནི། ཌན་མག སུད་ཌན། ནི་ཐར་ལན་ཌི། སུད་སི་སོགས་རྒྱལ་ཁབ་ ༢༦ ལས་གྲུབ་པའི་ཡོ་རོབ་མཐུན་ཚོགས་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱིས་བློ་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་ཡོད་པ་མ་ཟད་ཁ་སང་ལྷན་ཚོགས་ཐོག་གཞུང་འབྲེལ་མིན་པའི་སྐུ་ཚབ་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ནས་རྒྱལ་ཚོགས་ཀྱི་ཁེ་ལས་མི་སྣ་ ༥༠ ཙམ་ཞིག་གིས་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་ཀྱིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་དག་ལ་བརྟག་ཞིབ་དང་ལྟ་སྲུང་ནན་པོ་བྱེད་དགོས་པའི་ཞུ་སྐུལ་ལ་ཐུགས་སྣང་དགོས་པ་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཐུགས་སྣང་དགོས་པའི་ཚོགས་དུས་ཐོག་སུད་སི་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་ society for Threatened people ཞེས་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་ཀྱི་ཚོགས་པའི་མཚན་ཐོག་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་ཁྲོད་འདིར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཛ་དྲག་ཐོག་ནས་རྒྱ་ནག་གིས་བྱ་སྤྱོད་དེ་མཚམས་འཇོག་བྱེད་ཐུབ་པ་བཟོ་དགོས་པ་དང་རྒྱ་ནག་གིས་བོད་མི་གཙོས་ཡུ་གུར་དང་སོག་པོའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་མཚོན་པའི་རྗེས་ཤུལ་ཡོངས་མེད་པ་བཟོ་ཐབས་ཐད་ལ་འབད་བརྩོན་བྱེད་བཞིན་ཡོད་པ་ཡོངས་གྲགས་ཡིན་པར་གསུངས་འདུག དེ་བཞིན་ཁོང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་གཞུང་ནས་མུ་མཐུད་དེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་དང་ལྷག་པར་དུ་ཉེན་རྟོག་པས་དུས་རྟག་ཏུ་བོད་མིར་ལྟ་སྲུང་ནན་པོས་དམ་དྲག་བྱེད་བཞིན་པ་མ་ཟད། སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་རྒྱུར་དམ་དྲག་བྱེད་ཀྱི་ཡོད་པ་གསུངས་འདུག ཁོང་གིས་ཉེ་ལམ་རྫ་དབོན་པོ་ཁུལ་ནས་བོད་མི་ ༡༠༠ ལྷག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་གནང་བའི་དབང་གིས་འཛིན་བཟུང་བྱས་ཡོད་སྐོར་དང་། དེ་བཞིན་རྒྱ་ནག་གིས་ལོ་ངོ་ ༢༦ ཙམ་ཞིག་རིང་རྒྱལ་ཚོགས་ལ་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ཐད་ལན་འདེབས་ཁ་གསལ་གང་ཡང་ཞུས་མེད། བོད་ནང་གི་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཁག་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོའི་བསྟི་གནས་ལ་གྱུར་ཡོད་པ་སོགས་འགྲེལ་བརྗོད་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་དེ་སྔ་རྒྱལ་ཚོགས་ཀྱི་ཁེ་ལས་མི་སྣ་ ༥༠ ཙམ་ཞིག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་དགོས་པའི་ཐོག་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དག་ལ་དཔྱད་ཞིབ་དང་ལྟ་སྲུང་ནན་པོ་ དགོས་པའི་ཞུ་སྐུལ་ལ་ཐུགས་སྣང་གནང་རོགས། རྒྱ་གཞུང་ནས་བོད་མི་དང་ཡུ་གུར་བ། སོག་པོ། དེ་བཞིན་ཧོང་ཀོང་བའི་ཐོག་དྲག་གནོན་ཅན་གྱི་བྱ་སྤྱོད་སྤེལ་བཞིན་ཁག་མཚམས་འཇོག་དགོས་ཞེས་གསུངས་ཡོད་སྐོར་གསུངས་འདུགལྷན་ཚོགས་དེའི་ཐོག་གཞན་ཡང་། Helsinki Foundation for Human Rights ཞེས་གཞུང་འབྲེལ་མིན་པའི་སྐུ་ཚབ་ངོ་བོའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ Melanie Blondelle ལགས་ཀྱིས་ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་ཞི་བའི་བཅིངས་འགྲོལ་བཏང་སྟེ་ལོ་ངོ་ ༧༠ འཁོར་བ་ཡིན་ཟེར་བའི་དུས་སྟོན་ཞིག་ཚོགས་ཡོད་པ་ལྟར་དོན་དངོས་ཐོག་བོད་ནང་གི་གནས་སྟངས་དེ་རྒྱ་གཞུང་གི་དྲིལ་བསྒྲགས་བྱས་པ་ལས་འགལ་ཟླ་ཡོད་པར་གསུངས་འདུག ལྷག་དོན་རྒྱ་གཞུང་གིས་བོད་ནང་མུ་མཐུད་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་བྱུས་སྤེལ་བ་དང་ཆབས་ཅིག རང་དབང་ཅན་གྱི་བསམ་བློ་དང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་དོན་རིགས་ལ་དམ་དྲག་བྱེད་ཀྱི་ཡོད་པས་ང་ཚོས་བོད་དེ་རྒྱལ་སྤྱིར་སྒོ་མོ་ཕྱེས་པའི་ཐོག་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ་ཞུ་བཞིན་པ་ལྟར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་སྤེལ་བ་དག་གླེང་སློང་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཐུགས་སྣང་གནང་དགོས་པ་དང་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣས་རྒྱ་ནག་ཐོག་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་དགོས་པའི་ཐད་ལ་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ནས་རྒྱབ་སྐྱོར་གནང་དགོས་སྐོར་གསུངས་འདུག གཞི་རྩའི་འདས་ལོ་ ༢༠༢༠ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་ཁེ་ལས་རྟོག་ཞིབ་སྡེ་ཚན་ ༣༠ ཡི་ཁེ་ལས་རྟོག་ཞིབ་མི་སྣ་ ༥༠ མན་མཉམ་འཐུས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། དེ་བཞིན་ཤར་ཏུར་ཀི་སི་ཐན་བཅས་ཀྱི་ས་ཁུལ་དེ་དག་ནང་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐོག་རྒྱལ་ཚོགས་ཀྱིས་བསྐྱར་ཞིབ་གནང་སྟེ་རྒྱ་ནག་རང་གི་ཐོག་དམིགས་བསལ་གྱི་ཚོགས་དུས་རྒྱལ་ཚོགས་ཀྱི་ངོས་ནས་བསྐོང་ཚོགས་གནང་དགོས་པ་དང་།  རྒྱལ་ཚོགས་ནས་རྒྱ་ནག་ཐོག་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་བྱེད་དགོས་པ། དེ་བཞིན་དམིགས་བསལ་ཁེ་ལས་སྐུ་ཚབ་བཅས་ཆེད་འཛུགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་སྒོས་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡོད་པའི་ས་ཁུལ་ཐོག་ལྟ་ཞིབ་དང་ཞིབ་འཇུག་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་དགོས་པར་གསུངས་ཡོད།

ཐེ་ཝན་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་པར་རིས་འགྲེམས་སྟོན་དབུ་འཛུགས།

ཐེ་ཝན་གྱི་རྒྱལ་ས་ཐེ་པཱེ་ནང་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གཉིས་ཀྱི་གོ་སྒྲིག་གི་འོག   དེ་རིང་ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཉིས་ཀྱི་རིང་ལ་ཁུལ་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་པར་རིས་འགྲེམས་སྟོན་གྱི་ལས་གཞི་ཞིག་དབུ་འཛུགས་གནང་འདུགཐེངས་འདིའི་འགྲེམས་སྟོན་གྱི་ལས་གཞིའི་ཁྲོད་དུ་བོད་ནང་དུ་བོད་དོན་གྱི་ཆེད་དུ་དཀའ་སྡུག་ཚད་མེད་མྱངས་བའི་ཆབ་སྲིད་བཙོན་ཟུར་འདས་གསོན་གཉིས་ཀྱི་གཙོ་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་དོན་ལས་འགུལ་བ་རྣམས་ཀྱི་པར་རིས་རི་མོར་བྲིས་ཏེ། ཁོང་ཅག་གི་བོད་དོན་འཐབ་རྩོད་ཁྲོད་ཕྱག་ལས་གནང་བའི་ལོ་རྒྱུས་སྙིང་བསྡུས་སོགས་འཁོད་ཡོད་པའི་ཁོངས་སུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་དམ་པ་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དང་ཨ་མ་ཨ་བདེ་ལགས། དེ་བཞིན་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་སོགས་དང་། དེ་བཞིན་བྱེས་ཀྱི་བོད་དོན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་དང་བསྟན་འཛིན་བརྩོན་འགྲུས་སོགས་ཀྱི་མི་བཅུ་དྲུག་ལྷག་གི་པར་རིས་བདམས་བྲིས་གནང་འདུགའདི་གའི་གསར་འགོད་པའི་ཞལ་པར་བརྒྱུད་ནས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་སུ་ཐེངས་འདིའི་ལས་གཞིའི་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས་གཞི་རྩའི་ལས་གཞི་དེ་དེ་རིང་ནས་དབུ་འཛུགས་གནང་གི་ཡོད་ཀྱང་ཁ་སང་གཟའ་ཉི་མ་ཡིན་སྟབས་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་སོགས་དབུ་བཞུགས་ཀྱི་ཐོག་ནས་གསར་འགོད་བསྒྲགས་ཤིག་བསྐྱངས་ཏེ་བོད་མི་རྣམས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་འཐབ་རྩོད་རྒྱུན་སྐྱོང་གནང་བའི་ཐད་ནས་ངོ་སྤྲོད་ཀྱི་ལས་རིམ་ཞིག་སྔོན་སོང་གིས། དེ་རིང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་པར་རིས་འགྲེམས་སྟོན་གྱི་ལས་གཞི་དེ་དངོས་སུ་འགོ་འཛུགས་གནང་ཡོད་པ་དང་། ཐེ་ཝན་ཁུལ་གྱི་གསར་ཁང་དང་རླུང་འཕྲིན་ཁང་སོགས་ཀྱིས་ཀྱང་ལས་གཞི་འདིར་དོ་སྣང་ཆེན་པོའི་ཐོག་ནས་ལས་རིམ་བཟོས་ཡོད་པར་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས་ངོ་ལོ་ཉི་ཤུ་ལྷག་ལ་ཐེ་ཝན་གྱི་ཁུལ་དུ་བོད་དོན་གྱི་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་ཀྱང་། དེ་རིང་གི་པར་རིས་འགྲེམས་སྟོན་གྱི་ལས་འགུལ་དེ་ནི་གསར་གཏོད་ཀྱི་རྣམ་གྲངས་ལྟ་བུ་ཞིག་ཆགས་ཡོད་པ་མ་ཟད། མང་ཚོགས་ཀྱི་ཁྲོད་དུ་བོད་དོན་གྱི་སྐོར་ལ་ཤེས་རྟོགས་གང་འཚམས་ཡོད་ཀྱང་ལས་གཞི་དེ་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་འཐབ་རྩོད་ཀྱི་གནས་བབ་དེར་ཞིབ་ཚགས་ཀྱིས་རྒྱུས་མངའ་ཟབ་མོ་བྱུང་ཡོད་རབས་བརྗོད་མཁན་མང་པོ་བྱུང་ཡོད་པར་འགྲེལ་བརྗོད་ཀྱིས། ལས་འགུལ་དེ་ཧ་ཅང་གི་ཐུགས་ཕན་སོས་བ་ཞིག་ཆགས་ཡོད་སྐོར་གསུངས་སོང་། གཞི་རྩའི་དེ་རིང་གི་པར་རིས་འགྲེམས་སྟོན་གྱི་ལས་གཞི་དེ་ནི་ཐེ་ཝན་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་ཤིག་གིས་དངོས་སུ་ཆུ་ཚོད་དང་མ་དངུལ་ཆེད་གཏོང་གིས་བོད་དོན་འཐབ་རྩོད་པ་རེ་རེའི་པར་རིས་ལག་བྲིས་གནང་སྟེ། ཁོང་གི་བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་གྱི་ལོ་རྒྱུས་ཕྱོགས་བསྡུས་གནང་བ་ཞིག་ཆགས་ཡོད་པ་དང་། རི་མོ་བ་ཁོང་གིས་བོད་འཐབ་རྩོད་པ་ཙམ་མ་ཡིན་པར། བཙན་བྱོལ་ནང་གི་ན་ཆུང་བུ་མོ་ཞིག་གིས་ལག་ཏུ་སྒྲོན་མེ་ཐོགས་པའི་པར་རིས་ཤིག་ཀྱང་བྲིས་གནང་སྟེ། པར་རིས་དེ་ནི་བོད་མི་རྣམས་ཀྱི་རང་དབང་འཐབ་རྩོད་ཀྱི་དཔལ་འབར་བརྒྱུད་སྤྲོད་ཀྱི་རྣམ་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག

སུད་སི་དང་ལིག་ཏེན་སིཊཡན་བོད་སློབ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པ་སྐོང་ཚོགས།

ཁ་སང་ཕྱི་ཚེས་ ༢༥ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་ཁྱབ་ཁོངས་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༢ སྐོང་ཚོགས་གནང་ཡོད་ཅིང། ཚོགས་འདུ་ཐོག་ས་གནས་སུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་སློབ་མ་ཚོར་བོད་ཀྱི་ཐོུང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་རྒྱུས་ཁྲིད་རྒྱུན་འཇགས་ཡོང་རྒྱུར་དམིགས་ཏེ་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་སློབ་མ་འདུ་སྐོང་གིས་ལོ་རེའི་ནང་ཕ་སྐད་ཉིན་མོ་སྲུང་བརྩི་དང་རིག་གཞུང་འཁྲབ་སྟོན་བྱེད་སྒོ་སྤེལ་རྒྱུའི་གྲོས་ཐག་བྱུང་འདུགསྤྱིར་སྐབས་ ༡༨ པའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ངོས་ནས་ཁྱབ་ཁོངས་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་ལས་དོན་ཚགས་ཚུད། ཤེས་རིག་དང་འབྲེལ་བའི་ཕན་ཚུན་ཉམས་མྱོང་སྤེལ་རྒྱུ་སོགས་ལ་དམིགས་ཏེ་ཟླ་བ་བཞི་རེའི་ནང་བོད་སློབ་ཁག་གི་འགན་འཛིན་ལྷན་ཚོགས་སྐོང་ཚོགས་གནང་སྟེ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་ཚོགས་ཡོད་པ་རེད།ཐེངས་འདིའི་སུད་སི་དང་ལིག་ཏེན་སིཊཡན་བོད་སློབ་འགན་འཛིན་ལྷན་ཚོགས་ཆེན་ཐེངས་གཉིས་པའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་དོན་ཁང་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན། དེ་བཞིན་བོད་སློབ་སྤྱི་ཁྱབ་ཚེ་དབང་མུན་སེལ་ལགས་ཀྱིས་གཙོས་པའི་ཁྱབ་ཁོངས་བོད་སློབ་ཁག་ ༢༠ ཐམ་པའི་འགན་འཛིན་བཅས་ལྷན་འཛོམས་བྱུང་འདུག བོད་སློབ་སྤྱི་ཁྱབ་ཚེ་དབང་མུན་སེལ་ལགས་ཀྱིས་ཚོགས་འདུ་ཐོག་འདི་ལོ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་ས་གནས་གྲོས་ཚོགས་ཐོག་བཞག་པའི་གྲོས་ཆོད་ཀྱི་དགོངས་དོན་ལྟར་ཕྱི་ལོ་ ༢༠༢༢ ལོ་དེ་བོད་ཀྱི་སྐད་ཡིག་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པས་དེ་འབྲེལ་བྱེད་སྒོ་སྤེལ་ཕྱོགས་དང་། དེ་བཞིན་ཉེ་སྔོན་འགན་འཛིན་ལྷན་ཚོགས་ཐེངས་དང་པོའི་ཐོག་བཀའ་བསྡུར་བྱུང་བའི་གྲོས་གཞི་ཁག་བསྐྱར་ཞིབ་དང་མཇུག་སྐྱོང། མ་འོངས་པར་ཤེས་རིག་དང་འབྲེལ་བའི་ལས་དོན་སོགས་ཀྱི་ཐོག་གྲོས་བསྡུར་གནང་འདུག་པ་མ་ཟད། ལྷག་པར་དུ་ད་ལན་གྱི་ཚོགས་འདུ་ཐོག་ཁྱབ་ཁོངས་བོད་སློབ་ཁག་གི་དགེ་རྒན་རྣམས་ལ་ས་གནས་ཀྱི་ཁོར་ཡུག་དང་དེང་གི་དུས་ཚོད་དང་མཐུན་པའི་བོད་ཕྲུག་ཚོར་སྐད་ཡིག་སློབ་ཁྲིད་གནང་ཐབས་ཀྱི་ཟབ་སྦྱོང་ཕུལ་རྒྱུ་དང། དེ་བཞིན་ས་གནས་སུ་ཡོད་པའི་གཟའ་མཇུག་བོད་ཡིག་སློབ་གྲྭ་རྣམས་གཅིག་གྱུར་གྱི་དྲི་ཤོག་བཟོས་ནས་རྒྱལ་ཡོངས་ལོ་འཁོར་ཡིག་རྒྱུག་གཏང་རྒྱུ་བཅས་ཀྱི་གྲོས་ཐག་ཀྱང་བྱུང་ཡོད་པ་རེད། སྤྱིར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནི་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་རིགས་ཚོགས་པ་ཡོད་པའི་ཁོངས་ནས་ས་གནས་གྲོས་ཚོགས་ཡོད་པའི་སྒྲིག་འཛུགས་གཅིག་པོ་དེ་ཆགས་ཀྱི་ཡོད་པ་རེད། ད་ཆ་སྒྲིག་འཛུགས་དེའི་འོག་བོད་རིགས་ཚོགས་ཆུང་ ༢༥ དང་ཚོགས་མི་ཁྱོན་ ༨༠༠༠ ཙམ་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་མི་མང་གི་སྒྲིག་འཛུགས་ཆེ་གྲས་དང་རྙིང་གྲས་ཤིག་ཀྱང་ཡིན་པ་མ་ཚད་པར་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ད་ལྟའི་ཆར་གཟའ་མཇུག་བོད་སློབ་ ༢༢ དང་སློབ་མ་ ༤༧༥ ལྷག་ཙམ་ཡོད།

Latest news