Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཏོག་དབྱིབས་ཀྱི་གཉན་སྲིན་ངོ་བོ་འགྱུར་ལྡོག་འགྲོ་བ་དེས་བརྒྱ་ཆ་བདུན་ཅུ་འགོས་ཁྱབ་མྱུར་བ་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གིས་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་དབྱིན་ཡུལ་ནང་ཐོན་པའི་ Mutant Covid 19 འམ་ཏོག་དབྱིབས་གཉན་རིམས་ ༡༩ ཡི་གཉན་སྲིན་གྱི་ངོ་བོར་འགྱུར་ལྡོག་ཕྱིན་པ་དེས་བརྒྱ་ཆ་ ༧༠ འགོས་ཁྱབ་མྱུར་བ་ཡོད་སྟབས་མང་ཚོགས་ནས་མུ་མཐུད་སྔོན་འགོག་གི་ཐབས་ལམ་རྣམས་བསྟེན་དགོས་པའི་གཞེན་སྐུལ་གནང་སོང་།བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༩ སྤེལ་བའི་ཐོག་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ཆ་ཏོག་དབྱིབས་གཉན་རིམས་ ༡༩ ཡི་གཉན་སྲིན་གྱི་ངོ་བོ་དང་རྣམ་པ་འགྱུར་ལྡོག་འགྲོ་བ་ Mutant Coronavirus ཞེས་པ་དེ་ནད་གཞི་གསར་པ་གང་ཡང་མིན་པ་དང་དེ་ནི་ཏོག་དབྱིབས་ ༡༩ གཉན་རིམས་ཡིན་པ་གང་ཞིག་ལ་ནད་འབུ་དེ་ངོ་བོ་དང་རྣམ་པ་ཡང་སེ་འགྱུར་ལྡོག་འགྲོ་བ་ཞིག་ཆགས་ཀྱི་ཡོད་པ་དང་སྒོས་སུ་གཉན་སྲིན་འགྱུར་ལྡོག་ཕྱིན་པ་དེས་བརྒྱ་ཆ་ ༧༠ འགོས་ཁྱབ་མྱུར་བ་ཡོད་སྐོར་གསུངས་སོང་།དབྱིན་ཡུལ་དང་ལྷོ་ཨ་ཕི་རི་ཀ་སོགས་ནང་གཉན་སྲིན་གྱི་ངོ་བོ་འགྱུར་ལྡོག་ཕྱིན་པའི་ནད་འབུ་འགོས་པའི་མི་ཁག་ཅིག་ཐོན་སྐབས་ཉེ་ཆར་རྒྱ་གར་གཞུང་གིས་ཕྱི་ཚེས་ ༢༤ ནས་དབྱིན་ཡུལ་ནས་གནམ་གྲུ་འགྲུལ་བཞུད་སོགས་བཀག་སྡོམ་གནང་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་ནང་གཉན་སྲིན་གྱི་ངོ་བོ་འགྱུར་ལྡོག་ཕྱིན་ནས་ནད་འབུ་འགོས་པ་མེད་ཀྱང་། འདས་པའི་བདུན་ཕྲག་ནང་དབྱིན་ཡུལ་ནས་ཕེབས་མཁན་ཚོར་དཔྱད་བཞིན་ཡོད་སྐོར་གསུངས་ཡོད།དེ་བཞིན་བདུན་ཕྲག་འདིའི་ནང་བོད་མིའི་འདུག་སྡོད་ཁག་གི་ཏོག་དབྱིབས་གནས་སྟངས་དང་འབྲེལ་ནས་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ཆ་ཨ་རིས་གཙོས་པའི་སུད་སི་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཁར་ས་གནས་དེ་དག་ནང་དུ་གནས་བཞུགས་བོད་མི་རྣམ་པས་རེ་སྐུལ་ཞུས་པ་ལྟར་གསོ་རིག་ལུས་སེམས་ནུས་གསོའི་སྨན་འགྲེམས་སྤེལ་གནང་ཡོད་པ་གསུངས་སོང་། ཕྱོགས་མཚུངས་རྒྱ་གར་ནང་མི་གྲངས་ ༧ དང་བལ་ཡུལ་ནང་བོད་མི་ ༦ ལ་གཉན་རིམས་ཕོག་པ་བཅས་ཁྱོན་རྒྱ་བལ་གཉིས་ནང་བོད་མི་ ༡༣ ལ་གཉན་རིམས་ཕོག་ཡོད་པ་དང་། གཉན་རིམས་ཕོག་མཁན་དེའི་ཁོངས་མི་གྲངས་ ༧ ལ་ནད་རྟགས་ཡོད་པ་དང་དེ་མིན་རྣམས་ལ་ནད་རྟགས་དམིགས་བསལ་མེད་པ་གསུངས་ཡོད། བདུན་ཕྲག་འདིའི་ནང་ལ་དྭགས་ནས་སྐྱེས་པ་རང་ལོ་ ༧༤ དང་ཤིམ་ལ་ནས་སྐྱེས་པ་རང་ལོ་ ༥༥ སོན་པ་བཅས་བོད་མི་གཉིས་གཉན་རིམས་རྐྱེན་གྱིས་འདས་གྲོངས་སུ་གྱུར་འདུགརྒྱ་གར་གཞུང་གི་གཉན་རིམས་དང་འབྲེལ་ལམ་སྟོན་སོགས་ཀྱི་སྐོར་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ Mutant Coronavirus ཞེས་པའི་ནད་གཞི་དེ་འགོས་སླ་བ་ཡིན་ཀྱང་། ད་ལྟའི་ཆར་གཉན་སྲིན་འགྱུར་བ་ཕྱིན་པ་དེས་ན་ཚ་ཕོག་མཁན་ཚོར་ན་ཚ་སྡུག་པ་དང་འདས་གྲོངས་སུ་འགྱུར་བའི་ཉེན་ཚབས་ཆེ་བ་ཡོད་མེད་ཐད་གནས་ཚུལ་ཁ་གསལ་པོ་མེད་པ་གསུངས་སོང་བ་དང་། ཁོང་གིས་ཟླ་ ༡༡ ཚེས་ ༢༥ ནས་དབྱིན་ཡུལ་ནས་རྒྱ་གར་ནང་འབྱོར་བ་དང་ཏོག་དབྱིབས་གཉན་རིམས་ཀྱི་བརྟག་དཔྱད་གནང་མེད་ཚེ་ངེས་པར་དུ་བརྟག་དཔྱད་གནང་དགོས་པ་དང་། རྒྱ་གར་གཞུང་གི་ངོས་ནས་ཀྱང་དེ་འབྲེལ་ཐད་མངའ་སྡེ་སོ་སོར་འབྲེལ་བ་གནང་མུས་ཡིན་སྐོར་གསུངས་ཡོད།གཞི་རྩའི་རྒྱ་བལ་གཉིས་སུ་ཆགས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་བར་བོད་མི་ཁྱོན་ ༡༤༣༤ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་འདས་གྲོངས་སུ་གྱུར་བ་དེ་ ༣༧ ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། ནད་གཞི་དེ་ལས་དྲག་སྐྱེད་བྱུང་བ་ནི་ ༡༣༠༧ དང་བརྒྱ་ཆའི་ཆ་ནས་བརྒྱ་ཆ་ ༩༠ བརྒལ་བ་དང་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་དེ་ ༩༠ ཆགས་ཀྱི་འདུགརྒྱ་གར་ནང་ད་བར་ཏོག་དབྱིབས་གཉན་རིམས་ཕོག་མཁན་ས་ཡ་བཅུ་ལྷག་བྱུང་བའི་ཁོངས་ནས་རྐྱེན་འདས་སུ་གྱུར་བ་ནི་འབུམ་གཅིག་ལྷག་ཆགས་ཀྱི་འདུག་པ་དེ་ལྟར་ཡང་། ནད་གཞི་དེ་ལས་དྲག་སྐྱེད་བྱུང་བ་ནི་མི་གྲངས་ས་ཡ་དགུ་ལྷག་ཆགས་ཀྱི་འདུག དེའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཡུལ་རྒྱ་གར་ཧི་མཱ་ཅལ་ནང་དུ་ཉེ་ལམ་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་ཇེ་མང་དུ་འགྲོ་བའི་རྐྱེན་གྱིས་མངའ་སྡེ་ནས་རེས་གཟའ་ཉི་མའི་ཉིན་ཟ་ཁང་དང་ཚོང་ཁང་སོགས་གཉེར་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད།ཉེ་ལམ་ཤིམ་ལའི་ཟ་ཁང་དང་ཚོང་གཉེར་ཚོགས་པ་རྣམས་ཀྱིས་མངའ་སྡེའི་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་དང་ཐུག་འཕྲད་ཀྱིས་རེས་གཟའ་ཉི་མའི་ཉིན་ཚོང་གཉེར་ཆོག་པའི་རེ་སྐུལ་ཞུས་པ་ལྟར། ད་ཆ་ཧི་མཱ་ཅལ་གྱི་ཤིམ་ལ་དང་ཀུ་ལུ། མན་ཌི། ཀངྒ་ར་རྫོང་ཁོངས་བཅས་སུ་རེས་གཟའ་ཉི་མའི་ཉིན་ཚོང་ལས་དང་འབྲེལ་བའི་ལས་དོན་ཁག་གཉེར་ཆོག་པ་མ་ཟད། དེ་སྔོན་གྱི་མཚན་མོའི་ཆུ་ཚོད ༩  པ་ནས་སྔ་དྲོའི་ཆུ་ཚོད་ ༦ བར་གྱི་ཐེམ་སྤང་གི་དུས་ཡུན་ལ་གྱུར་བ་བཏང་ནས་མཚན་མོའི་ཆུ་ཚོད་ ༡༠ ནས་སྔ་དྲོའི་ཆུ་ཚོད་ ༦ བར་བཟོས་འདུག

རྒྱ་གར་གཞུང་ནས་ཨ་རི་ལྟར་༸རྒྱལ་བའི་ཡང་སྲིད་ཐོག་བཞེངས་ཕྱོགས་ཁ་གསལ་དགོས།

དེ་རིང་རྒྱ་གར་གྱི་ Hindustan Times ཞེས་པའི་གྲགས་ཅན་གསར་ཤོག་གི་རྩོམ་སྒྲིག་པའི་གླེང་བརྗོད་ཐོག་ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་དང་བསྟུན། ༸རྒྱལ་བའི་༸སྐུའི་ཡང་སྲིད་དང་འབྲེལ་བའི་འཐབ་རྩོད་ཅེས་པའི་དམིགས་བསལ་དཔྱད་གཏམ་ཞིག་སྤེལ་བ་དང་འབྲེལ་ནས་རྒྱ་གར་གཞུང་གིས་ཨ་རི་ནང་བཞིན་བཞེངས་ཕྱོགས་བརྟན་པོ་ཞིག་འཛིན་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པའི་ཐད་བཞེངས་ཕྱོགས་གསལ་པོ་བཟོ་དགོས་གལ་ཡིན་སྐོར་གསུངས་འདུགགསར་ཤོག་གི་རྩོམ་སྒྲིག་པའི་གླེང་བརྗོད་ནང་སྤྱིར་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་འཆར་དེ་ནི་ཊམ་སྲིད་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་བྱུས་ཤིག་མཚོན་གྱི་ཡོད་ཀྱང་། ཐུགས་སྣང་གནང་དགོས་པ་ཞིག་ལ་ཁྲིམས་འཆར་དེ་བརྒྱུད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་ཁྲོད་འཐབ་རྩོད་ཀྱི་རྣམ་པ་ཞིག་མངོན་བཞིན་པ་གསལ་པོ་རེད་ཅེས་གསུངས་འདུག ཐེངས་འདིའི་ཁྲིམས་འཆར་འོག་མ་འོངས་པར་རྒྱ་ནག་གཞུང་གིས་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་བརྒྱུད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རྒྱ་གཞུང་རང་ཉིད་ཀྱིས་བསྐོ་གཞག་བྱས་པའི་༸སྐུའི་ཡང་སྲིད་དེ་ལ་ངོས་འཛིན་བྱེད་དགོས་པའི་གནོན་ཤུགས་རིགས་སྤྲད་ཚེ་ཨ་རིའི་ངོས་ནས་དེར་ངོས་ལེན་གནང་རྒྱུ་མིན་པའི་བཞེངས་ཕྱོགས་གསལ་པོ་གནང་ཟིན་ཀྱང་། རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་བཞེངས་ཕྱོགས་དེ་འདྲ་ཞིག་གནང་དཀའ་བ་དང་། དེའང་དེ་སྔ་སོག་ཡུལ་ནས་༸གོང་ས་མཆོག་ཡུལ་དེར་གདན་ཞུ་ཕུལ་སྐབས་རྒྱ་ནག་གིས་རྒྱལ་ཁབ་དེའི་ཐོག་གནོན་ཤུགས་དང་དཀའ་ངལ་ཇི་སྤྲད་ལས་གསལ་པོ་ཤེས་ཐུབ་ཀྱི་རེད་ཅེས་གསུང་འདུག དེ་འབྲེལ་རྒྱ་གར་གཞུང་ནས་རྒྱ་གར་ནང་དུ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཆེད་འཛུགས་གནང་རྒྱུའི་ཆོག་མཆན་གནང་བ་མ་ཟད་༸གོང་ས་མཆོག་གིས་དབུས་པའི་བོད་མི་སྐྱབས་བཅོལ་བ་འབོར་ཆེན་ཞིག་གནས་སྡོད་ཀྱི་ཆོག་མཆན་གནང་ཡོད་པ་བཅས་ཀྱི་གནད་དོན་ཁོ་ནར་བློ་ཚིམས་ཏེ་མ་བཞུགས་པར་བོད་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་གསལ་པོ་ཞིག་བཟོ་རྒྱུའི་དུས་ལ་བབ་ཡོད་པ་ནན་བརྗོད་གནང་འདུག རྒྱ་གར་གཞུང་གི་ངོས་ནས་༸སྐུའི་ཡང་སྲིད་དང་འབྲེལ་བའི་དེང་རབས་ཀྱི་འཐབ་རྩོད་དེར་གདོང་ལེན་གྱི་གྲ་སྒྲིག་ངེས་པར་དུ་གནང་དགོས་པ་དང་། ལྷག་དོན་རྒྱ་གར་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དེ་ཡོང་གྲགས་གནང་དགོས་པ་མ་ཟད། ཉིན་རེ་བཞིན་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་ཐོག་འཛིན་པའི་ད་ལྟའི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པ། དེ་བཞིན་རྒྱ་ནག་ནས་ངོས་འཛིན་བྱ་སྲིད་པའི་༸རྒྱལ་བའི་ཡང་སྲིད་རྫུན་མར་གདོང་ལེན་གནང་ཕྱིར་ད་ལྟ་ནས་རྒྱལ་སྤྱིའི་གཞུང་འདྲ་མིན་དང་ལྷན་དུ་མཉམ་ལས་གནང་དགོས་ཞེས་འགྲེལ་བརྗོད་གནང་འདུག

བོད་དོན་ཁྲིམས་འཆར་གསར་པའི་འོག་བོད་ཀྱི་ཆུ་རྒྱུན་ཁག་ལ་འཛུགས་སྐྲུན་ལས་གཞིའི་སྐོར་སྙན་ཐོ་འགོད་འབུལ།

ཉེ་ཆར་ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་སྲིད་འཛིན་གྱི་མཚན་རྟགས་དང་འབྲེལ་ནས་ཁྲིམས་སུ་བཅས་ཚེ་ཁྲིམས་འཆར་གྱི་འབྲུ་དོན་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་གཞན་ཁག་དང་ཞིབ་བསྡུར་གྱིས་བོད་ནང་གི་རྫ་ཆུ་ཁ་འམ་མེ་ཀོང་ཆུ་རྒྱུན་ཆེན་པོའི་ཐོག་ཆུ་མཛོད་སོགས་ཀྱི་འཛུག་སྐྲུན་ལས་གཞི་ཁག་དང་དེའི་གཤམ་འོག་གི་ས་ཁུལ་ཁག་ཏུ་ཤུགས་རྐྱེན་བཅས་ཀྱི་སྐོར་ལ་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ལ་སྙན་ཐོ་འགོད་འབུལ་ཞུ་དགོས་ཀྱི་ཡོད་པ་རེད་འདུགའདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་ཨེ་ཤ་ཡའི་གླིང་ཆེན་གྱི་མི་འབོར་ཐེར་འབུམ་གཅིག་ཙམ་ནས་འཐུང་ཆུར་བརྟེན་བཞིན་པའི་བོད་མཐོ་སྒང་གི་ཆུ་རྒྱུན་ཁག་གི་ཐོག་ཆུ་མཛོད་མང་དག་ཅིག་གསར་རྒྱག་བྱས་དང་བྱེད་བཞིན་ཡོད་པ་བཅས་ལ་བརྟེན་ནས་ཚན་རིག་པ་རྣམས་ཀྱིས་བོད་མཐོ་སྒང་ཐོག་གོ་ལའི་ས་ཁུལ་གཞན་ལས་ལྡབ་གསུམ་གྱི་ཚ་དྲོད་མྱུར་བ་འཕེལ་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་མ་ཟད། འདི་ལོ་  Eyes on Earth Inc. ཞེས་པའི་གོ་ལའི་ཁོར་ཡུག་ཉམས་ཞིབ་ཚོགས་པས་སྙན་ཐོ་འདོན་སྤེལ་གནང་བར་སྔར་ལོ་རྒྱ་ནག་གཞུང་གིས་རྫ་ཆུའི་ཐོག་གསར་རྒྱག་བྱས་པའི་ཆུ་མཛོད་ཁག་གི་བརྒྱུད་ནས་གཤམ་འོག་ས་ཁུལ་ཁག་ཏུ་ཆུ་རྒྱུན་སྟངས་འཛིན་བྱས་ཡོད་པ་དང་། དེའི་རྐྱེན་གྱིས་ལྷོ་ཤར་ཨེ་ཤ་ཡའི་ས་ཁུལ་ཁག་ཏུ་ཐན་པའི་དཀའ་ངལ་འཕྲད་དེ་ས་ཁུལ་དེ་དག་གི་ཞིང་པ་དང་ཉ་པ་རྣམས་ཀྱི་འཚོ་གནས་ལ་དོ་ཕོག་ཤུགས་ཆེ་ཐེབས་ཡོད་པ་མངོན་གསལ་གནང་ཡོད་པ་རེད། དེ་བཞིན་ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་རྒྱ་གར་ནང་དུ་རྒྱུག་བཞིན་པའི་ཡར་ཀླུངས་གཙང་པོའི་སྟེང་སྔར་ལས་ལྷག་པའི་ཆུ་མཛོད་ཆེན་པོ་ཞིག་གསར་རྒྱག་བྱ་གཏན་ཁེལ་བའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།ཁ་སང་ཚེས་ ༢༣ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གྱི་འབྲུ་དོན་བཞིན་བོད་མཐོ་སྒང་གྱི་ཆུ་རྒྱུན་སྲུང་སྐྱོབ་དང་འབྲེལ་བའི་འབྲུ་དོན་ཟུར་འདོན་དང་འབྲེལ་གནས་ཚུལ་སྤེལ་བའི་ནང་ཁྲིམས་འཆར་དེ་ཁྲིམས་སུ་བཅས་པའི་ཉིན་གྲངས་ ༡༨༠ ནང་ཚུད་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ངོས་ནས་ USAID རོགས་ཚོགས་གཙོ་འཛིན་དང་། རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱི་ངེས་སྟོན་པ། དེ་བཞིན་འབྲེལ་ཡོད་ལས་ཁུངས་གཞན་ཁག་དང་གྲོས་བསྡུར་སྦྱང་བཤད་གནང་ཐོག་བོད་མཐོ་སྒང་སྤྱི་དང་ལྷག་པར་དུ་རྫ་ཆུའི་ཆུ་རྒྱུན་ཐད་རྒྱ་གཞུང་གིས་ཆུ་མཛོད་འཛུག་སྐྲུན་དང་དེའི་རྐྱེན་གྱིས་ཆུ་རྒྱུན་ལ་འགྱུར་ལྡོག་ཐེབས་པར་བརྟེན་གཤམ་འོག་རྒྱལ་ཁབ་ཁག་གི་ཐོག་ལ་ཆབ་སྲིད་དང་དཔལ་འབྱོར་གྱི་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་སྐོར་ལ་དཔྱད་ཞིབ་གནང་སྟེ་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ལ་སྙན་ཐོ་འགོད་འབུལ་ཞུ་དགོས་པ་ཐེར་འདོན་དང་འབྲེལ། ད་རེས་བོད་དོན་ཁྲིམས་འཆར་དེའི་ནང་དུ་སྙན་ཐོ་དེ་ལྟར་འགོད་འབུལ་ཞུ་དགོས་པའི་འབྲུ་དོན་འཁོད་པ་དེ་ནི་རྒྱ་གཞུང་གིས་བཙན་བཟུང་བྱས་པའི་བོད་མཐོ་སྒང་གྱི་ཆུའི་བདེ་འཇགས་ཐོག་རྒྱལ་སྤྱིའི་ངོས་ནས་སེམས་འཚབ་ཤུགས་ཆེ་གནང་བཞིན་པའི་རྣམ་པ་ཡིན་པར་གསུངས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་དེང་སྐབས་རྒྱ་ནག་གི་སྲིད་བྱུས་རྐྱེན་གྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་པའི་དུས་སྐབས་འདིར་བོད་མཐོ་སྒང་དང་དེའི་ཆུ་རྒྱུན་རྣམས་དེ་བས་ཀྱང་གལ་ཆེ་བ་ཆགས་ཡོད་སྐོར་དང་འབྲེལ། མི་ཐེར་འབུམ་གཅིག་ལྷག་འཚོ་བཞིན་པའི་བོད་མཐོ་སྒང་གྱི་ཆུ་རྒྱུན་ཁག་གི་ཐོག་རྒྱ་གཞུང་ནས་མཉམ་ལས་དང་ཕྱི་གསལ་གནང་གསལ་མེད་པར་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་ཡོད་སྟབས། ཨ་རིས་གཙོས་པའི་རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་རྒྱ་གཞུང་ནས་བོད་མཐོ་སྒང་ཐོག་སྲིད་བྱུས་འཛིན་ཕྱོགས་ལ་དོ་སྣང་ཆེན་པོ་གནང་དགོས་པ་གསུངས་འདུག ཁོང་གིས་ད་དུང་བོད་མཐོ་སྒང་གི་ཆུ་རྒྱུན་དང་ Mekong འམ་རྫ་ཆུའི་ཆུ་རྒྱུན་སྐོར་གྱི་སྙན་ཐོ་དེས་གོ་ལའི་ཆུའི་དཀའ་ངལ་ཐོག་དགོས་ངེས་ཀྱི་གནས་ཚུལ་མཁོ་སྤྲོད་གནང་རྒྱུ་དང་འབྲེལ་གནད་དོན་དེ་མངོན་གསལ་གནང་བ་ཆེས་ཐོག་མ་དེ་ཆགས་རྒྱུ་ཡིན་པར་གསུངས་འདུག

དབྱིན་ཡུལ་གྱི་གཙོ་བྱས་པའི་ཡུ་རོབ་རྒྱལ་ཁབ་ཁག་ཏུ་འོས་བསྡུ་བྱེད་རྒྱུར་བློ་འཚབ།

ཁ་སང་དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དབྱིན་ཡུལ་གཙོ་བོར་གྱུར་བའི་ཡུ་རོབ་རྒྱལ་ཁབ་ཁག་ནང་དུ་Mutant Covid ཞེས་པའི་ཏོག་དབྱིབས་གཉན་རིམས་གསར་མ་ཁྱབ་བརྡལ་གྱི་རླབས་རྒྱུན་གསར་བ་ཞིག་ཐོན་ཡོད་པར་བརྟེན་རྒྱལ་ཁབ་མང་པོ་ཞིག་གནས་སྐབས་སུ་ཁྱིམ་སྡོད་བཀག་རྒྱའི་འོག་གནས་ཡོད་སྟབས། རྒྱལ་ཁབ་དེ་དག་གི་ནང་གནས་བའི་བོད་མི་རྣམས་ཀྱིས་ཕྱི་ལོ་༢༠༢༡་ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དེ་ཉིན་བརྒྱ་དུས་གཅིག་ལ་བྱེད་ཐུབ་མིན་གྱི་ཐད་ནས་བློ་འཚབ་བྱེད་གཞི་ཞིག་ཏུ་གྱུར་འདུགདེ་རིང་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དབྱིན་ཡུལ་གྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་དང་། ཁུལ་དེའི་འོས་བསྡུའི་འགན་འཛིན་གྱི་ལས་རོགས་ཚེ་རིང་མཚོ་མོ་ལགས་སུ་ད་ལྟའི་དབྱིན་ཡུལ་ནང་གི་རིམས་ནད་ཁྲོད་ཀྱི་བོད་མིའི་གནས་བབ་སྤྱི་དང་། དེ་བཞིན་མང་ཚོགས་ཀྱི་ཁྲོད་དུ་ཐུགས་འཚབ་འབྱུང་བཞིན་པའི་འོས་བསྡུའི་ལས་རིམ་དུས་ཐོག་ཏུ་ལེགས་འགྲུབ་འབྱུང་མིན་གྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།  ད་ལྟའི་གནས་བབ་འདིའི་ཁྲོད་དེབ་སྐྱེལ་བྱས་ཟིན་པའི་ས་གནས་ཀྱི་བོད་མི་རྣམས་ཀྱིས་ཉིན་བརྒྱ་དུས་གཅིག་ལ་འོས་འཕེན་གནང་རྒྱུ་ཁག་པོ་ཆགས་ཡོད་པར་ངོ་སྤྲོད་གནང་བ་དང་སྦྲགས།  དེར་འབྲེལ་གྱི་གནས་བབ་ཀྱི་ཐད་ནས་དབུས་འོས་བསྡུ་ལྷན་ཁང་ལ་ཡང་སྙན་གསེང་ཞུས་ཡོད་སྐོར་གསུངས་ཡོད། གཞི་རྩའི་གོང་ནས་ཚེ་རིང་མཚོ་མོ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར། དབུས་འོས་བསྡུ་ལས་ཁང་ལ་ས་གནས་ཀྱི་གནས་བབ་ཀྱི་ཐད་ནས་སྙན་གསེང་ཞུས་པ་དང་འབྲེལ་ནས་འདི་གའི་གསར་འགོད་པས་དབུས་འོས་བསྡུ་ལས་ཁང་དུ་དེར་འབྲེལ་གྱི་གནས་ཚུལ་ཐད་ནས་བཀའ་འདྲི་ཁག་ཅིག་ཞུ་ཐབས་བྱས་ཀྱང་།  དབུས་འོས་བསྡུ་ལས་ཁང་གིས་ཉིན་གཉིས་ཀྱི་རིང་ལ་ཚོགས་འདུ་ཡོད་པར་བརྗོད་དེ་བཅར་འདྲིའི་གོ་སྐབས་སྤྲད་མ་སོང་། རྩ་བའི་བདུན་ཕྲག་སྔོན་མ་ནས་བཟུང་དབྱིན་ཡུལ་གྱི་ཁུལ་དུ་ཏོག་དབྱིབས་གཉན་སྲིན་གྱི་ངོ་བོརའགྱུར་བ་ཐེབས་ནས་རིམས་ནད་ཁྱབ་བརྡར་ཤུགས་ཆེར་འགྲོ་འགོ་བརྩམས་ཡོད་སྟབས། ད་ཆ་དབྱིན་ཡུལ་གྱི་ནང་དུ་གནམ་གྲུ་སོགས་ཀྱི་འགྲོ་སྐྱོད་ཀྱི་ལམ་ཁ་ཡོངས་སུ་བཀག་ཡོད་པ་རེད། ཁ་སང་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ལྔའིནང་དུ་ཡང་ཡང་དབྱིན་ཡུལ་གྱི་གནམ་གྲུར་བསྡད་ནས་ཡོང་མཁན་གྱི་རིམས་ནད་གསར་མ་ཕོག་མཁན་ཁག་ཅིག་གསར་དུ་ཤེས་རྟོག་བྱུང་ཡོད་པ་རེད་འདུག

རྣ་ཐོས་ལ་བར་གོམ་བགྲོད་གནང་མཁན་རྣམ་གཉིས་ཝཱ་རཱ་ཎ་སཱིར་འབྱོར་བ།

ཕྱི་ཟླ་ ༡༡ ཚེས་ ༢ ཉིན་བོད་མི་ན་གཞོན་བསྟན་འཛིན་དོན་གྲུབ་ལགས་ཀྱིས་རྒྱ་གར་འབྲས་ལྗོངས་སུ་ཆགས་པའི་རྣ་ཐོས་ལའི་ས་མཚམས་བར་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་དོན་བཞིན་དེ་རིང་ཉིན་རྒྱབ་ཁོང་དང་ཁོང་གི་ཕྱག་རོགས་བསྟན་འཛིན་ཉི་མ་ལགས་རྣམ་གཉིས་རྒྱ་གར་ཡུ་པི་མངའ་སྡེའི་གནས་མཆོག་ཝཱ་རཱ་ཎ་སཱིར་འབྱོར་འདུགབསྟན་འཛིན་གྲུབ་ལགས་ཀྱིས་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། ཁོང་གིས་བཞུགས་སྒར་དྷརྨ་ས་ལ་ནས་དབུ་འཛུགས་ཀྱིས་རྣ་ཐོས་ལའི་ས་མཚམས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་སྟེ་ད་ཆ་ཟླ་བ་གཅིག་དང་ཕྱེད་ཀ་ལྷག་ཕྱིན་ཡོད་པ་དང་། དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༣ ཡོལ་ཙམ་ལ་ཁོང་དང་ཁོང་གི་ཕྱག་རོགས་བསྟན་འཛིན་ཉི་མ་ལགས་རྣམ་གཉིས་ཝཱ་རཱ་ཎ་སཱིར་རྟེན་གཞི་བྱས་པའི་ཝཱརཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འབྱོར་མ་ཐག་སློབ་གཉེར་ཁང་དེའི་ལས་བྱེད་ཁག་ཅིག་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང་། སང་ཞོགས་བོད་མི་ཁག་ཅིག་གིས་གོ་སྒྲིག་གནང་སྟེ་ཁུལ་དེར་དོན་ཚན་གསུམ་གྱི་སྒོ་ནས་གསར་འགོད་ལྷན་ཚོགས་ཤིག་ཀྱང་གནང་རྒྱུ་རེད་འདུག ཁོང་གཉིས་སླད་མར་ཉིན་གྲངས་གསུམ་གི་རྗེས་སུ་གནས་མཆོག་རྡོ་རྗེ་གདན་དང་Kishanganj དེ་ནས་ siliguri བཅས་སུ་གོམ་བགྲོད་གནང་འཆར་ཡོད་པ་བཞིན་ཁུལ་དེར་གསར་འགོད་ལྷན་ཚོགས་སོགས་ཀྱི་ལས་རིམ་སྤེལ་འཆར་ཡོད་པ་སོགས་ངོ་སྤྲོད་གནང་སོང་།རྩ་བའི་བསྟན་འཛིན་དོན་གྲུབ་ལགས་ཀྱིས་ཟླ་ ༡༡ ཚེས་ ༢ ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་གོམ་བགྲོད་དབུ་འཛུགས་ཀྱིས་ཅན་རྡི་གྷར་འབྱོར་སྐབས་བསྟན་འཛིན་ཉི་མ་ལགས་ཀྱིས་ཁོང་གི་ལས་འགུལ་ནང་མཉམ་ཞུགས་ཀྱིས་ད་བར་ Aligarh དང་ Lucknow བཅས་ཀྱི་གཞུང་ལམ་བརྒྱུད་གོམ་བགྲོད་གནང་སྟེ་རྒྱ་གར་གྱི་ཡུལ་མི་རྣམས་དང་གསར་འགོད་པ་རྣམས་ལ་བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། ད་ཆ་རྒྱ་ནག་གིས་དབང་སྒྱུར་འོག་ཏུ་བོད་ནང་གི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དྲིལ་བསྒྲགས་གནང་འདུག་པ་མ་ཟད། ཁོང་གཉིས་རྣ་ཐོ་ལའི་ས་མཚམས་སུ་འབྱོར་བར་ད་དུང་སྤྱི་ལེ་ ༩༠༠ ལྷག་གོམ་བགྲོད་གནང་འཆར་ཡོད་པ་རེད།

རྒྱ་གར་ནང་ནང་པའི་དཔེ་མཛོད་ཁང་ཆེན་པོ་ཞིག་འཛུགས་སྐྲུན་གནང་འཆར།

སྲིད་བློན་མོ་དཱི་མཆོག་གིས་རྒྱ་གར་ནང་ནང་པའི་དཔེ་མཛོད་ཁང་ཆེན་པོ་ཞིག་འཛུགས་སྐྲུན་གྱིས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་ཏུ་ཡོད་པའི་ནང་པའི་གཞུང་ཆེན་དག་གི་ཕྱག་དཔེ་རྣམས་ཕབ་སྒྱུར་གྱིས་རིན་མེད་ཐོག་མཁོ་སྤྲོད་གནང་འཆར་ཡོད་སྐོར་ཡོངས་གྲགས་གནང་འདུགརེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་སྲིད་བློ་སྐུ་ཞབས་ནརེཾདྲ་མོ་དཱི་མཆོག་གིས་དྲྭ་ཐོག་བརྒྱུད་ India-Japan Samvad Conference ཞེས་རྒྱ་གར་དང་ཉི་ཧོང་དབར་གྱི་གླེང་མོལ་ལྷན་ཚོགས་ཐེངས་དྲུག་པའི་སྟེང་རྒྱ་གར་ནང་ཡོད་པའི་ནང་པ་སངས་རྒྱས་པའི་བཀའ་བསྟན་དང་ལྟ་གྲུབ་ལ་སོགས་པའི་ཕྱག་དཔེ་ཇི་ཡོད་རྣམས་སྲུང་སྐྱོབ་དང་དར་སྤེལ། དེ་བཞིན་ནང་པའི་རྗེས་འཇུག་ཚོ་དང་ནང་ཆོས་ལ་དོ་སྣང་ཡོད་མཁན་དང་ཉམས་ཞིབ་ཀྱི་ལས་ལ་ཞུགས་པ་ཚོར་ཕན་ཐོགས་ཡོང་བ་བཅས་ལ་ཆེད་དམིགས་ཀྱིས་སླད་མར་རྒྱ་གར་ནང་ནང་པའི་དཔེ་མཛོད་ཁང་ཆེན་པོ་ཞིག་གསར་རྒྱག་གནང་འཆར་ཡོད་སྐོར་གསུངས་འདུག སྲིད་བློ་སྐུ་ཞབས་མོ་དཱི་མཆོག་གིས་ད་དུང་རྒྱ་གར་ནང་ནང་པའི་དཔེ་མཛོད་ཁང་ཆེན་པོ་ཞིག་གསར་རྒྱག་གནང་བ་དེ་བརྒྱུད་ནས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་གི་སྐད་ཡིག་ཐོག་ཏུ་ཡོད་པའི་ནང་པའི་གསུང་འབུམ་ཁག་དང་འབྲེལ་བའི་ཡིག་ཆ་འམ་ཕྱག་དཔེ་ཇི་སྙེད་ཅིག་མཆིས་པ་དེ་དག་བསྡུ་རུབ་ཀྱིས་སྐྱབས་གནས་དགེ་འདུན་གྱི་སྡེ་ཁོ་ན་ཙམ་མིན་པར་ནང་པའི་རིག་གནས་དག་ལ་དོ་སྣང་དང་ཉམས་ཞིབ་ཀྱི་ཕྱག་ལས་གཉེར་མཁན་ཀུན་ལ་ལོངས་སུ་སྤྱོད་ཐབས་སླད་དུ་མཐུན་འགྱུར་དང་མཁོ་སྤྲོད་གནང་ངེས་ཡིན་སྐོར་གསུངས་འདུག ལྷག་པར་དུ་ཁོང་གིས་ལས་འགུལ་དེ་བརྒྱུད་ནས་འགྲོ་བ་མི་དང་མིའི་བར། སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་བར། དེ་བཞིན་མི་དང་རང་བྱུང་ཁམས་བར་བགྲོ་གླེང་དང་ཉམས་ཞིབ་གནང་སའི་སྡིངས་ཆ་ཞིག་ཀྱང་ཆགས་ཀྱི་ཡོད་པ་མ་ཟད། དེང་གི་གོ་ལའི་ཐོག་འགྲོ་བ་མི་ལ་ངལ་བ་ཇི་སྙེད་ཅིག་འཕྲད་མུས་ཁག དཔེར་ན། དབུལ་འཕོང་ཉམ་ཐག་པ་དང་མི་རིགས་འཐེན་འཁྱེར། ཕྱོགས་ལྷུང་། ཕོ་མོ་དབྱེ་འབྱེད། གནམ་གཤིས་འགྱུར་ལྡོག་ལ་སོགས་པའི་གནད་དོན་ཐོག་ལ་གདོང་ལེན་ཇི་ལྟར་གནང་དགོས་པའི་ཐད་སངས་རྒྱས་ཀྱིས་བཀའ་ཇི་སྩལ་རྣམས་ཆེད་འདོན་གནང་རྒྱུ་ཡིན་སྐོར་གསུངས་ཡོད། སྐུ་ཞབས་ནརེཾདྲ་མོ་དཱི་མཆོག་གིས་གཞན་ཡང་ཉེ་ཆར་ཁོང་སྔར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་རྗེས་སུ་འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཡུལ་ཝཱ་རཱ་ཎ་སཱིར་ཕེབས་སྐབས་སངས་རྒྱས་ཀྱིུ་ཆོས་འདི་ཞལ་བཏོན་དང་ཆོ་ག་ཕྱག་ལེན་གནང་རྒྱུ་ཙམ་མིན་པར་དེ་ནི་འགྲོ་བ་མི་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་སྟབས། སངས་རྒྱས་པའི་ཆོས་དེ་ནི་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་ཡོན་ཏན་དག་གོང་དུ་འཕེལ་བའི་རིག་མཛོད་གལ་ཆེན་ཞིག་ཡིན་པ་མ་ཟད། དེང་དུས་ཀྱི་འཛམ་གླིང་ནང་ཡར་རྒྱས་གོང་འཕེལ་སོགས་ཀྱི་གནས་བབ་གང་ཅི་ཐད་ནས་སངས་རྒྱས་པའི་ཆོས་ལས་དཔེ་མཚོན་བླངས་དགོས་གལ་ཡིན་སྐོར་གསུངས་པ་དྲན་སྐུལ་གནང་ཡོད་པ་རེད། སྲིད་བློན་མོ་དཱི་མཆོག་གིས་ད་དུང་ཡང་ང་ཚོས་ངེས་པར་དུ་འཇིག་རྟེན་ཡ་རབས་སྤྱོད་ཚུལ་དེ་བརྗོད་པའི་སྙིང་པོར་བཟུང་སྟེ་རང་བྱུང་ཁམས་ཀྱི་ཁོར་ཡུལ་ལ་གཅེས་སྐྱོང་གནང་དགོས་གལ་ཡིན་པར་གསུངས་ཡོད།

བོད་མི་ཚོས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བར་དགའ་བསུ་ཞུ་མུས།

ཁ་ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་ཚད་མཐོའི་རྒྱབ་སྐྱོར་ཐོག་ Tibet Policy and Support Act 2020 ཞེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐུགས་ཐག་གཅོད་རྒྱུའི་བདག་དབང་ཡོད་པར་ངོས་འཛིན་སོགས་ཀྱི་གལ་ཆེའི་འབྲུ་དོན་འཁོད་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་དང་འབྲེལ། བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཨ་རིའི་གྲོས་ཚོགས་ཀྱིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བར་དགའ་བསུ་ཞུས་པ་དང་འབྲེལ། བོད་མི་ཚོས་ནུས་པ་མཉམ་སྤུངས་ཀྱིས་ཕྱག་ལས་གནང་ཚེ་གྲུབ་འབྲས་ངེས་ཅན་ཞིག་སོན་སྐོར་གསུངས་སོང་།ད་ལན་ཨ་རིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་དེས་འཛམ་གླིང་རྒྱལ་ཁབ་གཞན་རྣམས་ལ་མིག་དཔེ་བཟང་པོ་ཞིག་ཆགས་ཡོད་པ་དང་། དེས་མ་འོངས་པར་བོད་དོན་གྱི་ལས་འགུལ་སྤེལ་རྒྱུར་ཐུགས་ཕན་སོས་རྒྱུ་ཡིན་པ་གསུངས་ཡོད། རྩ་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་བསྐྱར་བཅོས་གནང་བའི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་པ་དང་། ཁྲིམས་འཆར་དེའི་འོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་དང་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གནང་རྒྱུ། དེ་བཞིན་བོད་ནང་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་སོགས་ཀྱི་དེ་སྔའི་འབྲུ་དོན་ཐོག གལ་ཆེའི་གནད་དོན་ཁག་ཅིག་ཁ་སྣོན་གནང་བའི་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་ཆབ་སྲིད་ཀྱི་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པར་མ་ཟད། ༸གོང་ས་མཆོག་གི་མང་གཙོ་གོང་འཕེལ་ཐད་ཀྱི་མཛད་རྗེས་ལ་ངོས་འཛིན་དང་ཆེ་བསྟོད། དེ་བཞིན་བོད་མིའི་སྒྲིག་འཛུགས་འདི་བཞིན་བཙོན་བྱོལ་བོད་མིའི་སྐུ་ཚབ་དང་མངོན་འདོད་མཚོན་ཐུབ་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ངོས་འཛིན། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་མ་བཙུག་བར་དུ་ཨ་རིར་རྒྱ་ནག་གཞུང་ཚབ་ལས་ཁུངས་གསར་འཛུགས་མི་ཆོག་པ། བོད་ནང་ཚོང་འབྲེལ་བྱེད་མཁན་རྣམས་ནས་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལྟར་ཚོང་འབྲེལ་བྱེད་དགོས་པ། བོད་མཐོ་སྒང་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། བོད་ཕྱི་ནང་གཉིས་ཀྱི་བོད་མིར་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་གནང་ཕྱིར་ཕྱི་ལོ་ ༢༠༢༥ བར་རོགས་དངུལ་སྔར་བཞིན་གནང་སྐྱོང་ཡོང་བ་སོགས་ཀྱི་འབྲུ་དོན་ཁག་ཆེད་བཀོད་ཀྱིས་ཁ་སྣོན་གནང་ཡོད་པ་རེད།གཞི་རྩའི་ཁྲིམས་འཆར་དེའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་རྒྱལ་སར་ཐེངས་ཁ་ཤས་ཆེད་ཕེབས་གནང་ཡོད་པར་མ་ཟད། བྱང་ཨ་མི་རི་ཀ་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བརྒྱུད་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྙན་ ༢༦༠༠༠ བརྒལ་བ་ཕུལ་བ་དང་ཆབས་ཅིག གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་དངོས་སུ་མཇལ་འཕྲད་ཀྱིས་ཞུ་གཏུགས་ལས་འགུལ་རིམ་པ་སྤེལ་གནང་ཡོད་པ་རེད། སྤྱིར་ཐེངས་འདིའི་བོད་དོན་ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་གནང་ཐོག་གཏན་འབེབས་ཡོད་པ་དེ་ལྟར་ཡང་། དངོས་སུ་ཨ་རིའི་ཁྲིམས་སུ་དཔྱད་པར་ཨ་རིའི་སྲིད་འཛིན་གྱི་མཚན་རྟགས་གནང་དགོས་ཀྱི་ཡོད་པ་རེད། བོད་དོན་ཁྲིམས་འཆར་དེ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་ཛ་དྲག་དུས་སྐབས་འདིར་ཨ་རིའི་མང་ཚོགས་ལ་ངལ་སེལ་གྱི་སྔོན་རྩིས་ཁྲིམས་འཆར་ཁྱབ་ཆེ་ཤོས་ཤིག་གི་ཁྱབ་ཁོངས་སུ་གཏོགས་ཀྱི་ཡོད་སྟབས། གནས་ཚུལ་ཐོན་ཁག་ལ་གཞིགས་ཚེ་ད་ལྟའི་ཆར་སྲིད་འཛིན་སྐུ་ཞབས་ཌོ་ནལྜ་ཊམ་མཆོག་གི་ངོས་ནས་གྲོས་ཚོགས་ནས་གཏན་འབེབས་གནང་བའི་སྔོན་རྩིས་ཁྲིམས་འཆར་ནང་ཨ་རིའི་མང་ཚོགས་ལ་ངལ་སེལ་གྱི་མ་དངུལ་ཉུང་དྲག་པའི་སྐྱོན་བརྗོད་དང་བཅས་ཏེ་ཁྲིམས་འཆར་དེར་མཚན་རྟགས་སྐྱོན་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག

བོད་ཀྱི་ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ལགས་གང་མགྱོགས་གློད་གྲོལ་གྱི་ཞུ་སྐུལ།

བོད་ཀྱི་སྐད་ཡིག་ཐོབ་ཐང་གི་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་མི་ལོ་ལྔ་རིང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར་ལོ་རྗེས་མའི་ཟླ་བ་དང་པོ་ནང་དུ་བཙོན་འཇུག་གི་དུས་ཡུན་རྫོགས་ཀྱི་ཡོད་པ་རེད། ཁ་སང་རེས་གཟའ་ཟླ་བའི་ཉིན། ཡུ་རོབ་མཐུན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ་བོད་ཀྱི་ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་རྒྱ་ནག་ནང་གི་ཐོབ་ཐང་རྩོད་ལེན་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་གུས་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་འདུག བསྒྲགས་གཏམ་དེའི་ནང་དུ་རྒྱ་ནག་གིས་ཐོབ་ཐང་རྩོད་ལེན་པ་རྣམས་བཙོན་འཇུག་གིས་གཅར་རྡུང་རིམ་པ་གཏོང་གི་ཡོད་པ་མ་ཟད་བཙོན་ཁང་གི་ནང་དུ་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་གང་ཡང་སྤྲོད་ཀྱི་མེད་པར་ལུང་འདྲེན་གྱིས་རྒྱ་ནག་གི་བཙོན་ཁང་གི་ནང་ཆབ་སྲིད་བཙོན་པ་རྣམས་ཀྱི་གཟུགས་པོའི་འཕྲོད་བསྟེན་གྱི་གནས་བབ་ལ་ཉེན་ཚབས་ཆེན་པོ་འགྱུར་བཞིན་པ་ཡོངས་གྲགས་གནང་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ཐེངས་འདིའི་ཡུ་རོབ་མཐུན་ཚོགས་ཀྱི་ཞུ་སྐུལ་དེ་ནི་ཡུ་རོབ་དང་རྒྱ་ནག་གཉིས་ཀྱིས་མི་ལོ་བདུན་གྱི་རིང་ངང་སྒུག་བྱས་པའི་ཚོང་འབྲེལ་གྱི་མ་འཛུགས་ཀྱི་གན་ཡིག་ཅིག་འཇོག་ལ་ཉེ་བ་དང་བསྟུན་མཐུན་ཚོགས་ཀྱིས་ཚོང་འབྲེལ་གན་ཡིག་མ་བཞག་བར་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་ཞུ་སྐུལ་གནང་བ་ཞིག་རེད་ཅེས་སྤེལ་མུས་ཡིན་འདུགརྩ་བའི་ཁམས་ཡུལ་ཤུལ་ནས་ཡིན་པའི་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཡིག་བོད་སྐད་ཀྱི་ཐོབ་ཐང་དང་འབྲེལ་རྒྱ་ནག་གཞུང་ལ་ཞུ་གཏུག་ལན་མང་གནང་བ་མ་ཟད་ New York Times གསར་ཁང་ལ་གནད་དོན་དེའི་སྐོར་གསུངས་པར་བརྟེན་རྒྱ་གཞུང་གིས་ཁོང་ཐོག་མར་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་འཛིན་བཟུང་དང་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཀུན་སློང་སྤེལ་བའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་འཛིན་བཟུང་བྱས་པའི་དུས་ཚེས་ནས་རྩིས་ན། ལོ་རྗེས་མའི་ཟླ་བ་དང་པོར་ཁོང་གི་བཙོན་འཇུག་གི་དུས་ཡུན་རྫོགས་ཀྱི་ཡོད་པའི་ཁྲོད་འདིར་རླུང་འཕྲིན་ཁང་གིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནང་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གིས་མ་ཉེས་ཁག་གཡོགས་ཀྱིས་བཙོན་འཇུག་བྱས་པར་གློད་གྲོལ་དགོས་པའི་ཞུ་སྐུལ་རིམ་པ་གནང་ཡོད་ཀྱང་ད་བར་དམིགས་བསལ་གྱི་འབྲས་བུ་མ་ཐོབ་པ་དེར་དགོངས་ཚུལ་གང་ཡོད་དམ་ཞེས་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གིས་དུས་རྒྱུན་ནས་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་དེ་དག་ཡོད་ཚད་རྒྱ་ནག་གི་ནང་སྲིད་ཡིན་པར་བརྗོད་དེ་ཕྱི་ལོག་ནས་ཐེ་བྱུས་གནང་མི་ཆོག་པར་བརྗོད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཕྱི་ལོག་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཐོབ་ཐང་གི་རྩོད་ལེན་པ་རྣམས་ཀྱིས་དངོས་སུ་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་གནང་ཐབས་མེད་པར་བརྟེན་ལས་འགུལ་གང་དང་གང་སྤེལ་ཡང་དེ་ཙམ་ནུས་པ་ཐོན་ཐབས་མེད་པར་འགྲེལ་བརྗོད་གནང་སོང་། ཁོང་གིས་རྒྱ་ནག་གི་རྩ་ཁྲིམས་སྤྱི་དང་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སོགས་སུ་མི་རིགས་དང་སྐད་ཡིག་གི་ཐོབ་ཐང་ཁག་ཡོངས་སུ་འཁོད་ཡོད་ཀྱང་། རྒྱ་ནག་གིས་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཙོན་འཇུག་བྱས་པ་དེས་རྒྱལ་སྤྱིའི་སྟེང་ནས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཐོབ་ཐང་རྡོག་རོལ་རྩ་གཏོར་གཏོང་གི་ཡོད་པ་ཡོངས་གྲགས་ཆགས་ཡོད་སྐོར་ངོ་སྤྲོད་གནང་ཡོད།  གཞི་རྩའི་བཀྲ་ཤིས་དབང་ཕྱུག་ལགས་བོད་ཡིག་དང་བོད་སྐད་ཀྱི་ཐོབ་ཐང་དང་འབྲེལ་བའི་གནས་ཚུལ་ཞིག་དང་འབྲེལ་ནས་འཛིན་བཟུང་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གིས་ཁོང་ནས་ཁ་བྲལ་གྱི་ཕྱག་ལས་གནང་ཡོད་པའི་ཉེས་འཛུགས་ཀྱིས་བཙོན་འཇུག་བྱས་ཡོད་པ་དང་། ཁོང་གི་ཁྲིམས་རྩོད་པས་དེ་སྔ་ཁོང་ཐུགས་འཕྲད་སླད་མཚོ་སྔོན་གྱི་ཏོང་ཁྲོན་ཁྲིམས་ཁང་དུ་ཞུ་གཏུག་གནང་སྐབས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་ནི་རྒྱལ་ཁབ་ཀྱི་ཚོར་བ་རྣོ་བའི་དམིགས་བསལ་གནད་དོན་ཞིག་ཡིན་སྐོར་བཤད་པ་དང་འབྲེལ། བཀྲིས་དབང་ཕྱུག་ལགས་ཀྱིས་རང་ཉིད་ཀྱི་ཁྲིམས་ཆད་ལ་དང་ལེན་མ་ཞུས་པར་མ་ཟད་བཙོན་ཁང་ནང་གི་ལས་དོན་ལ་འདོད་བློ་མེད་པའི་རྣམ་འགྱུར་བསྟན་ཡོད་སྐོར་བརྗོད་དེ་ཁོང་ལ་ཐུག་འཕྲད་གནང་རྒྱུའི་གོ་སྐབས་ཡང་སྤྲད་མེད་པ་རེད།

བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདིས་རྒྱ་གཞུང་ལ་བརྡ་ལན་གསལ་པོ་ཞིག་བསྟན་ཡོད་ཅེས་གསུངས་པ།

ཁ་སང་ཨ་རིའི་གྲོས་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་ཐོག་ Tibet Policy and Support Act  ༢༠༢༠ ཞེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་འདིས་བོད་མིའི་སྒྲིག་འཛུགས་འདི་ཁ་བྲལ་རིང་ལུགས་པའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་ཁྲོད་ངོས་ལེན་མེད་པའི་སྒྲིག་འཛུགས་ཤིག་རེད་ཟེར་མཁན་རྒྱ་གཞུང་ལ་བརྡ་ལན་གསལ་པོ་ཞིག་བསྟན་ཡོད་པ་གསུངས་འདུགརྩ་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་བསྐྱར་བཅོས་གནང་བའི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་པ་དང་། ཁྲིམས་འཆར་དེའི་འོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་དང་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གནང་རྒྱུ། དེ་བཞིན་བོད་ནང་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་སོགས་ཀྱི་དེ་སྔའི་འབྲུ་དོན་ཐོག གལ་ཆེའི་གནད་དོན་ཁག་ཅིག་ཁ་སྣོན་གནང་བའི་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་ཆབ་སྲིད་ཀྱི་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པར་མ་ཟད། ༸གོང་ས་མཆོག་གི་མང་གཙོ་གོང་འཕེལ་ཐད་ཀྱི་མཛད་རྗེས་ལ་ངོས་འཛིན་དང་ཆེ་བསྟོད། དེ་བཞིན་བོད་མིའི་སྒྲིག་འཛུགས་འདི་བཞིན་བཙོན་བྱོལ་བོད་མིའི་སྐུ་ཚབ་དང་མངོན་འདོད་མཚོན་ཐུབ་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ངོས་འཛིན། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་མ་བཙུག་བར་དུ་ཨ་རིར་རྒྱ་ནག་གཞུང་ཚབ་ལས་ཁུངས་གསར་འཛུགས་མི་ཆོག་པ། བོད་ནང་ཚོང་འབྲེལ་བྱེད་མཁན་རྣམས་ནས་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལྟར་ཚོང་འབྲེལ་བྱེད་དགོས་པ། བོད་མཐོ་སྒང་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། བོད་ཕྱི་ནང་གཉིས་ཀྱི་བོད་མིར་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་གནང་ཕྱིར་ཕྱི་ལོ་ ༢༠༢༥ བར་རོགས་དངུལ་སྔར་བཞིན་གནང་སྐྱོང་ཡོང་བ་སོགས་ཀྱི་འབྲུ་དོན་ཁག་ཆེད་བཀོད་གནང་ཡོད་པ་རེད།དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་བརྙན་འཕྲིན་བརྒྱུད་ལམ་ཐོག་བཅར་འདྲིའི་ལས་རིམ་ཞིག་གི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་ཀྱིས་སྐུ་ལས་སྐྱོན་པའི་གྲུབ་འབྲས་དང་ད་ལན་དེ་ལྟར་གཏན་འབེབས་གནང་ཐུབ་པར་དགའ་ཚོར་བྱུང་སྐོར་གསུངས་པ་དང་འབྲེལ། ད་ལན་ཨ་རི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་དེས་ཨ་རི་གཞུང་གིས་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གནང་བར་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་ཆེ་མཐོང་ཕུལ་བ་ཞིག་མཚོན་གྱི་ཡོད་པར་གསུངས་འདུགདེ་བཞིན་སྲིད་སྐྱོང་མཆོག་གིས་ཨ་རི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་དེས་བོད་མིའི་སྒྲིག་འཛུགས་འདི་ཁ་བྲལ་རིང་ལུགས་པའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་ཁྲོད་ངོས་ལེན་མེད་པའི་སྒྲིག་འཛུགས་ཤིག་རེད་ཟེར་མཁན་རྒྱ་གཞུང་ལ་བརྡ་ལན་གསལ་པོ་ཞིག་བསྟན་ཡོད་པ་གསུངས་ཡོད། གཞི་རྩའི་ཁྲིམས་འཆར་དེའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་རྒྱལ་སར་ཐེངས་ཁ་ཤས་ཆེད་ཕེབས་གནང་ཡོད་པར་མ་ཟད། བྱང་ཨ་མི་རི་ཀ་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བརྒྱུད་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྙན་ ༢༦༠༠༠ བརྒལ་བ་ཕུལ་བ་དང་ཆབས་ཅིག གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་དངོས་སུ་མཇལ་འཕྲད་ཀྱིས་ཞུ་གཏུགས་ལས་འགུལ་རིམ་པ་སྤེལ་གནང་ཡོད་པ་རེད།ཁ་སང་ཁྲིམས་འཆར་གཏན་འབེབས་ཟིན་པའི་གནས་ཚུལ་ཐོན་པ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་གོང་ནས་མ་འོངས་༸སྐུའི་ཡང་སྲིད་ངོས་འཛིན་རྒྱུ་ཐད་ཐེ་བྱུས་བྱེད་བཞིན་ཡོད་པ་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། དེ་བཞིན་བོད་ཀྱི་ཁོར་ཡུག་དང་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་བྱུས་ངན་ཞིག་ཡིན་པ་དང་། ད་རེས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་བརྒྱུད་དེ་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ཚད་མཐོ་རུ་ཕྱིན་ཡོད་པར་མ་ཟད། རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་ཞུ་རྒྱུའི་བདག་དབང་ཡོད་སྐོར་བཤད་པ་ལྟར་མེད་པར་བོད་མི་ཚོས་ཐག་གཅོད་གནང་རྒྱུ་ཡིན་པ་མངོན་གསལ་གནང་ཡོད། གནད་དོན་དེ་དང་རྒྱ་ནག་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཐད་ལ་དགག་པ་མཐའ་གཅིག་ཏུ་ཡོད་པའི་བརྡ་ལན་གསལ་པོ་ཞིག་གནང་བ་ཆགས་ཡོད་སྐོར་གསུངས་པ་དང་སྦྲགས། ཨ་རིའི་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་འདི་བཞིན་འཛམ་གླིང་རྒྱལ་ཁབ་གཞན་རྣམས་ནས་ཀྱང་དེ་དེ་བཞིན་བོད་དོན་ཁྲིམས་འཆར་གཏན་འབེབས་གནང་བའི་རེ་བ་ཞུ་བཞིན་ཡོད་པ་གསུངས་ཡོད།

Latest news