Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་གྲུབ་དོན།

བཞུགས་སྒར་དྷ་རྨ་ས་ལའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་དེཝ་དྷར་ Devdar གསོལ་མགྲོན་ཁང་དུ་ཟླ་བ་འདིའི་ཚེས་ ༡༦ ནས་ ༡༩ བར་མ་འོངས་བོད་ཀྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པ་དེ་ཚོགས་ཡོད་པ་ལྟར། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་བལ་འབྲུག་གསུམ་གཙོས་པའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༡༣ ནས་ཕེབས་པའི་བོད་རིགས་གཞོན་སྐྱེས་ཚོགས་བཅར་བ་མི་གྲངས་ ༡༠༠ ལྷག་མཉམ་ཞུགས་གནང་ཡོད་པ་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གང་གནང་དགོས་པའི་ཐོག་དགོངས་འཆར་དང་གཞོན་སྐྱེས་དོ་བདག་ནས་གནང་ཐུབ་རྒྱུའི་དགོངས་འཆར་བཅས་ལྔ་དང་ལྔ་བཅུའི་ཐབས་བྱུས་ལྡན་པའི་ལག་བསྟར་ལས་འཆར་ཁག་གཅིག་ཕུལ་འདུག ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་སྤྱི་ཡོངས་དང་བོད་མིའི་སྒྲིག་འཛུགས་ལ་དགོངས་འཆར་གང་ཕུལ་ཡོད་མེད་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་ནུ་ལགས་སུ་བཅར་འདྲི་ཞུས་ཡོད།

འབྲོག་རི་བོ་དགེ་ལྡན་པའི་བྱུང་བ་དང་ལྟ་སྒོམ་སྤྱོད་གསུམ་གྱི་བགྲོ་གླེང་།

རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་འོག་པེ་ཐུབ་དགོན་པའི་གནས་བརྟན་ལྷ་ཁང་དུ་འབྲོག་རི་བོ་དགེ་ལྡན་པའི་བྱུང་བ་དང་ལྟ་སྒོམ་སྤྱོད་གསུམ་གྱི་ཐོག་བགྲོ་གླེང་ཞིག་འཚོགས་བཞིན་འདུག ཁ་སང་ཟླ་ ༨ ཚེས་ ༢༡ ཉིན་དབུ་འཛུགས་ཀྱིས་རྒྱ་གར་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་འོག་པེ་ཐུབ་དགོན་དུ་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བ་དང་བསྟུན་སྐུ་མགྲོན་གཙོ་བོ་༸དགའ་ལྡན་ཁྲི་ཐོག་ ༡༠༤ པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་༸རྗེ་བདག་ཉིད་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་འབྲོག་རི་བོ་དགེ་ལྡན་པའི་དེ་བྱུང་དང་ལྟ་སྒོམ་སྤྱོད་གསུམ་གྱི་ཐོག་བགྲོ་གླེང་ཆེན་མོ་ཞིག་གནང་འདུག་པ་མ་ཟད། དེ་རིང་སྔ་དྲོ་པེ་ཐུབ་དགོན་པར་༸དགའ་ལྡན་ཁྲི་ཐོག་ ༡༠༤ པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད།རྩ་བའི་འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་སྔར་ལོའི་ལོ་མཇུག་ཏུ་ཕྱི་ལོ་ ༢༠༡༩ ལོར་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་ ༦༠༠ འཁོར་བ་བསྟུན་༸རྗེ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ཕྱི་ལོ་ ༢༠༡༩ སྟེ་བོད་རབ་གནས་ས་མོ་ཕག་གི་ལོ་ཧྲིལ་པོ་འདི་རྒྱལ་སྤྱིའི་༸རྗེ་ཙོང་ཁ་པའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུ་ཡོངས་བསྒྲགས་གནང་ཡོད་པ་རེད།

ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལ་གདལ་བཤིག་མཚམས་འཇོག་དགོས་པའི་ལས་འགུལ།

UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པའི་ཚོགས་མི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་རྒྱ་ནག་ཏུ་འཚོགས་ལ་ཉེ་བའི་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་བསྡུར་དང་བསྟུན་རྒྱ་ནག་གཞུང་གིས་ཡུ་གུར་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དགོས་པ་དང་ཡང་ན་ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་གཙོ་གཉེར་གྱི་བདག་དབང་བཞག་དགོས་པའི་དྲྭ་ཐོག་ཞུ་གཏུག་གི་ལས་འགུལ་ཞིག་དབུ་འཛུགས་གནང་བ་དང་འབྲེལ། རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱི་ངོས་ནས་ཨོ་རྩེད་གཙོ་གཉེར་བྱེད་མཁན་རྒྱལ་ཁབ་གང་རུང་དེས་ཨོ་རྩེད་གྱི་བཅའ་ཁྲིམས་སྒྲིག་དོན་ཁས་ལེན་དང་སྒྲིག་གཞིའི་འབྲུ་དོན་དག་དང་མཐུན་པའི་ཐོག་ནས་གནང་མིན་འགན་དབང་འཐུང་ཚང་བཞེས་དགོས་གལ་ཡིན་པའི་ཞུ་སྐུལ་གནང་འདུག འཛམ་གླིང་གི་ལས་འགུལ་བ་ཚོས་མཉམ་འབྲེལ་གྱིས་སྤེལ་བའི་ #Norightsnogames2022 ཞེས་པའི་དྲྭ་ཐོག་ཞུ་གཏུག་གི་ལས་འགུལ་དེ་བརྒྱུད་རྒྱ་གཞུང་གི་ངོས་ནས་ཡུ་གུར་མང་ཚོགས་དང་ཊར་ཀིའི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཅིག་བརྒལ་བ་ཡུ་གུར་ས་གནས་སུ་བཀག་བསྐྱིལ་བྱས་པའི་ལས་དོན་འཕྲལ་མར་མཚམས་འཇོག་གིས་བཀག་བསྐྱིལ་ཁང་སྒོ་བརྒྱབ་དགོས་པ་དང་། ཡུ་གུར་མང་ཚོགས་ཀྱི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། གལ་ཏེ་རྒྱ་གཞུང་གིས་རྒྱལ་སྤྱིའི་རྩ་ཁྲིམས་དང་ཡོངས་སུ་འགལ་བའི་ལས་དོན་དེ་མཚམས་འཇོག་མ་བྱེད་ཚེ་རྒྱ་ནག་ལ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་གོ་སྒྲིག་ཞུ་རྒྱུའི་འོས་འགན་ཚང་མེད་པར་སྐྱོན་བརྗོད་གནང་འདུག ལྷག་པར་དུ་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་གནད་ཆེ་ཤོས་གཅིག་ནི་སྤྱི་ཚོགས་སུ་ཞི་བདེ་བག་ཕེབས་ཀྱི་ཁོར་ཡུག་བསྐྲུན་པ་བརྒྱུད་ནས་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་འཕེལ་གནང་རྒྱུ་ཞེས་བཀོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱལ་ནང་དུ་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེས་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱི་བཅའ་ཁྲིམས་དང་དངོས་འགལ་གྱུར་ཡོད་པ་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་ཨོ་རྩེད་གོ་སྒྲིག་གི་གཙོ་གཉེར་བྱེད་པར་ཉེར་བ་མཁོ་བའི་ཆ་རྐྱེན་གཙོ་བོ་ནི་རྒྱལ་ཁབ་གང་ཡིན་ལ་ལྟོས་མེད་དེ་དག་གི་ཆབ་འབངས་ཡིན་ནོ་ཅོག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཀྱི་ལས་འགན་འཐུས་ཚང་བསྒྲུབ་དགོས་པ་དང་། གལ་ཏེ་རྒྱལ་ཁབ་གང་རུང་དེས་རྒྱ་ནག་ལྟ་བུར་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་དང་རྩིས་མེད་རྡོག་རོལ་གཏང་མཁན་ཞིག་ཡིན་ཚེ་དེར་ཨོ་རྩེད་གཙོ་གཉེར་གྱི་འོས་བབ་མེད་སྐོར་གསུངས་འདུག འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་ད་དུང་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩེད་འགྲན་བསྡུར་འཚོགས་ལ་ཉེ་བའི་ཉིན་གྲངས་ ༩༠༠ ཙམ་ཡོད་པའི་དུས་འདིར་གདམ་ག་གཉིས་དེ་མུར་ལྷག་ཡོད་པ་དང་། དེའང་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་བཀག་བསྐྱིལ་ཁང་ཕྱིར་བསྡུ་བྱེད་རྒྱུ་དང་། ཡང་ན་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱིས་དེ་གའི་གཞི་རྩའི་བཅའ་ཁྲིམས་ཀྱི་སྒྲིག་དོན་ལྟར་རྒྱ་ནག་གཞུང་ནས་ཨོ་རྩེད་གཙོ་གཉེར་གྱི་བདག་དབང་འཕྲོག་དགོས་པ་དེ་རེད་ཅེས་གསུངས་འདུག ལྷག་པར་དུ་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པའི་ངོས་ནས་ཀྱང་ད་ཐེངས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་སྦྲགས། རྒྱ་ནག་གཞུང་ལ་བཀག་བསྐྱིལ་ཁང་དེ་དག་སྒོ་བརྒྱབ་ཏེ་ཡུ་གུར་མང་ཚོགས་ལ་དྲག་གནོན་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་འབྲེལ་བའི་བཅའ་ཁྲིམས་ཀྱི་འབྲུ་དོན་དག་ལ་བརྩི་བཀུར་ཞུ་དགོས་གལ་ཡིན་པ་མངོན་གསལ་གནང་བ་དང་ཆབས་ཅིག རྒྱ་ནག་གིས་ ༢༠༢༢ ནང་ཚུད་ལ་དེ་ལྟར་མ་བྱེད་ཚེ་ཨོ་རྩེད་གཙོ་གཉེར་བྱེད་དབང་མེད་པ་ནན་བརྗོད་གནང་ཡོད་པ་རེད། གཞི་རྩའི་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་ཡུ་གུར་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་དང་གནའ་གནོན་གྱི་སྲིད་བྱུས་སྤེལ་བཞིན་པར་རྒྱལ་སྤྱིའི་ཁྱོན་ནས་དེར་སྐྱོན་བརྗོད་དང་སྲིད་བྱུས་དེ་འཕྲལ་མར་མཚམས་འཇོག་དགོས་པའི་ཞུ་སྐུལ་དང་ལས་འགུལ་རྣམ་པ་འདྲ་མིན་སྤེལ་ཡོད་ཀྱང་། Saudi Arabia དང་། Pakistan གཙོས་པའི་ཁ་ཆེའི་རྒྱལ་ཁབ་སོ་བདུན་ལྷག་གིས་སྲིད་འཛིན་ཞི་ཅིང་ཕིང་གི་གཞུང་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། དེ་རིང་ Bloomberg གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔ་ཕྱི་ཟླ་ ༧ པའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Coly Seck ལགས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ཏེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་མཁན་ཁ་ཆེའི་ཡུལ་གྲུ་དེ་དག་ཁོངས་སུ་ཡོད་པ་ Qatar གཞུང་གི་སྐུ་ཚབ་ནས་ད་ཆ་ཕྱག་བྲིས་དེ་ནས་མཚན་རྟགས་ཕྱིར་འཐེན་གནང་འདུག རྒྱལ་ཚོགས་སུ་ཡོད་པའི་ Qatar རྒྱལ་ཁབ་ཀྱི་གཞུང་ཚབ་ Ali Al Mansouri ལགས་ཀྱིས་གསུངས་པར་ཁོང་རྣམས་ཀྱིས་དེ་སྔ་ཐག་གཅོད་གནང་བ་དེས་ Qater ཕྱི་སྲིད་ལས་དོན་ལ་དོགས་གཞི་འགྲོ་སྲིད་པ་དང་ཁོང་རྣམས་ད་ཆ་བར་གནས་བསྡད་རྒྱུ་མ་ཟད། ཁོང་རྣམ་པའི་ངོས་ནས་དགོས་ངེས་ཀྱི་རོགས་རམ་ཞུ་དགོས་ཚེ་དེ་ལྟར་ཞུ་ངེས་ཡིན་པ་གསུངས་འདུག རྩ་བའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ངོས་ནས་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་མཚོན་པའི་འགུལ་རིས་བརྙན་ཐུང་བརྒྱུད་རྒྱ་ནག་ཏུ་འཚོགས་རྒྱུའི་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་བསྡུར་ལ་ཟུར་ཟ་དང་། དེ་སྔ་རྒྱ་ནག་གཞུང་གིས་ ༢༠༠༨ ལོའི་ཨོ་རྩེད་འགྲན་བསྡུར་སྐབས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་འགྲོ་བར་ཁས་ལེན་བྱས་པ་དང་། དེ་བཞིན་ཨོ་རྩེད་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་རེ་བ་དང་ཡིད་ཆེས་གནང་བ་ལྟར་རྒྱ་ནག་ཏུ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མངོན་གསལ་གནང་བ་མ་ཟད། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དེ་ཆེས་ཞན་པོ་ཡོད་པ་དང་ལྷག་དོན་རྒྱལ་སྤྱིའི་ཨོ་ལམ་པིག་ཚོགས་ཆུང་ལ་དེ་སྔའི་ཚོགས་ཆུང་གི་གྲོས་ཆོད་དང་ཆ་རྐྱེན་ནང་གསལ་བཞིན་ད་བར་རྒྱ་གཞུང་ནས་དོན་འཁྱོལ་ལག་བསྟར་ཇི་བྱེད་ཁ་གསལ་དགོས་པར་རེ་འདུན་ཆེད་བཏོན་གནང་ཐོག་རྒྱ་ནག་ལ་ཨོ་རྩེད་གོ་སྒྲིག་གཙོ་གཉེར་གྱི་བདག་དབང་མེད་པར་སྐྱོན་བརྗོད་གནང་ཡོད་པ་རེད།

ཡ་ཆེན་སྒར་གྱི་བཙུན་མ་རྣམས་བཙན་གཡེམ་གི་དོན་རྐྱེན་འོག་ཚུད་སྲིད་པར་བློ་འཚབ་ཡོད།

ཁ་སང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བཀྲིས་ཆོས་སྒྲོན་ལགས་ཀྱིས་རྒྱ་གཞུང་ནས་བོད་པའི་བཙུན་མ་ཚོར་མནར་གཅོད་དང་བཙན་གཡེམ་བྱེད་བཞིན་ཡོད་སྐོར་དཔྱད་རྩོམ་ཞིག་སྤེལ་འདུག་པ་དང་། ཁོང་གིས་གཙོ་བོ་དེ་སྔ་རྒྱ་གཞུང་གིས་བཙན་དབང་ཐོག་ཕྱིར་འབུད་བཏང་བའི་ཡ་ཆེན་སྒར་གྱི་གྲྭ་བཙུན་ ༣༥༠༠ ཙམ་ད་ཆ་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་དུ་ཡོད་པའི་བཀག་བསྐྱིལ་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། དེ་ནི་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་གྱི་གྲངས་ཉུང་མི་རིགས་རྣམས་ལ་བཙན་གནོན་བྱེད་བཞིན་པའི་རྣམ་པ་གཞན་ཞིག་ཡིན་པར་གསལ་འདོན་གནང་བ་མ་ཟད། ལྷག་དོན་རྒྱ་ནག་དམར་ཤོག་ཚོགས་པས་དམར་ཤོག་རིང་ལུགས་དང་ལྟ་གྲུབ་ཀྱི་བློ་སྐྱེད་སྦྱོར་བརྡར་སོགས་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་རྒྱ་ནག་གི་ཁྱད་ཆོད་ལྡན་པའི་ངོ་བོར་བཟོ་ཐབས་བྱེད་བཞིན་པ་ལྟར་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བཀག་སྐྱིལ་ཁང་དུ་ཡོད་པའི་གྲྭ་བཙུན་རྣམ་པར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་དེ་བཙན་གིས་དམག་སྦྱོང་སྤྲོད་བཞིན་གུང་ཁྲན་ལ་བསྟོད་གླུ་དང་རྒྱ་ནག་གི་རྒྱལ་གླུ་སོགས་སྦྱོང་དགོས་ཀྱི་ཡོད་པ་དང་། གལ་ཏེ་དེ་དག་ལ་དང་ལེན་མ་ཞུ་ཚེ་གྲྭ་བཙུན་རྣམས་གཅར་རྡུང་དང་མནར་གཅོད་མྱོང་དགོས་པ། ལྷག་དོན་ཕོ་མོའི་དབྱེ་བའི་ཐོག་ནས་བཙུན་མ་ཁག་གཅིག་ལ་རྩུབ་སྤྱོད་དང་འབྲེལ་བའི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མངོན་གསལ་གནང་འདུག རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བཀྲིས་ཆོས་སྒྲོན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་དེ་སྔ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོང་ཞུས་གནད་དོན་དེ་འབྲེལ་གསར་འགྱུར་ཞིག་སྤེལ་ཡོད་པར་གཞི་བཟུང་བ་ཞིག་ཡིན་པ་དང་། ནག་ཆུ་ས་ཁུལ་སོག་རྫོང་ནང་ཡོད་པའི་རྒྱ་ནག་གི་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དུ་བཀག་ཉར་འོག་ཡོད་པའི་བཙུན་མ་ཚོར་རྒྱ་གཞུང་གིས་བཙོན་སྲུང་མི་སྣས་བཙན་གཡེམ་བྱས་པའི་གནས་ཚུལ་ཕྱིར་འགྱར་བྱུང་ཡོད་པ་ལུང་འདྲེན་གནང་བ་དང་ཆབས་ཅིག་ཏུ་གནས་ཚུལ་དེ་རིགས་མ་འོངས་པར་ཡ་ཆེན་སྒར་གྱི་བཙུན་མ་ཚོར་འཕྲད་སྲིད་པར་བློ་འཚབ་ཡོད་ཅེས་གསུངས་སོང་།

བོད་པའི་གཞོན་སྐྱེས་ཁྲོད་མྱོས་རྫས་སྤྱོད་མཁན་ཇེ་མང་དུ་འགྲོ་བཞིན་པ།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Club House དང་བོད་ཀྱི་གསོལ་མགྲོན་ཁང་དུ་ཟླ་བ་འདིའི་ཚེས་ ༢༠ ནས་ ༢༣ བར་ཉིན་གྲངས་བཞིའི་རིང་བོད་ཁྱིམ་གཙོ་གྱུར་སཾ་བྷོ་ཊ་སོགས་སློབ་གྲྭ་ཁག་ ༣༡ མན་ཙམ་གྱི་སློབ་ཕྲུག ༦༢ ལ་སྨྱོས་རྫས་ངན་གོམས་དང་ལང་ཚོ་དར་བབ་ཀྱི་ཟབ་སྦྱོང་དང་སློབ་གྲྭ་དེ་དག་གི་དགེ་རྒན་ནས་དེ་འབྲེལ་བསྐྱར་ཞིབ་ཀྱི་ཚོགས་འདུ་འཚོགས་བཞིན་འདུག  གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་སྔ་ལོ་ཕྱི་ལོ་ ༢༠༡༧ ལོར་དེ་འབྲེལ་ཟབ་སྦྱོང་སློབ་གྲྭའི་དགེ་རྒན་དང་སློབ་སྟོན་པ། སློབ་སྤྱི་སོགས་ལ་རིམ་བཞིན་གནང་ཡོད་པ་མ་ཟད། ད་རེས་ཀྱི་ཟབ་སྦྱོང་འདི་ཐེངས་ ༩ པ་ཆགས་ཀྱི་ཡོད་པ་དང་། དེ་སྔ་དགེ་རྒན་རྣམས་ལ་ཟབ་སྦྱོང་གནང་བའི་སྐབས་ཟབ་སྦྱོང་འདི་རིགས་སློབ་ཕྲུག་ལ་གནང་དགོས་གལ་གྱི་དགོངས་ཚུལ་ཕེབས་ཡོད་པ་ལྟར། འཕྲོད་བསྟེན་ལས་ཁུངས་ནས་དེ་འབྲེལ་དྷ་ཤོད་བོད་ཁྱིམ་གྱི་སློབ་ཕྲུག་ལ་གནང་སྟེ་ལས་གཞི་དེ་ཚགས་ཚུད་པོ་བྱུང་ཡོད་སྟབས་ད་རེས་ཀྱི་ཟབ་སྦྱོང་འདི་སློབ་ཕྲུག་ཚོར་དམིགས་པ་ཞིག་ཆགས་ཀྱི་འདུག     གནད་དོན་དེ་འབྲེལ་དྷ་ཤོད་བོད་ཁྱིམ་གྱི་མདུན་ལམ་སློབ་སྟོན་པ་སྐལ་བཟང་ཚེ་དབང་ལགས་ཀྱིས་ད་ལྟའི་ཆར་བོད་པའི་གཞོན་སྐྱེས་ཁྲོད་དུ་སྨྱོས་རྫས་སྤྱོད་པའི་གནད་དོན་དེ་ཧ་ཅང་གི་ཛ་དྲག་པོ་ཆགས་མེད་ཀྱང་ལོངས་སུ་སྤྱོད་མཁན་བརྒྱ་ཆ་བརྒྱ་ཐམ་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསུངས་སོང་།   རྩ་བའི་ཕྱི་ལོ་ ༢༠༡༧ ལོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་སློབ་གྲྭ་ཁག་ཏུ་ལང་ཚོ་དར་བབ་དང་འབྲེལ་གོ་རྟོགས་ཞན་པོ་ཡོད་པ་ཉམས་ཞིབ་གནང་བ་ལས་མཁྱེན་རྟོགས་བྱུང་ཡོད་པ་ལྟར་དཀའ་ངལ་དེ་དག་སེལ་རྒྱུ་དང་སླད་མར་ཛ་དྲག་གི་གནས་སྟངས་མི་ཡོང་བར་ཆེད་དམིགས་ཀྱིས་ཟབ་སྦྱོང་གནང་རྒྱུ་དབུ་འཛུགས་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་དགུང་ལོ་ ༡༡༡ བར་༸སྐུ་འཚོ་བཞུགས་གནང་རྒྱུར་སེམས་ཤུགས་སྒྲིལ་ནས་བཞུགས་ཡོད་ཅེས་བཀའ་བསྩལ་བ།

ཨ་རི་མི་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ཁག་གཅིག་གིས་༸གོང་ས་མཆོག་མངའ་སྡེ་དེའི་ནང་རྟེན་གཞི་བྱས་པའི་ Mayo སྨན་ཁང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་སླད་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་དགུང་ནའི་བབས་ཀྱི་ཆ་ནས་ད་ཆ་ཨ་རིར་ཆིབས་བསྒྱུར་བསྐྱང་ཐུབ་ཐབས་བྲལ་ཡང་། ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་༸སྐུ་གཟུགས་གསལ་ཐང་ཡིན་པ་དང་། དགུང་ལོ་ ༡༡༡ བར་བཞུགས་རྒྱུར་ཐེ་ཚོམ་མེད་ཅེས་བཀའ་སློབ་ཕེབས་འདུག མི་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་འཆི་མེད་ལགས་ཀྱིས་གཙོས་པའི་རྒྱུན་ལས་བཅས་སྐུ་ཚབ་དྲུག་ཁ་སང་ཕྱི་ཟླ་ ༨ ཚེས་ ༡༩ ཉིན་རྒྱ་གར་བྱང་ཕྱོགས་མ་ན་ལི་ཁུལ་དུ་རྟེན་གཞི་བྱས་པའི་འོན་མངའ་རིས་གྲྭ་ཚང་དུ་ཆེད་བཅར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་ཏེ་ཚོར་ཤུགས་ཆེན་པོའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་ཨ་རི་ནང་ཆེས་སྙན་གྲགས་ཆེ་བའི་ Mayo སྨན་ཁང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ཕྱིར་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་འདུག  སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ཐོག་དམིགས་བསལ་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་སྦྲགས། དེ་སྔ་ཡིན་ན་མེ་ཡོ་སྨན་ཁང་དུ་རྒྱུན་ལྡན་བཞིན་ལོ་ལྟར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་དང་འབྲེལ་ཆིབས་བསྒྱུར་མཛད་ཀྱི་ཡོད་ཀྱང་བར་སྐབས་ནས་དགུང་ནའི་བབས་དང་བསྟུན་ས་ཐག་རིང་པོར་ཕེབས་རྒྱུར་༸སྐུ་ངལ་ཡོད་པ་དང་། ཉེ་ལམ་ནས་ལྡི་ལིར་ཡོད་པའི་རྒྱ་གར་དབུས་གཞུང་གི་སྨན་ཁང་ནས་དེ་འབྲེལ་དམིགས་བསལ་དོ་སྣང་གནང་གི་ཡོད་པ་མ་ཟད། སྒོས་སུ་བཞུགས་སྒར་ནས་ཉེ་འཁྲིས་ཀྱང་ཆགས་ཡོད་པར་བརྟེན་ཕེབས་སྟབས་བདེ་བ་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག དགོས་གལ་དུ་གཟིགས་ཚེ་མེ་ཡོ་སྨན་ཁང་ནས་སྨན་པ་ཁག་གཅིག་ཚུར་གདན་ཞུ་གནང་ཐུབ་ངེས་ཡིན་པ་སོགས་བཀའ་བསྩལ་འདུག  དེ་བཞིན་༸གོང་ས་མཆོག་གིས་ད་ཆ་མགོན་པོ་༸གང་ཉིད་མཆོག་དགུང་ལོ་༨༤ ལ་ཕེབས་ཀྱང་༸སྐུ་གཟུགས་གསལ་ཐང་ཡིན་པ་དང་། གཙོ་བོ་དགོངས་པ་བཞེས་སྟངས་ཡིན་པས་༸སྐུ་ཉིད་མཆོག་གི་དགོངས་པར་དགུང་ལོ་ ༡༡༡ བར་༸སྐུ་འཚོ་བཞུགས་གནང་རྒྱུར་སེམས་ཤུགས་སྒྲིལ་ནས་བཞུགས་ཡོད་པ་དང་། སྒོས་སུ་གཟིམ་ལམ་ནང་ལའང་༸དཔལ་ལྡན་ལྷ་མོས་ཁྱེད་རང་ལོ་ ༡༡༠ བར་བསྡད་པར་ཐེ་ཚོམ་མེད་ཅེས་གསུངས་པ་དེ་ལྟར་བཀའ་བསྩལ་ཡོད་སྟབས་རྒྱ་ཆེ་མང་ཚོགས་ཚོ་བློ་བདེ་པོ་བྱོས་ཞེས་བཀའ་བསྩལ་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ལོ་ཤས་གོང་དུ་ཨ་རིར་ཆིབས་བསྒྱུར་ནམ་མཛད་ལ་ཨ་རིའི་མི་ནི་སོ་ཊའི་ནང་ཆགས་པའི་མེ་ཡོ་སྨན་ཁང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལན་མང་གནང་མྱོང་ཡོད་པ་རེད། མི་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་རྣམས་ད་ཆ་བཞུགས་སྒར་དུ་ཕེབས་པ་དང་བསྟུན་འདི་ག་རླུང་འཕྲིན་ཁང་གིས་ཚོགས་གཙོ་ངག་དབང་འཆི་མེད་ལགས་སུ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་བོད་མི་མང་ཚོགས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཤར་སྐྱོད་གནང་ཐུབ་ཚེ་༸གོང་ས་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པར་ཐུགས་ཕན་གསོས་ངེས་ཡིན་པའི་འབོད་སྐུལ་ཞུས་སོང་།  རྩ་བའི་༸གོང་ས་མཆོག་གི་དགུང་ལོའི་བབས་དང་བསྟུན་མཛད་འཕྲིན་མང་དྲག་རྐྱེན་ཉེ་ལམ་༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བདེ་མིན་འོག་རྒྱལ་ས་ལྡི་ལིའི་ Max སྨན་ཁང་དུ་བསྟེན་གཏུག་དང་། ༸སྐུའི་འཕྲོད་བཞེས་དྭངས་སྐྱེད་སངས་དྲག་བྱུང་ཀྱང་བོད་མི་དང་ཚོགས་སྐྱིད་ཁག་ནས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཕྲིན་ཉུང་འཕྲི་དང་། ༸སྐུ་ངལ་གསོ་བཞུགས་མང་ཙམ་གནང་དགོས་པའི་གསོལ་འདེབས་ཞུས་དང་ཞུ་མུས་ཡིན་པ་རེད། མཛད་འཆར་ལྟར་ན་༸གོང་ས་མཆོག་མ་ན་ལིའི་འོན་མངའ་རིས་གྲྭ་ཚང་དུ་མང་ཚོགས་ལ་བཀའ་ཆོས་ལེགས་གྲུབ་དང་བསྟུན་ད་ལྟའི་ཆར་ཁུལ་དེར་ཉིན་ཤས་རིང་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང་དེ་རྗེས་རྒྱ་གར་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད།

མདྷྱ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་ནས་སྲིད་སྐྱོང་མཆོག་དང་ཚོགས་གཙོ་མཆོག་རྣམ་གཉིས་དང་མཇལ་འཕྲད།

རྒྱ་གར་གྱི་ BJP གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ Madhya Pradesh མངའ་སྡེའི་སྤྱི་ཁྱབ་སློབ་ཆེན་ཟུར་པ་སྐུ་ཞབས་ Shivraj Singh Chouhan མཆོག་ནས་དེ་རིང་ཟླ་ ༨ ཚེས་ ༢༠ ཉིན་སྔ་དྲོར་བཞུགས་སྒར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་ཆེད་ཕེབས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་སོང་། སྐུ་ཞབས་ཤི་བ་རཱཇ་སིངྒ་ཅཽཧཱན་མཆོག་དང་ལྷན་དུ་ Bharatiya Janata Party བཅ་སྲིད་ཚོགས་པའི་ Kangra ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kishan Kapoor མཆོག་རྣམ་གཉིས་ཀྱིས་གཙོས་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་གཅིག་དེ་རིང་སྔ་དྲོ་ཚོུད་  ༡༡ ཐོག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་ཐོག་མར་བཀའ་དྲུང་ཡིག་ཚང་དུ་ཕེབས་ཏེ་སྲིད་སྐྱོང་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམས་དང་ལྷན་དུ་བཀའ་ཤག་གི་ཚོགས་ཁང་ནང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་བཀའ་བློན་རྣམ་པ་ངོ་སྤྲོད་དང་བཙན་བྱོལ་བོད་མིའི་སྒྲིགས་ཛུགས་ཀྱི་སྒྲོམ་གཞི། བོད་ནང་གི་ད་ལྟའི་གནས་སྟངས། དེ་བཞིན་རྒྱ་ནག་དང་ཧོང་ཀོང་བཅས་ཀྱི་གནད་དོན་དང་ལྷག་པར་དུ་རྒྱ་གར་དང་བོད་དབར་ནང་པའི་ཆོས་ཀྱི་ཐོག་ནས་ཐུན་མིན་འབྲེལ་ལམ་དམ་ཟབ་ཡོད་པ་སོགས་ངོ་སྤྲོད་གནང་ཡོད།  དེ་བཞིན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་ཤི་བ་རཱཇ་སིངྒ་ཅཽཧཱན་མཆོག་ལ་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་ལྟར་སྐུ་ཞབས་ཅཽཧཱན་མཆོག་གིས་བོད་མི་རྣམས་རྒྱ་གར་ནང་སྐྱབས་བཅོལ་བ་དང་སྐུ་མགྲོན་ལྟ་བུ་མ་ཡིན་པར་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་དང་འབྲེལ་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་ངེས་ཡིན་པའི་ཞལ་བཞེས་ཀྱང་གནང་སོང་། མཇལ་འཕྲད་གྲུབ་མཚམས་སུ་སྲིད་སྐྱོང་མཆོག་ནས་སྐུ་ཞབས་ཤི་བ་རཱཇ་སིངྒ་ཅཽཧཱན་མཆོག་ལ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་ཞལ་ཐང་ཞིག་དང་ཕྱག་དེབ་ཁག་གཅིག དེ་བཞིན་སྐུ་མགྲོན་གཞན་རྣམས་ལའང་ཕྱག་དེབ་བཅས་ཕྱག་རྟགས་སུ་ཕུལ་སོང་། སྐབས་དེར་གསར་འགོད་པས་སྐུ་ཞབས་ཤི་བ་རཱཇ་སིངྒ་ཅཽཧཱན་མཆོག་དང་སྲིད་སྐྱོང་མཆོག་རྣམ་གཉིས་ལ་བཀའ་འདྲི་ཞུས་པར་སྐུ་ཞབས་ཤི་བ་རཱཇ་མཆོག་གིས་ས་གནས་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱིན་གྱིས་བརླབས་པའི་ཞི་བདེ་དང་བརྩེ་བ། གཞན་ཕན་གྱི་ཀུན་སློང་ལྡན་པའི་ས་གནས་ཤིག་ཡིན་སྐོར་གསུངས་པ་ཆབས་ཅིག ང་ཚོ་རྒྱ་གར་གྱི་མང་ཚོགས་ནས་བོད་མི་རྣམས་སོ་སོའི་ནང་མི་ལྟ་བུར་ངོས་འཛིན་གནང་གི་ཡོད་པ་དང་། ལྷག་དོན་འཕགས་བོད་གཉིས་ནི་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་ལམ་དམ་ཟབ་ཡོད་པའི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་ཕན་ཚུན་དབར་མིག་དཔེ་དང་གཅིག་ཕན་གཅིག་གྲོགས་གནང་མཁན་ཞིག་ཡིན་པས་ང་ཚོས་དུས་རྟག་ཏུ་བོད་དང་ལྷན་དུ་ཡོད་ཅེས་གསུངས་ཡོད། དེ་རྗེས་རྒྱ་གར་གྱི་སྐུ་མགྲོན་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་སུ་ཆེད་ཕེབས་ཀྱིས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དབུས་པའི་སྤྱི་འཐུས་རྣམས་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་རེད།

བོད་མི་ཚོས་ཧོང་ཀོང་མི་མང་གི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་གནང་བ།

ཉེ་སྔོན་ཟླ་བ་གཉིས་ལྷག་ཙམ་གྱི་གོང་ནས་ཧོང་ཀོང་མི་མང་གིས་ཞི་བའི་ལས་འགུལ་སྤེལ་བར་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་སོང་།  ཁ་སང་ཟླ་ ༨ ཚེས་ ༡༩ ཉིན་ཕྱི་དྲོ་ཚོུད་ ༦ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྐང་འགན་བཞེས་ཐོག་བཞུགས་སྒར་དུ་བོད་མི་གཙོས་པའི་ས་གནས་རྒྱ་གར་ཡུལ་མི་དང་ཕྱི་རྒྱལ་བ་བཅས་ཀྱིས་ཕྱག་ཏུ་སྒྲོན་མེ་བསྣམས་ནས་བྱང་ཆུབ་སེམས་མཆོག་གི་སྔོན་སྨོན་གསུང་འདོན་གནང་ཐོག་དྷ་ས་མེག་གྷན་ཁྲོམ་གཞུང་ནད་དབུ་འཛུགས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་གི་མདུན་ཐང་བར་མར་མེ་ཁྲོམ་སྐོར་གནང་སོང་།   བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ལས་འགུལ་དེ་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཧོང་ཀོང་ནང་ཉེས་ཅན་པ་རྒྱ་ནག་སྐམ་ས་ཆེན་པའི་ཁྲིམས་ཁང་ལ་རྩིས་སྤྲོད་བྱེད་པའི་ཁྲིམས་འཆར་ཟེར་བ་དེ་གལ་ཏེ་ཁྲིམས་འཆར་དེ་ལམ་ལྷོང་ལྡན་པ་ཞིག་བྱུང་ཚེ་སླད་མར་ཧོང་ཀོང་གི་ཆབ་སྲིད་གནས་སྟངས་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ཇེ་ཞན་ཇེ་སྡུག་ཏུ་འགྲི་རྒྱུ་ཡིན་པའི་བློ་འཚབ་ཆེན་པོ་བྱུང་བ་ལྟར་ཁྲིམས་འཆར་དེ་དག་ཕྱིར་འཐེན་བྱེད་དགོས་པའི་གནས་སྟངས་གྱུར་སྟབས། དེ་ནི་ཧོང་ཀོང་མི་མང་གི་ངོ་རྒོལ་ལས་འགུལ་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་རེད་ཅེས་གསུངས་འདུག ལྷག་དོན་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཧོང་ཀོང་མི་མང་གི་ཞི་བའི་ལས་འགུལ་དང་ཁོ་ཚོའི་དྲང་བེན་གྱི་འཐབ་བརྩོད་ལ་རྒྱབ་སྐྱོར་ཞུ་རྒྱུ་དང་རྒྱ་ནག་གཞུང་གིས་ཐོག་མའི་ཁས་ལེན་དང་དམ་བཅའ་ཡིད་ལ་བཅངས་ནས་ཧོང་ཀོང་ནང་མང་གཙོ་ཡང་དག་པ་ཞིག་ལག་ལེན་བྱེད་དགོས་པ་མ་ཟད་ཧོང་ཀོང་མི་མང་གི་གཞི་རྩིའི་མངོན་འདོད་ཁག་ལ་བརྩི་སྲུང་ཞུ་དགོས་པའིའབོད་སྐུལ་ཞུ་བཞིན་ཡོད་པའང་ཆེད་བཀོད་གནང་འདུག སྐབས་དེར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ ལགས་ཀྱིས་གསར་འགོད་པར་ཧོང་ཀོང་ནང་གི་མི་མང་ཚོས་ཞི་བའི་ཐོག་ནས་རྒྱ་ནག་གི་གནོན་ཤུགས་སྤྲོད་བཞིན་པར་མི་འདོད་པའི་རྣམ་པ་ཆེད་བཏོན་གནང་བ་དེར་བོད་མི་ངོས་ནས་རྒྱབ་སྐྱོར་ཡོད་པ་གསུངས་སོང་། ད་དུང་ཁོང་གིས་ང་ཚོ་བོད་ཀྱི་བདེན་དོན་སེལ་བར་ང་ཚོ་ལྟ་བུའི་རྒྱ་ནག་གཞུང་གིས་བཙན་གནོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པ་ཚོར་དཀའ་ངལ་འཕྲད་སྐབས་རྒྱབ་སྐྱོར་གནང་ཐུབ་ཚེ་ང་ཚོ་ལའང་གྲུབ་འབྲས་སོན་པར་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་སོང་། གཞི་རྩའི་འདས་པའི་ཟླ་ཤས་རིང་ཧོང་ཀོང་མང་ཚོགས་ནས་མི་མང་གི་འདུ་འཛོམས་ཆེ་ས་ཡོད་སའི་ས་ཁུལ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཡོངས་ནས་ཕྱིར་འཐེན་དགོས་པ་དང་། ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལེམ་རང་གི་ལས་གནས་ནས་རྩ་དགོངས་ཞུ་དགོས་པ། དེ་བཞིན་ཧོང་ཀོང་གི་སྤྱི་ཁྱབ་མང་གཙོའི་ལམ་ལུགས་ཐོག་འདེམས་སྒྲུག་བྱེད་དགོས་པ་སོགས་དགོས་འདུན་ཆེད་བཏོང་གྱིས་ལས་འགུལ་རབ་དང་རིམ་པ་སྤེལ་བའི་ཁར། ཉེ་ལམ་དེ་འབྲེལ་ལས་འགུལ་ཞིག་ཧོང་ཀོང་གི་གནམ་ཐང་ནང་སྤེལ་ཡོད་པ་དང་། ལས་འགུལ་དེའི་ཁྲོད་ཉེན་རྟོག་པས་མིག་ཆུ་དུག་རླངས་སོགས་མཚོན་ཆ་སྤྱོད་ནས་ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་འཁྲུག་རྩོད་ཤོར་བའི་གནས་སྟངས་ཆགས་ཡོད་པ་མ་ཟད། ཧོང་ཀོང་དང་རྒྱ་ནག་གཉིས་ཀྱི་ས་མཚམས་སུ་ཆགས་པའི་རྒྱ་ནག་གི་གྲོང་ཁྱེར་ Shenzhen ནང་རྒྱ་ནག་གི་དམག་མིའི་འགྲུལ་འཁོར་མང་དག་ཅིག་ཆེད་བསྐོང་གིས་ཧོང་ཀོང་མི་མང་ལས་འགུལ་བར་འཇིགས་སྐུལ་བྱས་པ་སོགས་ཀྱི་ཛ་དྲག་གནས་སྟངས་གྱུར་ཡོད་པ་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་ནག་གིས་དྲག་གནོན་གྱི་སྲིད་བྱུས་སྤེལ་བཞིན་པར་སེམས་ཁུར་གནང་དང་གནང་མུས་ཡིན་པ་རེད།  

གཞོན་སྐྱེས་ཚོས་སེམས་ཤུགས་མ་ཆག་པར་བོད་ཀྱི་རྩ་དོན་ཐོག་འགན་ཁུར་བླངས་དགོས།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༡༣ ནས་ཕེབས་པའི་བོད་རིགས་གཞོན་སྐྱེས་ཀྱི་འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་གཉིས་པ་མཇུག་སྒྲིལ་དང་སྦྲགས། སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་ཚོས་སེམས་ཤུགས་མ་ཆག་པར་མུ་མཐུད་བོད་ཀྱི་རྩ་དོན་ཐོག་འགན་ཁུར་བླངས་དགོས་པ་གསུངས་སོང་། དེ་རིང་ཚོགས་འདུ་མཇུག་སྒྲིལ་གྱི་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་ནུ་ལགས། དེ་བཞིན་ཕྱི་དྲིལ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། དྲུང་འཕར་འཚི་མེད་ཚེ་དབྱངས་ལགས་བཅས་ཆེད་ཕེབས་ཐོག་བོད་རིགས་གཞོན་སྐྱེས་ཚོགས་བཅར་བ་མི་གྲངས་ ༡༠༠ ལྷག་ལྷན་འཛོམས་ངང་ལེགས་གྲུབ་གནང་སོང་། སྐབས་དེར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་ཐོག་ཕེབས་པའི་གཞོན་སྐྱེས་ཚོགས་བཅར་བ་ཡོངས་རྫོགས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སླད་དུ་ཞབས་ཞུ་དང་ལས་འགུལ་སྤེལ་མཁན་ཞིག་ཡིན་སྟབས་ངེས་པར་དུ་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། དངོས་ཡོད་གནས་ཚུལ་རྣམས་གསལ་པོ་མཁྱེན་པའི་ཐོག་ནས་ཕྱག་ལས་གནང་རྒྱུ་དེ་རང་ཉིད་ལ་འཁྲི་བའི་འོས་འགན་གལ་ཆེ་ཞིག་ཆགས་ཡོད་པར་དྲན་སྐུལ་གནང་བ་མ་ཟད། ཚོགས་འདུ་འདི་ནས་གང་ཤེས་པ་རྣམས་རང་ཉིད་ཀྱི་ས་གནས་གཞན་ལ་ཡོད་པའི་བོད་རིགས་ནང་ཁུལ་དབར་སྦྱང་བཤད་དང་བསམ་ཚུལ་སྤེལ་རེས་གནང་དགོས་སྐོར་གསུངས་སོང་།  ཁོང་གིས་ད་དུང་དེ་རིང་ཚོགས་འདུ་མཇུག་སྒྲིལ་རྗེས་ཚོགས་བཅར་བ་རྣམས་རང་ཉིད་ཀྱི་ས་གནས་ལ་ཕྱིར་ཕེབས་གནང་སྟེ་བོད་སྤྱིའི་རྩ་དོན་སླད་སེམས་ཤུགས་འཕར་མ་ཞིག་སྐྱེས་ཐོག་ཕྱག་ལས་སྔར་ལྷག་གནང་རྒྱུར་འབད་དགོས་གལ་ཡིན་པའི་ལམ་སྟོན་གནང་ཡོད། འདི་ག་རླུང་འཕྲིན་ཁང་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཚོགས་འདུ་མཇུག་སྒྲིག་དང་འབྲེལ་བའི་བཀའ་འདྲི་ཁག་གཅིག་ཞུས་པར་ཚོགས་འདུ་ཐོག་ནས་རྒྱ་བལ་འབྲུག་གསུམ་གཙོ་གྱུར་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་ས་གནས་གཅིག་ཏུ་ལྷན་འཛོམས་ཀྱིས་ཕན་ཚུན་ངོ་ཤེས་དང་བོད་སྤྱིའི་རྩ་དོན་སླད་བོད་མི་མི་རེ་ངོ་རེ་ནས་གང་གནང་ཐུབ་མིན་ཐད་བཀའ་བསྡུར་གནང་གི་ཡོད་པ་མ་ཟད། ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱིས་ཚོགས་བཅར་བ་གཞོན་སྐྱེས་དེ་དག་མ་འོངས་བོད་ཀྱི་སོན་རྩ་དང་མགོ་ཁྲིད་ཡིན་པར་དྲན་སྐུལ་གནང་ཐོག་ཁོང་རྣམས་སེམས་ཤུགས་མ་ཆག་པར་མུ་མཐུད་བོད་ཀྱི་རྩ་དོན་ཐོག་འགན་ཁུར་བླངས་དགོས་པ་གསུངས་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༡༦ ནས་དེ་རིང་བར་གོ་སྒྲིག་ཞུས་པའི་བོད་ཀྱི་མདུན་ལམ་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཚོགས་བཅར་བ་རྣམས་ནས་བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་ལོ་རྒྱུས་ཐོག་འབྲེལ་ལམ་གྱི་གལ་གནད་དང་དོན་ཕན་གྱི་འབྲེལ་ལམ་དང་གྲོས་མོལ་བསྐྲུན་ཐབས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུན་མོང་ནས་བོད་ཀྱི་གནད་དོན་ཐོག་མཉམ་ཞུགས་གནང་ཕྱོགས། བོད་མིའི་རང་དབང་འཐབ་རྩོད་ཐོག་ན་གཞོན་རྣམས་ཀྱི་ལས་འགན། དེ་བཞིན་ལྔ་དང་ལྔ་བཅུའི་འཆར་སྣང་ཐད་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ནས་འགན་ཁུར་བཞེས་ཕྱོགས་དང་འཆར་སྣང་ལྡན་པའི་དབུ་ཁྲིད་བསྐྲུན་ཐབས་བཅས་ཀྱི་བརྗོད་གཞི་ཐོག་གསུང་བཤད་དང་ཚོགས་བཅར་བ་ཕན་ཚུན་དབར་གྲོས་བསྡུར་སྦྱང་བཤད་ལྷུག་པོ་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་མཆོག་དང་ལྷན་དུ་བོད་དོན་དང་འབྲེལ་བའི་གནད་དོན་སྤྱི་རིགས་ཐོག་དྲི་བ་དྲིས་ལན་སོགས་གནང་ཡོད་པ་རེད། འབྲེལ་ཡོད་པར་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ།

Latest news