Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸གོང་ས་མཆོག་གི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་བཞིན་པ་གསུངས་འདུག

རྒྱ་གར་གཞུང་གིས་རིང་མིན་ཕྱི་ཟླ་ ༣ པའི་ནང་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་ནཱ་ལེནྡྲ་རྫོང་གི་ Rajgir གྲོང་ཁྱེར་ནང་དུ་འཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུར་ཆོག་མཆན་ཕུལ་ཡོད་པ་དང། དཔྱད་ཞིབ་པ་རྣམས་ཀྱིས་རྒྱ་གར་གཞུང་གིས་ད་ཆ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་འཛིན་པའི་བཞེངས་ཕྱོགས་ལ་འགྱུར་བ་བཏང་ནས་༸གང་ཉིད་མཆོག་ལ་ཆེས་མཐོང་སྔར་ལྷག་ཕུལ་བཞིན་པ་གསུངས་འདུག དེ་རིང་ཟླ་ ༡ ཚེས་ ༤ ཉིན་རྒྱ་གར་གྱི་ Indian Express གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་དགག་བྱ་ལ་མ་ལྟོས་པར་རྒྱ་གར་གྱི་སྲིད་འཛིན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་དང་། དེ་བཞིན་༸གང་ཉིད་མཆོག་རིང་མིན་ཟླ་ ༣ པའི་ནང་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་རྒྱུར་ཆོག་མཆན་ཕུལ་བ་མ་ཟད། གཞན་ཡང་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༡༩ བར་བྷི་ཧར་མངའ་སྡེའི་ནཱ་ལེནྡྲ་རྫོང་གི་ Rajgir གྲོང་ཁྱེར་ནང་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་༸གང་ཉིད་མཆོག་ཆིབས་བསྒྱུར་མཛད་རྒྱུར་ཆོག་མཆན་ཕུལ་ཡོད་པ་ལུང་འདྲེན་གནང་པ་དང་འབྲེལ། ད་སྐབས་རྒྱ་གར་གཞུང་ཕྱོགས་ནས་སྲིད་བྱུས་དེར་བསྐྱར་ཞིབ་ཀྱིས་༸གོང་ས་མཆོག་ལ་སྔར་ལས་ལྷག་པའི་ཆེས་མཐོང་ཕུལ་བཞིན་ཡོད་སྐོར་གསུངས་ཡོད་པ་རེད། བོད་པའི་སྤྱི་ཚོགས་ཁྲོད་ནས་རྒྱ་གར་གཞུང་གི་བཞེངས་ཕྱོགས་དེར་བསྔགས་བརྗོད་ཞུ་བཞིན་ཡོད་པ་དང་། རྒྱ་གར་གྱི་ཐབས་བྱུས་དང་འབྲེལ་བའི་སྡེ་ཚན་མང་པོ་ཞིག་གིས་ཀྱང་རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་ལ་ཁོང་ཁྲོ་སློང་མིན་ལ་འཛེམས་རྒྱུ་མེད་སྐོར་འགྲེལ་བརྗོད་གནང་འདུག ཆེས་མཐོའི་མི་སྣ་གཅིག་གིས་རྒྱ་གར་གཞུང་གི་ངོས་ནས་༸གོང་ས་མཆོག་ནི་རྒྱ་གར་གྱི་གཅེས་ནོར་ཡིན་པ་ལས། རྡོག་ཁྲེས་འཕར་མ་ཞིག་མིན་པ་ད་སྐབས་གོ་དོན་རྟོགས་ཐུབ་པ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་པ་མུང་འདྲེན་གནང་འདུག དེའི་ཁྲོད་ཉེ་ཆར་སོག་པོའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་༸གོང་ས་མཆོག་ཕྱིན་ཆད་རྒྱལ་ཁབ་དེའི་ནང་གདན་ཞུ་གནང་རྒྱུ་མིན་སྐོར་བརྗོད་ཡོད་ཀྱང་། དེའི་བར་ན་རྒྱ་གར་གཞུང་གིས་༸གོང་ས་མཆོག་ལ་མངོན་གསལ་དོད་པོས་གཞུང་ཕྱོགས་ནས་ཆེས་མཐོང་ཕུལ་བ་མ་ཟད། འདས་པའི་ལོ་ངོ་ ༡༧ ནས་བཀག་པའི་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་རིན་པོ་ཆེ་མཆོག་ལའང་དེ་སྔ་དང་མི་འདྲ་བའི་འགྲུལ་བསྐྱོད་ཀྱི་རང་དབང་ཤུགས་ཆེ་ཕུལ་བའི་ཁྲོད་རིང་མིན་ Sikkim མངའ་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུའི་ཆོག་མཆན་ཕུལ་ཡོད་པ་གསུངས་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ནཱ་ལེནྡྲར་འཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེ་རྒྱ་གར་གྱི་རིག་གཞུང་ལྷན་ཁང་གིས་གོ་སྒྲིགས་གནང་གི་འདུག་པ་དང། དེའང་དུས་རབ་ ༢༡ ནང་དུ་ནང་ཆོས་སམ Buddhism in the 21st Century ཞེས་པའི་མིང་བྱང་འོག་ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༡༩ བར་ཚོགས་ཀྱི་ཡོད་པ་དང། དེའི་ཐོག་༸གོང་ས་མཆོག་གིས་དབུས་པའི་རྒྱ་གར་དང་ཤྲི་ལངྒ། ཐེ་ལེནཌ་དང་ བྷར་མ།  སོགས་ནས་ནང་པའི་བླ་ཆེན་མང་དག་ཞིག་ནས་མཉམ་ཞུགས་གནང་གི་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Richard Gere ལགས་ཀྱང་མཉམ་ཞུགས་གནང་སྲིད་པ་རེད་འདུག རྒྱ་གར་གཞུང་གི་ངོས་ནས་ད་ལན་༸གོང་ས་མཆོག་ལ་ནང་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་རྒྱུའི་ཆོག་མཆན་ཕུལ་བ་དེ་ནི་༸གོང་ས་མཆོག་གིས་རྣམ་ཀུན་༸གང་ཉིད་མཆོག་  Son of India འམ་རྒྱ་གར་གྱི་བུ་ཞིག་ཡིན་པ་དང། མགོན་པོ་༸གང་ཉིད་མཆོག་ལ་སྐུ་ཡོན་གང་བྱུང་བ་དེ་དག་ཆ་ཚང་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ཀྱི་སྐུ་དྲིན་ཉག་གཅིག་ཡིན་ཅེས་གསུངས་པར་ལེགས་སྐྱེས་ཕུལ་བ་ལྟ་བུ་ཡིན་སྐོར་གསུངས་ཡོད། Indian Express གསར་ཁང་གིས་གསུངས་པར་གཞུགས་ཚེ། ཕྱི་ལོ་ ༢༠༡༧ ལོ་འདིའི་ནང་རྒྱ་ནག་ཙམ་མ་ཟད་ རྒྱ་གར་གཞུང་ནས་ཀྱང་རང་ཉིད་ཀྱི་སྟོབས་ཤུགས་ངོམ་རྒྱུའི་ལོ་ཞིག་བཟོ་རྩིས་གནང་གི་ཡོད་པ་དང་། ནང་པའི་ཆོས་དེ་ཐོག་མ་རྒྱ་གར་ནས་དར་བ་ཞིག་ཡིན་སྟབས། དེ་རྒྱ་གར་གྱི་བཟང་ཕྱོགས་ཀྱི་སྟོབས་ཤུགས་ཤིག་ཆགས་དགོས་ངེས་ཡིན་པ་གསུངས་འདུག

བོད་ཀྱི་ཟློས་གར་ཚོགས་པས་དུས་དབང་སྐབས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་བཞིན་པ།

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་དབུ་འཛུགས་དང་བསྟུན་དེ་རིང་བོད་ཀྱི་ཟློས་གར་ཚོགས་པས་དུས་དབང་བསྩལ་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་མང་ཚོགས་ལ་སྟོན་པའི་མཛད་རྣམ་གཟིགས་འབུལ་ཞུས་སོང་། བོད་ཀྱི་ཟློས་གར་ཚོགས་པས་ཁུལ་དེར་རྟེན་གཞི་བྱས་པའི་གཏེར་སྒར་དགོན་པའི་ཚོགས་ཁང་ཆེན་མོར་ཁ་ས་ནས་དབུ་འཛུགས་ཀྱིས་བོད་ཀྱི་ཡུལ་ལུང་སོ་སོའི་གཞས་སྣ་དང་གཏམ་བརྗོད་སོགས་ཀྱི་ལས་རིམ་ཁག་ཅིག་སྤེལ་མུས་ཡིན་པ་ལྟར། དེ་རིང་ཉིན་གཉིས་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་རྣམ་གཉིས་ཀྱིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་བཅས་གཙོ་བཞུགས་ཐོག་མང་ཚོགས་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་མཛད་རྣམ་དང་འབྲེལ་ལྷ་མོའི་འཁྲབ་གཞུང་གཟིགས་འབུལ་ཞུས་ཡོད་པ་རེད། གཏེར་སྒར་དགོན་པའི་ཚོགས་ཁང་དུ་འཁྲབ་སྟོན་གནང་པའི་སྟོན་པའི་མཛད་རྣམ་འདི་ནི་བོད་ཀྱི་ཟློས་གར་ཚོགས་པས་སྔ་ལོ་དབྱར་སྐྱིད་སྐབས་གསར་གཏོད་གནང་པ་ཞིག་ཡིན་པ་དང་། མཛད་རྣམ་ཁུངས་གཏུགས་ཞུ་ཡུལ་གྱི་གཞུང་ནི་༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་གིས་མཛད་པའི་མཛད་རྣམ་ལས་ཟུར་བཏོན་ཞུས་པ་ཞིག་ཡིན་འདུག དེ་བཞིན་མཛད་རྣམ་དེ་ཕྱོགས་བསྒྲིགས་གནང་ཕྱོགས་ཐད་ལམ་སྟོན་པ་གཙོ་བོ་རྣམ་གྲྭ་དགེ་བཤེས་བློ་བཟང་གྲགས་པ་ལགས་དང་། འཁྲབ་སྟོན་གྱི་ཆས་གོས་ཡོངས་རྫོགས་༸སྐུའི་ན་བཟའ་ཆེན་མོ་བ་རྣམ་གཉིས་ཀྱིས་དམིགས་བསལཐུགས་འགན་བཞེས་ཡོད་པ་རེད།  དངོས་སུ་སྟོན་པའི་མཛད་རྣམ་དེའི་ནང་འཁྲབ་སྟོན་གནང་མཁན་ཁྱོན་མཉམ་ཞུགས་བ་མི་ ༥༢ འདུག བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ཟུར་པ་ཚེ་རིང་དབང་ཕྱུག་ལགས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་གཅེས་སྐྱོང་དང་ཁྱད་པར་དུ་ཕྱི་ནང་གི་མི་རིགས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་གླུ་གར་གྱི་རིག་གཞུང་ངོ་སྤྲོད་དང་དར་སྤེལ་རྒྱ་ཆེ་ཡོང་སླད་ཐེངས་འདིའི་དུས་དབང་དང་བསྟུན་ནས་ལས་རིམ་དེ་དག་གོ་སྒྲིག་ཞུས་པ་ཡིན་ཅེས་འགྲེལ་བརྗོད་གནང་སོང་། ལས་རིམ་ལྟར་ན། སང་ཉིན་བོད་ཀྱི་ཟློས་གར་ཚོགས་པས་ཆིག་སྒྲིལ་གྱི་ནུས་པའི་སྐོར་ལ་གཏམ་བརྗོད་གཟིགས་འབུལ་ཞུ་རྒྱུ་དང་དེ་བཞིན་དེང་དུས་ཀྱི་གཞས་སྣ་ཁག་ཅིག་འཁྲབ་སྟོན་གནང་རྒྱུ་མ་ཟད། ཚེས་ ༦ ཉིན་ཆེས་དར་སྲོལ་ཆེ་བའི་ཨ་ཀ་མ་རོལ་ཚོགས་ཀྱི་གཞས་སྣ་གཟིགས་འབུལ་ཞུ་རྒྱུ། དེ་རྗེས་ཚེས་ ༧ ཉིན་ཡུལ་ལུང་སོ་སོའི་གཞས་སྣ་དང་བྲོ་གཞས་སོགས་འཁྲབ་སྟོན་གནང་རྒྱུ་རེད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དུས་དབང་དང་བསྟུན་ཧི་མཱ་ལ་ཡའི་རྒྱལ་སྤྱིའི་སྒྱུ་རྩལ་ཁང་དང་ཕུར་བ་རྒྱལ་སྤྱིའི་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་དུ་ཟླ་བ་འདིའི་ཚེས་ ༦ ནས་ ༡༠ བར་བཅས་ཁྱོན་ཉིན་གྲངས་ལྔའི་རིང་ལ་རྒྱལ་སྤྱི་ཁྱོན་ཡོངས་སུ་ཡོད་པའི་བོད་པའི་གཞས་པ་དང་གཞས་མ།དེ་བཞིན་སྒྱུ་རྩལ་བ་སོགས་ལྷན་འཛོམས་ཀྱིས་བཀྲ་ཤིས་བདེ་ལེགས་ཞེས་པའི་འཁྲབ་སྟོན་དང་། སློབ་དཔོན་གྱི་ལས་རིམ་ནས་ང་བོད་ལ་དགའ་ཞེས་པའི་སྙན་དབྱངས་དགོང་མོའི་རོལ་ཚོགས་ལ་སོགས་པའི་གནའ་དེང་ཟུང་འབྲེལ་གྱི་གཞས་སྣ་འདྲ་མིན་གཟིགས་འབུལ་ཞུ་རྒྱུ་རེད་འདུག

དུས་དབང་སྐབས་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཞུས་འདུག

དེང་སྐབས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་ཁྲི་ཚོ་བརྒལ་བ་དཔལ་དུས་འཁོར་ལོའི་དབང་ཆེན་ཐོག་འདུ་འཛོམས་བྱུང་བ་དང་སྟབས་བསྟུན། ཁ་སང་ཕྱི་དྲོ་བོད་ཀྱི་ན་གཞོན་རྩེད་མོ་མཉམ་སྡེབ་ཚོགས་པས་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་རྩེད་ཕུད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དབུ་འཛུགས་གནང་སོང་། དེའང་དུས་དབང་གི་གསུང་ཆོས་ར་བ་ནས་རྒྱང་ཐག་སྤྱི་ལེ་ ༢ ལྷག་ཡོད་པའི་ཆོས་ཞུ་བའི་དབུ་གུར་ཕུབ་ས་མ་གྷ་ད་གཙུག་ལག་སློབ་གཉེར་ཁང་གི་རྩེད་ཐང་དུ་གོ་སྒྲིག་ཞུས་འདུག་པ་དང། བོད་ཀྱི་རྩེད་ཕུད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེའི་ནང་རྒྱ་གར་དང་བལ་ཡུལ་ཁུལ་ནས་བོད་མིའི་རྐང་རྩེད་སྤོ་ལོའི་རུ་ཁག་ཁྱོན་བརྒྱད་ནས་མཉམ་ཞུགས་གནང་འདུག རུ་ཁག་དེ་དག་ནི་བལ་ཡུལ་འཇོ་ལཱ་ཁེལ་རྐང་སྤོལ་རུ་ཁག་དང་Clement town དོན་གྲུབ་གླིང་རུ་ཁག བལ་ཡུལ་ Kathmandu རུ་ཁག སྦེལ་ཀོབ་བདེ་སླར་རུ་ཁག ཁ་བ་དཀར་པོ་ Kerala རུ་ཁག South United  མོན་གྷོ་གཏན་ཉིན་སློབ་གྲྭའི་རུ་ཁག དེ་བཞིན་ཝ་ཎ་སློབ་ཕྲུག་རུ་ཁག་བཅས་ཡིན་པ་རེད། རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་རུ་ཁག་གི་རྩེད་འགྲན་པ་ཚོ་བཞུགས་གནས་ནས་ལམ་གྲོན་དང་ཉིན་རེའི་ཞལ་ལག་ཆ་ཚང་རིན་མེད་ཐོག་ཕུལ་གྱི་འདུག ཁ་སང་དབུ་འབྱེད་ཀྱི་རྩེད་འགྲན་དང་པོ་དེ་བལ་ཡུལ་འཇོ་ལཱ་ཁེལ་རྐང་རྩེད་སྤོ་ལོའི་རུ་ཁག་དང་Clementow དོན་གྲུབ་གླིང་རུ་ཁག་དབར་རྩེད་འགྲན་གནང་ཡོད་པ་དང་སྐབས་དེར་རུ་ཁག་གཉིས་དབར་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་པ་རེད། རྩེད་འགྲན་གཉིས་པ་དེ་མོན་གྷོ་གཏན་ཉིན་སློབ་གྲྭའི་རུ་ཁག་དང། South United རུ་ཁག་བར་རྩེད་འགྲན་གནང་སྐབས་མོན་གྷོ་གཏན་ཉིན་སློབ་གྲྭའི་རུ་ཁག་གིས་སྤོ་ལོ་གཉིས་བླུགས་སྟབས་རུ་ཁག་དེ་རྒྱལ་ཁ་ཐོབ་ཡོད་པ་རེད། གསར་འགོད་པས་བོད་ད་ཀྱི་ན་གཞོན་རྩེད་མོ་མཉམ་སྡེབ་ཚོགས་པའི་ཚོགས་གཙོ་ཉི་མ་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་རྐང་རྩེད་འགྲན་དེའི་བརྒྱུད་བོད་པའི་གཞོན་སྐྱེས་གང་མང་དུས་འཁོར་དབང་ཆེན་ཞུ་བར་འདུ་འཛོམས་ཡོང་བའི་ཆེད་དུ་ཡིན་ཅེས་སོགས་འགྲེལ་བརྗོད་གནང་སོང་། རྩ་བའི་ཁ་སང་ཕྱི་དྲོ་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང། དམིགས་བསལ་སྐུ་མགྲོན་དུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག དེ་བཞིན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག གཞན་ཡང་རྐང་རྩེད་སྤོ་ལོར་དགའ་བའི་ན་གཞོན་དང་དགེ་འདུན་པ་སོགས་འདུ་འཛོམས་བྱུང་འདུག གཞི་རྩའི་ད་ལན་གནས་མཆོག་རྡོ་གདན་དུ་ཚོགས་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ཁ་སང་ཚེས་ ༣ ནས་དབུ་འཛུགས་ཀྱིས་ཚེས་ ༡༣ བར་ཉིན་རེའི་དུས་དབང་གི་གསུང་ཆོས་གྲུབ་རྗེས་ཕྱི་དྲོ་རྩེད་འགྲན་ གནང་གི་འདུག་པ་དང། ཐེངས་འདིའི་རྩེད་འགྲན་གྱི་ཨང་རིམ་དང་པོ་ཧིན་སྒོར་འབུམ་གཉིས་དང། ཨང་རིམ་གཉིས་པ་ཧིན་སྒོར་འབུམ་གཅིག་བཅས་གནང་གི་ཡོད་པ་རེད།

ཆོས་ཞུ་བ་ཁག་ཅིག་ཉིན་གྲངས་མང་པོའི་རིང་གོམ་པ་བརྒྱབ་ནས་ཕེབས་འདུག

གནས་མཆོག་རྡོ་རྗེ་གདན་དུ་ད་རེས་དུས་འཁོར་དབང་ཆེན་ཐེངས་ ༣༤ པ་འདིའི་ཐོག་ལ་འཛམ་གླིང་ས་ཕྱོགས་གང་ས་ནས་ཆོས་ཞུ་བ་ཁྲི་ཚོ་དུ་མ་རིམ་བཞིན་འབྱོར་མུས་ཡིན་པ་དང་། རྒྱལ་ཁབ་འདྲ་མིན་ནས་ཆེད་བཅར་ཞུས་པའི་ཆོས་ཞུ་བ་དེ་དག་ལས་འགའ་ཞིག་གནམ་གྲུ་དང་། རླངས་འཁོར། མེ་འཁོར། སྤྱི་སྤྱོད་རླངས་འཁོར་ལ་སོགས་པའི་བརྒྱུད་ནས་འགྲུལ་བཞུད་གནང་སྟེ་ཕེབས་ཡོད་ཀྱང་། འབྲུག་དང་བལ་ཡུལ་སོགས་ས་མཚམས་ཁག་ནས་ཕེབས་པའི་ཆོས་ཞུ་བ་མང་དག་ཞིག་ཉིན་གྲངས་མང་པོའི་རིང་གོམ་པ་བརྒྱབ་ནས་ཕེབས་ཡོད་པ་མ་ཟད། དེ་རྗེས་མེ་འཁོར་དང་རླངས་འཁོར་སོགས་བརྒྱུད་ནས་འགྲུལ་བཞུད་གནང་དགོས་ཀྱི་ཡོད་པ་རེད་འདུག དེ་བཞིན་ཐེངས་འདིའི་དུས་འཁོར་དབང་ཆེན་ཐོག་བལ་བོད་ས་མཚམས་གློ་སྨོན་ཐང་ཁུལ་ནས་ཀྱང་ཆོས་ཞུ་བ་མི་གྲངས་ ༢༠ ཙམ་འབྱོར་འདུག་པ་དང་། དེ་དག་ཚང་མ་དོ་སྐྱེལ་རླངས་འཁོར་ནང་ཉིན་གྲངས་གཉིས་ཙམ་རིང་འགྲུལ་བཞུད་གནང་པ་དང་དེ་རྗེས་སྤྱི་སྤྱོད་རླངས་འཁོར་སོགས་འགྲིམས་ནས་ཕེབས་འདུག གཞི་རྩའི་ཐེངས་འདིའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོག་འབྲུག་དང་བལ་ཡུལ་གཉིས་ཀྱིས་གཙོས་རྒྱ་གར་གྱི་ཧི་མཱ་ལ་ཡའི་རི་རྒྱུད་ཁག་ནས་ཆོས་ཞུ་བ་བཅར་མཁན་གྱི་གྲངས་འབོར་དེ་དུས་དབང་གོ་སྒྲིག་ཚོགས་ཆུང་ནས་ཚོད་དཔག་གནང་པ་ལས་ཆེས་བརྒལ་ནས་ཕེབས་ཡོད་སྟབས། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཧི་མཱ་ལ་ཡའི་རི་རྒྱུད་ནས་ཆེད་བཅར་ཞུས་པའི་ཆོས་ཞུ་བ་ཚོར་དམིགས་བསལ་གྱི་དཔུང་རྟགས་གནང་ནས་གསུང་ཆོས་ར་བའི་ནང་བཞུགས་གནས་ལོགས་སུ་གོ་སྒྲིག་ཞུས་ཡོད་ཀྱང་། ད་ལྟའི་ཆར་དམིགས་བསལ་གྱི་བཞུགས་གནས་གནང་པའི་ཤོང་ཚད་ལས་བརྒལ་བའི་ཆོས་ཞུ་བ་ཕེབས་ཡོད་པར་བརྟེན།  དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཁོང་རྣམས་དེ་རིང་ནས་བཟུང་དམིགས་བསལ་གྱི་དཔུང་རྟགས་བཞེས་མི་དགོས་པར་མི་མང་དཀྱུས་མ་ལྟར་ཕེབས་དགོས་སྐོར་ལམ་སྟོན་གནང་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ཚེ། ཁ་སང་ཟླ་ ༡ ཚེས་ ༢ བར་ཧི་མཱ་ལ་ཡའི་རི་རྒྱུད་ནས་དངོས་སུ་ཕེབས་པའི་ཆོས་ཞུ་བའི་གྲངས་འབོར་དེ་ཆིག་ཁྲི་ལྷག་བྱུང་འདུག

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་དབུ་འཛུགས་བསྐྱངས་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གོ་སྒྲིག་གནང་མཁན་བོད་མིའི་སྒྲིག་འཛུགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ་༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་དབུ་འཛུགས་མཛད་སོང་། དེ་རིང་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་ཞུས་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཆིག་འབུམ་བརྒལ་བར་དཔལ་དུས་འཁོར་དབང་ཆེན་ཐེངས་ ༣༤ པ་དབུ་འཛུགས་བསྐྱངས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དུས་འཁོར་གྱི་གསུང་ཆོས་ར་བའི་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་གྲུབ་མཚམས་༸གོང་ས་མཆོག་གིས་དེར་འདུས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་ལ་སྔོན་འགྲོའི་བཀའ་སློབ་སྩལ་དོན། ཆོས་ཞུ་བ་ཚོས་ད་ལན་གནས་འདིར་དུས་འཁོར་དབང་ཆེན་ཞུ་ཟིན་རྗེས་རང་ཉིད་ཀྱི་མི་ཚེར་འགྱུར་བ་ཕྱིན་པ་ཞིག་བྱེད་དགོས་པ་ལས། དེ་མིན་རང་རྒྱུད་ལ་འགྱུར་ལྡོག་གང་ཡང་མ་ཕྱིན་ཚེ་དུས་འཁོར་དབང་ཆེན་ཞུ་བར་བསླེབས་པ་དེ་དཀའ་ལས་རེད་ཅེས་བཀའ་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོ་ད་རེས་ནང་པའི་གནས་མཆོག་རྡོ་རྗེ་གདན་འདིར་དོན་གཉེར་ཆེན་པོས་དུས་འཁོར་དབང་ཆེན་ཞུ་བར་ཆེད་བཅར་གནང་པ་ཞིག་ཡིན་སྟབས། གཙོ་ཆེ་ཤོས་དེ་ནི་ཆོས་ཞུ་བ་ཚོའི་ངོས་ནས་ཆོས་ཆོས་སུ་སོང་བ་ཞིག་བྱེད་དགོས་གལ་ཡིན་པར་བཀའ་སྩལ་གནང་པ་མ་ཟད། ལྷག་པར་དུ་འཛམ་གླིང་འདིའི་སྟེང་ཡོད་པའི་ནང་པ་ཙམ་མ་ཟད། ཆོས་ལུགས་གཞན་གང་ཞིག་ཡིན་ཀྱང་། ཆོས་ལུགས་དེ་དག་གི་རྗེས་འབྲང་པ་ཚོས་ཆོས་ལུགས་དེའི་རྗེས་འབྲང་པའི་མིང་ཙམ་འཛིན་པ་མིན་པར། གཙོ་བོ་ཆོས་ལུགས་དེ་དག་གི་སྟོན་པ་དེ་ཉིད་ནས་བཀའ་གང་བསྩལ་བ་དེ་ལག་བསྟར་འཁེལ་བ་ཞིག་བྱེད་དགོས་གལ་ཡིན་སྟབས། དེ་འདྲ་ཞིག་བྱུང་ཚེ་དོན་དངོས་ཀྱི་ཆོས་བྱེད་པའི་དགོས་དོན་གྲུབ་པ་དང་ཆོས་ཆོས་སུ་སོང་བ་ཞིག་བྱུང་བ་རེད་ཅེས་བཀའ་ནན་བསྩལ་ཡོད། ༸གང་ཉིད་མཆོག་གིས་ད་དུང་ཚེ་འདིར་མི་ལུས་ཐོབ་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་རྣམ་དཔྱོད་དེ་ལྟ་བུ་ཞིག་ཡོད་པ་དེ་སྡིག་པ་བསོག་པའི་རྒྱུ་རྐྱེན་ལ་མ་འགྲོ་བར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུར་འགྲོ་བ་ལ་བེད་སྤྱོད་ཐུབ་པ་ཡིན་ན་དངོས་འབྲེལ་མཁས་པ་རེད་ཅེས་བཀའ་བསྩལ་བ་མ་ཟད། ལྷག་དོན་མགོན་པོ་མཆོག་གིས་ཆོས་ཞུ་བ་ཚོར་ཉིན་རེའི་མི་ཚེའི་ནང་དུ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལ་འགྱུར་བ་ཞིག་གཏོང་བར་ཕན་ཐོགས་ཆེ་ཤོས་དེ་ཐབས་བྱང་ཆུབ་ཀྱི་སེམས་དང་གྲོགས་སྟོང་ཉིད་རྟོགས་པའི་ལྟ་བ་གཉིས་ཡིན་ཅིང་། དེ་ལྟར་སྒོམ་པའི་འབྲས་བུ་ལ་ལུས་བདེ་བ་དང་སེམས་སྐྱིད་པ། བར་ཆད་སེལ་བ། དེ་བཞིན་ཚེ་སྒྲུབ་ཀྱང་དེ་ཉིད་ཡིན་པ་དང་། ཚེ་ཕྱི་མ་ལའང་མི་ལུས་བཟང་པོ་གཅིག་ཐོབ་ངེས་ཡིན་པ་རེད་ཅེས་བཀའ་བསྩལ་མཛད་ཡོད། དེ་རིང་སྔ་དྲོ་སྔོན་འགྲོའི་ཆོས་འབྲེལ་ལེགས་པར་གྲུབ་མཚམས་སུ་༸གོང་ས་མཆོག་གིས་ཐེངས་འདིའི་དུས་དབང་སྐབས་༸གང་ཉིད་མཆོག་ནས་བསྩལ་རྒྱུའི་སྔོན་འགྲོའི་བཀའ་ཆོས་དེ་སྤྱོད་འཇུག་ཆེན་མོ་དང་སྒོམ་རིམ་བར་པ་གཉིས་ཀྱི་གཞུང་ཡིན་པ་བཀའ་སྩལ་དང་སྦྲགས། དེ་རྗེས་ཉིན་དང་པོའི་ཆོས་འབྲེལ་སློབ་མ་རྗེས་འཛིན་གྱི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་རེད། རྩ་བའི་དུས་འཁོར་དབང་ཆེན་གྱི་མཛད་རིམ་ལྟར་གཞིགས་ན། སང་ཉིན་ཟླ་ ༡ ཚེས་ ༣ དང་ ༤ བཅས་ལ་ས་ཆོག་དང་རྡུལ་མཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་གནང་རྒྱུ་དང་། ཚེས་ ༥ ནས་ ༨ བར་མགོན་པོ་༸གང་ཉིད་མཆོག་གིས་སྔོན་འགྲོ་ཆོས་འབྲེལ་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་གསུང་ཆོས་བསྩལ་རྒྱུ་ཡིན་པ་རེད། དེ་རྗེས་ཚེས་ ༩ ཉིན་དཀྱིལ་འཁོར་བརྒྱན་ཅིང་མཆོད་གར་དང་། ཚེས་ ༡༠ ཉིན་བཀའ་དབང་སྔོན་འགྲོ་སློབ་མ་སྟ་གོན། ཚེས་ ༡༡ ནས་ ༡༣ བར་དུས་འཁོར་དབང་ཆེན་གྱི་བཀའ་དབང་དངོས་གཞི་བསྩལ་རྒྱུ། མཐར་ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་ཚེ་དབང་བསྩལ་རྒྱུ་བཅས་ཀྱི་མཛད་རིམ་བང་སྒྲིག་ཡོད་པ་རེད། ༸གོང་ས་མཆོག་ནས་བསྩལ་རྒྱུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་ཆོས་འབྲེལ་ཆ་ཚང་ dalialama.com དང་། kalachakra2017.net དྲ་ཚིགས་གཉིས་ཀྱི་ཐོག་ཐད་གཏོང་གནང་གི་འདུག

༸གོང་ས་མཆོག་གིས་བྷི་ཧར་མངའ་སྡེའི་སློབ་ཕྲུག་སྟོང་ཕྲག་བརྒལ་བར་བདེ་སྐྱིད་དང་ལྡན་པའི་མི་ཚེའི་སྙིང་པོ་སྐོར་བཀའ་སློབ་བསྩལ་བ།

དེ་རིང་ཟླ་ ༡༢ ཚེས་ ༣༡ ཉིན་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་རིས་མེད་ཆོས་ལུགས་གྲོགས་པོའི་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཉིན་རྒྱབ་ཏུ་དུས་དབང་ཆོས་ར་བར་གྷ་ཡ་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་སློབ་གྲྭ་ཉི་ཤུ་རྩ་ལྔའི་དགེ་ལས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་བདེ་སྐྱིད་དང་ལྡན་པའི་མི་ཚེའི་སྙིང་པོ་སྐོར་བཀའ་སློབ་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ཆེས་ཐོག་མར་དེ་རིང་གནས་ཁྱད་པར་ཅན་འདིར་སློབ་ཕྲུག་མང་པོ་ཞིག་འཛོམས་སར་༸གང་ཉིད་མཆོག་གིས་བཀའ་སློབ་བསྩལ་རྒྱུའི་གོ་སྐབས་བཟང་པོ་བྱུང་བར་དགའ་འོས་པར་ངོས་བཞེས་ཀྱིས་འཚམས་འདྲི་མཛད་ཡོད་པ་དང་། འགྲོ་བ་མིའི་གཅིག་གྱུར་གྱི་གཞི་རྩ་དེའི་ཐོག་བདེ་སྐྱིད་དང་ལྡན་པའི་འཛམ་བུ་གླིང་ཞིག་ཡོང་ཐབས་གནང་དགོས་སྐོར་དང་། ལྷག་དོན་དུས་རབས་ ༢༡ པའི་གཞོན་སྐྱེས་ཚོར་དམིགས་བསལ་གྱི་འོས་འགན་ཞིག་ཡོད་པར་བཀའ་བསྩལ་མཛད་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་མུ་མཐུད་གསུངས་པར་ངོས་རང་ད་ལྟ་ལོ་ ༨༡ ལ་སྤེབས་ཡོད་པ་དང་། ངོས་ལ་ད་ལྟའི་མི་ཚེ་ཧྲིལ་པོ་འདིའི་ནང་དཀའ་ངལ་མང་དག་ཞིག་འཕྲད་ཡོད་ཀྱང་། རྒྱལ་ཁབ་འདྲ་མིན་ནང་བསྐྱོད་རྒྱུའི་གོ་སྐབས་བྱུང་བ་དེའི་བརྒྱུད་ངོས་ལ་ཡིད་ཆེས་བརྟན་པོ་ཞིག་རྙེད་ཡོད་པ་ནི་ངལ་བ་གང་ཞིག་འཕྲད་པ་དེ་སེལ་བར་སོ་སོ་རང་ཉིད་ལ་རག་ལུས་ཡོད། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པ་དང་འཛམ་བུ་གླིང་འདི་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར་ལྡེ་མིག་ལྟ་བུ་དེ་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་དེ་ཡིན་པར་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། ཁྱད་པར་དུ་༸གོང་ས་མཆོག་གིས་སློབ་ཕྲུག་ཁྱེད་རང་ཚོ་མ་འོངས་པར་འཛམ་བུ་གླིང་འདི་བདེ་སྐྱིད་དང་ལྡན་པ་ཞིག་བཟོ་རྒྱུའི་འགན་ཡོད་པ་དང་། དེ་ལྟར་ཡོང་བར་ནང་སེམས་ཀྱི་ཞི་བདེ་དེ་གཙོ་བོ་ཆགས་ཡོད་སྟབས། ནང་སེམས་ཀྱི་ཞི་བདེ་ཡོང་བར་བྱམས་དང་སྙིང་རྗེ་གཉིས་པོ་མེད་དུ་མི་རུང་བ་ཞིག་ཡིན་སྐོར་སོགས་ལམ་སྟོན་མཛད་ཡོད་པ་རེད། དེ་བཞིན་༸གང་ཉིད་མཆོག་གིས་དེང་སྐབས་རྒྱ་གར་གྱི་ཤེས་ཡོན་སྡེ་ཚན་ཁག་ཅིག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་སློབ་ཁྲིད་གནང་ཐབས་གནང་བཞིན་པར་ཡི་རངས་བསྔགས་བརྗོད་གནང་ཡོད་པ་ཟད། ཤེས་ཡོན་ནི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་བར་བྱེད་པའི་ཐབས་ལམ་ཞིག་ཡིན་པ་དང་། ཤེས་ཡོན་གྱི་ལམ་ལུགས་དེའི་འོག་ནས་སྤྱི་ཚོགས་ནང་མི་ཚེའི་དོན་སྙིང་སྐོར་གནས་ཚུལ་ཁྱབ་སྤེལ་ཐུབ་ཀྱི་ཡོད་པའི་ལམ་སྟོན་མཛད་ཡོད། གཞི་རྩའི་མ་གྷ་ད་གཙུག་ལག་སློབ་གཉེར་ཁང་དང་། གྷ་ཡ་མཐོ་རིམ་སློབ་གྲྭ།   New Enlightenment བཅས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་གོ་སྒྲིག་ཞུ་དོན་ནི་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཡོང་བར་མི་རབས་གཞོན་པ་ཚོ་སྐྱེད་སྲིང་གནང་རྒྱུ་དེ་ཡིན་པ་རེད། ༸གོང་ས་མཆོག་ནས་བྷི་ཧར་མངའ་སྡེའི་སློབ་ཕྲུག་སྟོང་ཕྲག་བརྒལ་བར་བདེ་སྐྱིད་དང་ལྡན་པའི་མི་ཚེའི་སྙིང་པོ་སྐོར་བཀའ་སློབ་བསྩལ་རྒྱུའི་མཛད་རིམ་ལེགས་པར་གྲུབ་བསྟུན་ས་གནས་དེར་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་གསར་བཞེས་ལེགས་གྲུབ་བྱུང་བའི་མཛད་སྒོར་དབུ་བཞུགས་མཛད་ཡོད་པ་རེད། རྩ་བའི་དེ་རིང་ཉིན་རྒྱབ་ཏུ་༸གོང་ས་མཆོག་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་མ་གནང་གོང་ལ་སློབ་གྲྭ་དེ་དག་གི་སློབ་ཕྲུག་སྐུ་ཚབ་ཚོས་རིག་གཞུང་འཁྲབ་སྟོན་དང་། བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་གནང་པ་མ་ཟད། ཁག་ཅིག་གིས་རྒྱ་གར་དང་འབྲེལ་བ་སྦྱར་ནས་བོད་ཀྱི་ཆབ་སྲིད་གནད་དོན་སྐོར་ཡང་གསུངས་ཡོད་པ་རེད།  

བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སླར་གྲྭ་བཙུན་བརྒྱ་ཕྲག་ཁ་ཤས་ཕྱིར་ཕུད་བཏང་པ།

ཟླ་བ་འདིའི་ཚེས་ ༢༤ དང་། ༢༨ བཅས་ཁག་སོ་སོར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་མི་སྣས་བོད་གསེར་རྟ་བླ་རུང་ཆོས་སྒས་ནས་གྲྭ་བཙུན་བརྒྱ་ཕྲག་ཁ་ཤས་ཤིག་བཙན་དབང་གིས་ཕྱིར་ཕུད་བཏང་པ་མ་ཟད། ཁོང་རྣམ་པའི་གྲྭ་ཤག་ཀྱང་མུ་མཐུད་གཏོར་བཤིག་གཏོང་བཞིན་ཡོད་པ་རེད། དེའང་ཟླ་ ༡༢ ཚེས་ ༢༤ ཉིན་ཕྱི་དྲོ་ཚོུད་ ༤།༠༠ ཡོལ་ཙམ་ལ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་ནས་ཡིན་པའི་གྲྭ་བཙུན་ ༢༠༠ ལྷག་བཙན་དབང་གིས་ཕྱིར་ཕུད་བྱས་པ་མ་ཟད། ཚེས་ ༢༨ ཉིན་སླར་ཡང་ཡུལ་ཤུལ་རྫ་སྟོད་དང་རྨ་སྟོད། དར་ལག་བཅས་ནས་ཡིན་པའིབཙུན་མ་བརྒྱ་ཕྲག་ཁ་ཤས་ཀྱང་ཕྱིར་ཕུད་བཏང་འདུག གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ནས་ཡིན་པའི་གྲྭ་པ་བརྒྱ་ཕྲག་ཁ་ཤས་ཕྱིར་ཕུད་བཏང་ཡོད་པ་དང་འདི་བཞིན་ཚེས་ ༢༨ ཉིན་བཙུན་པ་བརྒྱ་ཕྲག་ཞིག་མི་འདོད་བཞིན་དུ་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། ཁོང་རྣམས་མི་འདོད་བཞིན་དུ་གསེར་རྟ་བླ་རུང་ཆོས་སྒར་ནས་ཁ་བྲལ་དགོས་བྱུང་ཡོད་ཅིང་། དགོན་པ་དང་ཁ་བྲལ་མ་ཐུབ་པའི་ངུ་འབོད་དང་དྲན་པ་རྒྱལ་བའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། རྒྱ་གཞུང་གིས་དགོན་པའི་གྲྭ་བཙུན་རྣམས་ཕྱིར་ཕུད་བཏང་ཟིན་རྗེས་ཁོང་རྣམ་པའི་གྲྭ་ཤག་ཀྱང་མུ་མཐུད་གཏོར་བཤིག་གཏོང་མུས་ཡིན་པ་རེད། དེ་བཞིན་སེར་རྟ་བླ་རུང་ཆོས་སྒར་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མཁན་རྒྱ་རིགས་གྲྭ་བཙུན་དང་དགེ་བསྙེན་སོགས་མང་དག་ཞིག་ཡོད་པ་དེད་དག་ཀྱང་དགོན་པ་ནས་ཕྱིར་ཕུད་བཏང་དང་གཏོང་བཞིན་ཡོད་པ་རེད། རྩ་བའི་བོད་སེར་རྟ་བླ་རུང་ཆོས་སྒར་ནས་ད་བར་ཕྱིར་ཕུད་བཏང་ཟིན་པའི་གྲྭ་བཙུན་མང་ཆེ་བ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་ནས་ཡིན་པ་དང་། བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ལ་༼བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་གསོའི་སྒོ་ནས་རང་ཡུལ་མངགས་པའི་ཇོ་སེར་རྣམས་ཀྱི་དམ་བཅའ་ཡི་གེ་༽ ཞེས་བོད་རྒྱ་གཉིས་ཀྱི་ཐོག་ལ་འཁོད་པའི་དམ་བཅའ་བའི་ཡི་གེ་ཞིག་སྟེང་དུ་སླར་བླ་རུང་སྒར་དུ་ཕྱིར་ལོག་གནང་རྒྱུ་མིན་ཅེས་པའི་མཚན་རྟགས་བཀོད་བཅུག་ཡོད་པ་དང་། དམ་བཅའ་བའི་ཡི་གེ་དེའི་ནང་འཁོད་དོན། གསེར་རྟ་རྫོང་ལྔ་རིག་ནང་བསྟན་སློབ་གླིང་གི་དྲིལ་བསྒྲགས་སྒྲིག་བཅོས་ལས་དོན་གྱི་བླང་བྱ་ལྟར། ང་རང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་ཁ་བྲལ་ཏེ་ཕ་ཡུལ་དུ་སླེབས་རྗེས། སྔར་ལྟར་རྒྱལ་གཅེས་ཆོས་གཅེས་དང། སྡོམ་སྲུང་། ཁྲིམས་བརྩི་བྱེད་པ་མ་ཟད། ཕྱིར་བླ་རུང་སྔ་རིག་ནང་བསྟན་སློབ་གླིང་དུ་འོང་ནས་གཏན་སྡོད་མི་བྱེད་པའི་དམ་བཅའ་བཞག་བཅུག་པ་མ་ཟད། དེ་བཞིན་ཕྱིར་ཕུད་བཏང་ཟིན་རྗེས་ཐད་ཀར་རང་ཁྱིམ་དུ་ལོག་མ་བཅུག་པར་ཟླ་ཤས་རིང་བཀག་བསྐྱིལ་བྱས་ཡོད་པ་དང་། སྐྱ་ཆས་གྱོན་བཅུག་སྟེ་ཉིན་ལྟར་རྒྱ་གཞུང་གི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཆབ་སྲིད་སློབ་གསོ་སྤེལ་བ་དང་གུང་ཁྲན་ཏང་ལ་བསྟོད་པའི་གླུ་གཞས་གཏོང་བཅུག་པ་སོགས་སུནགཙེར་ཚད་མེད་བཟོ་བཞིན་ཡོད་པ་རེད།

སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་ནས་བྷི་ཧར་ནང་ཆང་རག་བཀག་སྡོམ་གནང་པར་བསྔགས་བརྗོད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་རྣམ་གཉིས་ཁ་སང་ཉིན་དགུང་རྒྱལ་ས་པ་ཊ་ནཱར་མཇལ་འཕྲད་གྲུབ་བསྟུན། ༸གོང་ས་མཆོག་གིས་ཕྱི་ནང་གི་གསར་འགོད་པ་རྣམས་ལ་ད་རེས་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་དང་མཇལ་མོལ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པ་བཀའ་གནང་པ་དང་སྦྲགས་ཏེ་ཁོང་གིས་མངའ་སྡེ་འདིའི་ནང་ཆང་རག་བཀག་སྡོམ་གནང་པར་བསྔགས་བརྗོད་མཛད་ཡོད་པ་རེད། རྒྱ་གར་གྱི་ News 18 གསར་ཁང་ཐོག་གནས་ཚུལ་སྤེལ་བར་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སང་གི་མི་ཚོར་ཁོང་ཁྲོ་དང་སེམས་ཁྲལ་མང་དག་ཞིག་འཕྲད་བཞིན་པའི་གནས་སྟངས་ལས་མཐར་ཐབས་སུ་སྨྱོ་རྫས་ Drugs དང་ཆང་རག་ལ་བསྟེན་གྱི་ཡོད་པ་དེ་ནི་ནོར་བ་ཡིན་ཞིང་། ཁོང་ཁྲོ་དང་སེམས་ཁྲལ་རིགས་ལ་བློ་སྦྱོང་བྱེད་པའི་ཐོག་ནས་བཅོས་ཐབས་གནང་དགོས་ཀྱི་རེད་ཅེས་ལམ་སྟོན་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་རྒྱ་གར་དང་བོད་པའི་དབར་ཆོས་ཕྱོགས་ནས་བླ་སློབ་ཀྱི་འབྲེལ་བ་ཡོད་སྐོར་བཀའ་གནང་པ་དང་འབྲེལ། དེང་གི་ཆར་ནུབ་ཕྱོགས་པའི་ཚན་རིག་པ་ཚོས་ཀྱང་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་ཤེས་ཡོན་ལ་སློབ་སྦྱོང་གནང་གི་ཡོད་སྐོར་ཡང་བཀའ་བསྩལ་མཛད་ཡོད་པ་རེད། རྩ་བའི་ཁ་སང་ཚེས་ ༢༨ ཉིན་༸གོང་ས་མཆོག་བྷི་ཧར་གྱི་རྒྱལ་ས་པ་ཊ་ནཱར་༸ཞབས་སོར་བཀྲིན་བསྐྱངས་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་ནས་གནམ་ཐང་དུ་༸གང་ཉིད་མཆོག་གི་ཕེབས་བསུར་ཆེད་བཅར་ཞུས་ཡོད་པ་མ་ཟད། རྗེས་སུ་སྤྱི་ཁྱབ་བློན་མཆོག་ནི་ཏིཤ་ཀུ་མཱར་མཆོག་གིས་མགོན་པོ་མཆོག་ཁོང་གི་བཞུགས་གནས་སུ་གདན་ཞུས་ཀྱིས་ཉིན་དགུང་ལྗགས་སྨིན་འདེགས་འབུལ་གྱིས་ ལྷན་རྒྱས་གནང་ཡོད། ༸གང་ཉིད་མཆོག་ཉིན་རྒྱབ་ཚོུད་ ༣།༠༠ ཙམ་ལ་གྷ་ཡཱ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ས་གནས་རྫོང་དཔོན་དང་ཉེན་རྟོག་འགོ་དཔོན། རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག དེ་བཞིན་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་གཞོན་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་མ་ཟད། རྡོ་རྗེ་གདན་གྱི་ཕེབས་ལམ་གཡས་གཡོན་དུ་ཕྱི་ནང་གི་དད་ལྡན་མང་ཚོགས་ཁྲི་ལ་ཉེ་བས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་བདུག་སྤོས་སོགས་བསྣམས་ཏེ་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། དེ་རིང་ཟླ་ ༡༢ ཚེས་ ༢༩ ཉིན་སྔ་དྲོ་ཚོུ་ ༨།༥༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དུ་ཆིབས་བསྒྱུར་གྱིས་རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་དྲུང་དུ་ཐུགས་སྨོན་མཛད་འདུག གཞན་ཡང་དེ་མཚུངས་ཨ་རིའི་ gallup.com ཞེས་པའི་ཚོགས་པ་གཅིག་གིས་ཨ་རིའི་མང་ཚོགས་ཁྲོད་ ༢༠༡༦ ལོའི་འཛམ་གླིང་ནང་གི་སྐྱེས་པ་དགའ་མོས་ཆེ་ཤོས་བྱ་ཡུལ་འོས་གྲངས་བསྡུས་རུབ་གནང་པའི་ཁྲོད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨང་དྲུག་པར་བདམས་ཐོན་བྱུང་འདུག འོས་གྲངས་ཁྲོད་ཨང་དང་པོ་ད་ལྟའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཨོ་བྷ་མ་མཆོག་དང་གཉིས་པར་བདམས་ཐོན་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་སོགས་རེད་འདུག  

བྷི་ཧར་གྱི་སྤྱི་ཁྱབ་བློན་ཆེན་མཆོག་ནས་༸གོང་ས་མཆོག་ལ་འཚམས་འདྲིའི་ཕེབས་བསུ་ཞུས་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་ཤས་རྗེས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་བསྩལ་གཏན་འཁེལ་ཡོད་པ་དང་འབྲེལ། དེ་རིང་ཟླ་ ༡༢ ཚེས་ ༢༨ ཉིན་སྔ་ཐོག་ཚོུད་ ༡༡ སྟེང་༸གང་ཉིད་མཆོག་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་བྱང་ཕྱོགས་མངའ་སྡེ་བྷི་ཧར་གྱི་རྒྱལ་ས་པ་ཊ་ནཱར་༸ཞབས་སོར་བདེ་བར་འཁོད་འདུག་པ་དང་། སྐབས་དེར་གནམ་ཐང་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་ནས་འཚམས་འདྲིའི་ཕེབས་བསུ་ཞུས་འདུག སྤྱི་ཁྱབ་བློན་མཆོག་ནི་ཏིཤ་ཀུ་མཱར་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ཁོང་གི་བཞུགས་གནས་སུ་གདན་ཞུས་ཀྱིས་ཉིན་དགུང་ལྗགས་སྨིན་འདེགས་འབུལ་དང་ཚོུད་ཕྱེད་ཀ་ལྷག་ཙམ་རིང་ལྷན་རྒྱས་བཀའ་མོལ་གནང་སྟེ་ལྷན་བཞུགས་གནང་འདུག ༸གོང་ས་མཆོག་པ་ཊ་ནཱར་༸ཞབས་སོར་བདེ་བར་འཁོད་བསྟུན་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་དུ་ཆིབས་སྒྱུར་གྱིས་སྨོན་ལམ་གསུང་འདོན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་པ་ཊ་ནཱར་སྤྱི་ཁྱབ་བློན་མཆོག་དང་མཇལ་འཕྲད་གནང་གྲུབ་རྗེས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་ཡུལ་གྷ་ཡཱའམ་གནས་མཆོག་རྡོ་རྗེ་གདན་དུ་ཉིན་རྒྱབ་ཚོུད་ ༣།༠༠ ཙམ་ལ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་རྡོ་རྗེ་གདན་གྱི་ཕེབས་ལམ་གཡས་གཡོན་དུ་ཕྱི་ནང་གི་དད་ལྡན་མང་ཚོགས་ཁྲི་ལ་ཉེ་བས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་བདུག་སྤོས་སོགས་བསྣམས་ཏེ་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་ནས་ཕེབས་བསུའི་སེར་བང་སྒྲིག་འདུག ཤེས་རྟོགས་བྱུང་བར་སང་ཉིན་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ངལ་གསོ་བཞུགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ཉིན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ བཀྲིན་བསྩལ་གནང་གི་ཡོད་པ་རེད།  

Latest news