Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱ་གཞུང་གིས་སྤྱི་ཚོགས་དྲ་རྒྱའི་ནང་བཀག་སྡོམ་བྱས་པའི་ཚིག་ཁྲི་གཉིས་ཐོན་འདུག

རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་མང་ཚོགས་ས་ཡ་མང་པོས་སྤྱོད་འཇུག་ཆེ་གྲས་ Live Streaming  Apps འམ་སྤྱི་ཚོགས་གནས་ཚུལ་མཁོ་གཏོང་དྲ་ཚིགས་ཁག་ལ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟབས། ད་ཆ་དྲ་ཚིགས་དེ་དག་ནང་རྒྱ་གཞུང་གིས་བཀའ་སྡོམ་བྱས་པའི་ཚིག་ཁྲི་གཉིས་ལྷག་ཐོན་འདུག དེ་ཡང་ཉེ་ཆར་ཁེ་ན་ཌའི་ནང་ཡོད་པའི་Torontoགཙུག་ལག་སློབ་གྲྭ་ཆེན་མོའི་Munk School of Global Affairsཞེས་པའི་སྡེ་ཚན་གྱིས་རྒྱ་ནག་ནང་དུ་ཡོངས་གྲགས་སུ་མང་ཚོགས་ས་ཡ་མང་པོས་སྤྱོད་བཞིན་པའི་སྤྱི་ཚོགས་ཀྱི་གནས་ཚུལ་ཐད་གཏོང་དྲ་ཚིགས་ YY དང། 9158 དེ་བཞིན་ Sina Show བཅས་དྲ་རྒྱའི་ཐོག་ལ་ཞིབ་འཇུག་གནང་པའི་སྙན་ཐོན་ཞིག་འདོན་སྤེལ་གནང་འདུག ཞིབ་འཇུག་གི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་སྤྱི་ཚིགས་ཀྱི་དྲ་ཚིགས་དེ་དག་ནང་དུ། ཏཱ་ལའི་བླ་མ་དང། དྲུག་བཞིའི་དོན་རྐྱེན། བོད་རང་བཙན། བོད་མིའི་རང་ལུས་མེར་སྲེག། རྒྱ་ནག་ནང་གི་ལྐོག་ས་རུལ་སུངས་སོགས་ཀྱི་གནད་དོན་མཚོན་པའི་ཚིག་ཁྲི་གཉིས་མང་ཚོགས་ཚོས་རྩ་བ་ནས་བསྔོག་རྒྱུ་མེད་པ་བཟོས་ཡོད་སྐོར་གསལ་བཏོན་གནང་ཡོད་པ་རེད། དྲ་ཚིགས་ལས་བསྔོག་རྒྱུ་མེད་པ་བཟོས་པའི་ཚིག་གི་ཐོ་གཞུང་ནང་གསལ་ལྟར་ཚིག་དེ་དག་མི་ཕན་ཚུན་དབར་ཡིག་འབྲེལ་གནང་ནས་སྤྱོད་ཚེ་ཕན་ཚུན་བར་ལ་ཡིག་འབྲེལ་རྩ་བ་ནས་གནང་ཐུབ་ཀྱི་མེད་པ་རེད་འདུག ད་རེས་ཞིབ་འཇུག་གནང་མཁན་ལྟེ་གནས་ཁང་དེས་ད་ལྟའི་ཆར་རྒྱ་གཞུང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་མིང་ཐོག་ནས་ཁུལ་དེའི་མང་ཚོགས་ས་ཡ་མང་པོས་རྒྱུན་ལྡན་དྲ་ཚིགས་དེ་ལས་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་དང། གནས་ཚུལ་དེ་བཞིན་ཕན་ཚུན་རྒྱུས་སྤྲོད་བྱ་རྒྱུའི་ཐད་ཆེས་དམ་བསྒྲགས་བྱེད་བཞིན་པའི་རྣམ་པ་མངོན་གསལ་གནང་འདུག་པ་མ་ཟད། ལྷག་པར་དུ་རྒྱ་གཞུང་གིས་འཛིན་པའི་དྲ་རྒྱའི་བདེ་འཇགས་ཁྲིམས་ཡིག་འོག ཁུལ་དེའི་ནང་གི་སྤྱི་ཚོགས་དྲ་རྒྱའི་ཚོང་ལས་གཉེར་མཁན་བཟོ་ཚོང་ཁག་གི་རང་དབང་དང་གསར་གཏོད་ཀྱི་ཐོག་ནས་རང་ཉིད་འཚོ་བ་རོལ་བཞིན་པར་སྟངས་འཛིན་བྱེད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། རྩ་བའི་རྒྱ་ནག་གཞུང་གིས་རྒྱུན་ལྡན་ཁུལ་དེའི་མང་ཚོགས་ཀྱི་སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་ཐོག་ལ་དམ་བསྒྲགས་བྱེད་བཞིན་ཡོད་པ་དང་། ཉེ་ཆར་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ནས་རྒྱ་ནག་ཁྱོན་ཡོངས་སུ་རྟེན་གཞི་བྱས་པའི་རྒྱ་ནག་དང་རྒྱལ་སྤྱིའི་ཚོང་ལས་ལྟེ་གནས་ཁང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་མང་ཚོགས་བཅས་ནས་དྲ་རྒྱ་སྤྱོད་ཕྱོགས་དང་འབྲེལ་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་ལུགས་ཞེས་པ་ཞིག་གཏན་འབེབས་བྱས་པ་ཡོད་པ་དང། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་གྱི་ཚོགས་ཁག ཨ་རི་གཙོས་པའི་པའི་རྒྱལ་སྤྱིའི་ཚོང་ལས་ལྟེ་གནས་ཁང་སོགས་ཀྱིས་རྒྱ་གཞུང་ནས་གཏན་འབེབས་བྱས་པའི་ཁྲིམས་གཞི་དེས་མང་ཚོགས་ཀྱི་དྲ་ཚིགས་སྤྱོད་རྒྱུ་དང་ལས་རིགས་དེར་གཉེར་བའི་ལས་མི་རྣམས་ཀྱི་རང་དབང་ལ་ཚོད་འཛིན་གྱིས་འགོག་རྐྱེན་བཟོས་པར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་སྲིད་འཛིན་གསར་པར་འཚམས་འདྲི་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ནས་འདེམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལ་ཊམ་མཆོག་ལ་འཚམས་འདྲི་གནང་འདུག དེ་ཡང་ཁ་ཉིན་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ Donald Trump མཆོག་ཨ་མི་རི་ཀའི་སྲིད་འཛིན་ ༤༥ པར་འདེམས་ཐོན་གྱིས་རྒྱལ་ཁ་ཐོབ་པ་དང་བསྟུན།  ཁ་སང་ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་མཆོག་ལ་འཚམས་འདྲི་བསྩལ་བའི་ནང་། ༸གོང་ས་མཆོག་གིས་༸གང་ཉིད་མཆོག་མཆོག་གིས་ཡུན་རིང་ནས་ཨ་རི་འདི་རྒྱལ་སྤྱིའི་ཐོག་མང་གཙོ་དང་རང་དབང་། ཁྲིམས་ལ་བརྩི་སྲུང་གནང་མཁན་གྱི་རྒྱལ་ཁབ་ཡིན་པར་ངོས་འཛིན་གྱིས་བསྔགས་བརྗོད་ཞུ་བཞིན་ཡོད་པ་མ་ཟད། ཨ་རིའི་མང་གཙོའི་ཕུགས་བསམ་དང་འཆར་སྣང་། ལྷག་པར་དུ་འགོ་ཁྲིད་ཀྱི་ནུས་པའི་ཐད་ལ་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ནས་རེ་བ་ཆེན་པོ་ཞུ་བཞིན་ཡོད་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་ཨ་རིའི་སྲིད་འཛིན་རིམ་བྱོན་རྣམས་དང་མང་ཚོགས་ཡོངས་ཀྱིས་བོད་མི་དང་། དེ་བཞིན་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་བོད་ཀྱི་ཐུན་མིན་ཆོས་རིག་ཁག་སྲུང་སྐྱོབ་ཆེད་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་པར་ཆེ་བསྟོད་མཛད་པ་དང་སྦྲགས། སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལ་ཊམ་མཆོག་གི་ལས་ཡུན་རིང་ལས་དོན་གང་ཅིར་ལམ་ལྷོང་ཡོང་བར་བཀྲིས་པའི་ཐུགས་སྨོན་ཡོད་ཅེས་གསུང་འཕྲིན་བསྩལ་འདུག དེ་བཞིན་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ཀྱང་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་དང་གཞིས་བྱས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཌོ་ནལ་ཊམ་མཆོག་དང་ཁོང་གི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་སྦྲགས། སྲིད་འཛིན་གྱི་ལས་ཡུན་རིང་ལས་དོན་མཐའ་དག་ལམ་ལྷོང་ཡོང་བར་སྨོན་འདུན་ཞུས་འདུག སྲིད་སྐྱོང་མཆོག་གི་འཚམས་འདྲིའི་ནང་།  ཨ་རི་གཞུང་མང་གཉིས་ཀྱིས་ལན་མང་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་ཡང་ཡང་གདན་ཞུ་གནང་བར་བཀའ་དྲིན་བསམ་ཤེས་གནང་བཞིན་ཡོད་པ་མ་ཟད། ལྷག་དོན་ཨ་རི་གཞུང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་དང་སྦྲགས། ༸གོང་ས་མཆོག་དང་རྒྱ་ནག་དཔོན་རིགས་དབར་གྲོས་མོལ་གྱིས་ཕན་ཚུན་མི་མཐུན་པ་རྣམས་སེལ་ཏེ་ཞི་བདེའི་ཁོར་ཡུག་བསྐྲུན་ཐབས་སུ་རྒྱབ་སྐྱོར་གནང་པ་དེ་དག་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཆགས་ཡོད་ཅེས་གསུངས་འདུག སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་རྒྱལ་ཁའི་གསུང་བཤད་གནང་སྐབས་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་རྩ་འཛིན་གནང་ ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ཚང་མར་དྲང་བདེན་ཐོག་ནས་གཟིགས་རྟོག་གནང་སྟེ་འབྲེལ་ལམ་ཞུ་རྒྱུ་ཡིན་སྐོར་གསུངས་དོན་ལྟར། སྲིད་འཛིན་མཆོག་གི་སྲིད་གཞུང་གིས་ཞི་བའི་ཐོག་ནས་བོད་ཀྱི་གནད་དོན་གསལ་ཆེད་རྒྱ་ནག་དང་ལྷན་གྲོས་མོལ་ཡོང་སླད་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་རེ་སྐུལ་ཞུས་འདུག དེ་མཚུངས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཨ་རི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ནས་བོད་དོན་ཐོག་རྟག་ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་རྣམས་རྒྱབ་ཏུ་སྐྱུར་ནས་བོད་དོན་ལ་ཐུན་མོང་གིས་རྒྱབ་སྐྱོར་དང་༸གོང་ས་མཆོག་ལ་དད་གུས་ཆེན་པོ་ཞུ་བཞིན་ཡོད་པར་བརྟེན། རྒྱ་ནག་གི་བཙན་གནོན་དབང་སྒྱུར་འོག་ཡོད་པའི་བོད་མི་དང་།  འཛམ་གླིང་གི་ས་ཕྱོགས་འདྲ་མིན་ཁག་ཏུ་རང་དབང་ལ་ལོངས་སུ་སྤྱོད་བཞིན་པའི་བོད་མི་རྣམས་ལ་ཨ་རིའི་གཞུང་མང་གཉིས་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཆགས་ཡོད།  སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་སྲིད་འཛིན་གྱི་ལས་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་དང་བོད་མི་ཚོར་འབྲེལ་ལམ་མུ་མཐུད་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་པ་དང་། ཨ་རིའི་ཕུགས་བསམ་གྱི་མདུན་ལམ་ཁག་ཞི་བདེ་བརྟན་ལྷིང་ཐོག་གོམ་པ་མདུན་སྤོས་ཐུབ་རྒྱུར་ཡིད་ཆེས་ཞུ་བཞིན་ཡོད་ཅེས་གསུངས་འདུག གཞི་རྩའི་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ Donald Trump མཆོག་ཁ་ཉིན་ཨ་རི་རྒྱལ་ཡོངས་སུ་གནང་པའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་ཁྲོད། ཨ་རིའི་མངའ་སྡེ་ཁག་ལ་འཆར་འགོད་གནང་པའི་ US Electoral College ཞེས་པར་དགོས་ངེས་འོས་བསྡུའི་གྲངས་ཚད་ ༥༣༨ ནས་ ༢༧༦ ཐོབ་སྟེ་རང་ཉིད་ཀྱི་ཁ་གཏད་འོས་མི་ཨ་རི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ Hilary Clinton ལགས་རྒྱལ་ཁ་ཤོར་ནས་ཁོང་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་ཡོད།  སང་ཕོད་ཟླ་དང་པོའི་ནང་ཨ་མི་རི་ཀའི་སྲིད་འཛིན་གྱི་དམ་འབུལ་གནང་པ་དང་སྦྲགས། སྲིད་འཛིན་གྱི་ཐུགས་འགན་དངོས་སུ་བཞེས་གནང་གི་ཡོད་པ་རེད།    

སྲིད་བློན་མོ་དཱིས་ ༥༠༠ དང་ ༡༠༠༠ ཐམ་པའི་ཤོག་དངུལ་བེད་མེད་བཟོ་རྒྱུའི་གསལ་བསྒྲགས་གནང་པ།

དེའང་ཁ་སང་ཟླ་ ༡༡ ཚེས་ ༨ ཉིན་ཕྱི་དྲོ་ཚོུད་ ༨།༠༠ ཐོག་རྒྱ་གར་གྱི་སྲིད་བློན་ Narandra Modi མཆོག་གིས་གློ་བུར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པའི་བརྒྱུད་ཁ་སང་མཚན་དགུང་ནས་རྒྱ་གར་གྱི་ ༥༠༠ དང་ ༡༠༠༠ ཐམ་པའི་ཤོག་དངུལ་བེད་མེད་བཟོ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད། རྒྱ་གར་གྱི་སྲིད་བློན་མཆོག་གིས་ཐག་གཅོད་དེ་ལྟར་གནང་དོན་གཙོ་བོ་ནི། རྒྱ་གར་གྱི་ཁྲོམ་རའི་ནང་དངུལ་ལོར་རྫུན་མའི་རིགས་མེད་པ་བཟོ་ཐབས་དང་ལྐོག་ཟ་རུལ་སུངས་ལ་གདོང་ལེན། དེ་བཞིན་ནག་ཚོང་རིགས་སོགས་འགོག་ཐབས་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་རིང་ཚེས་ ༩ ཉིན་དངོས་སུ་ཁྲོམ་རར་ཤོག་དངུལ་ ༥༠༠ དང་ ༢༠༠༠ འགྲེམས་སྤེལ་གནང་རྒྱུ་ཡིན་པར་གསལ་བསྒྲགས་གནང་ཡོད་ཀྱང་། བོད་མི་གཙོས་པའི་རྒྱ་གར་རྒྱལ་ཡོངས་སུ་མི་དམངས་ཁྲོད་མགོ་རྙོག་ཆེན་པོ་ཞིག་བྱུང་ནས་ཁ་སང་ཕྱི་དྲོ་ནས་ཤོག་དངུལ་ ༥༠༠ དང་ ༡༠༠༠ ཐམ་པ་བརྗེ་པོ་རྒྱག་ཕྱིར་དངུལ་ཁང་དུ་བཅུག་རྒྱུ་དང་། དངུལ་འདོན་སྟབས་བདེ་འཕྲུལ་ཆས་ ATM མདུན་དུ་མི་མང་བང་སྒྲིག་བཞིན་ཡོད་པ་མ་ཟད། ལྷག་དོན་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་ནས་ཀྱང་ཤོག་དངུལ་ ༥༠༠ དང་ ༡༠༠༠ ཐམ་པ་ལེན་གྱི་མེད་པའི་དཀའ་ངལ་འཕྲན་བཞིན་ཡོད་པ་རེད་འདུག རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཁག་ཅིག་གིས་ཀྱང་གློ་བུར་གྱི་ཐག་གཅོད་དེས་མང་ཚོགས་དཀྱུས་མ་ཚོར་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པར་སྐྱོན་བརྗོད་གནང་དང་གནང་མུས་རེད་འདུག རྩ་བའི་མང་ཚོགས་ཚོས་ཤེས་རྟོགས་དགོས་པ་ཞིག་ལ། ཕྱི་ཟླ་ ༡༢ ཚེས་ ༣༠ གོང་དུ་ཤོག་དངུལ་ ༥༠༠ དང་ ༡༠༠༠ ཅན་ཡོངས་རྫོངས་རང་ཉིད་ཀྱི་དངུལ་ཁང་དུ་བཅུག་ཟིན་དགོས་པ་དང་། དངུལ་བཅུག་སྐབས་མང་ཉུང་གི་ཚོད་འཛིན་གང་ཡང་མེད་པ་རེད་འདུག གལ་ཏེ་ཤོག་དངུལ་ ༥༠༠ དང་ ༡༠༠༠ ཅན་བརྗེ་ལེན་གནང་བློ་ཡོད་ཚེ། དངུལ་ཁང་དང་སྦྲགས་ཁང་བཅས་སུ་རང་ཉིད་ཀྱི་ངོ་སྤྲོད་ལག་འཁྱེར་བཏོན་ཐོག་ཉིན་རེར་མང་མཐའ་ཧིན་སྒོར་ ༤༠༠༠ བར་བརྗེ་ལེན་བྱ་རྒྱུ་འདུག རྒྱ་གར་ནང་དེ་རིང་དངུལ་འདོན་སྟབས་བདེ་འཕྲུལ་ཆས་ ATM དང་དངུལ་ཁང་སྒོ་རྒྱབ་ཡོད་པ་དང་། སང་ཉིན་ནས་དེ་དག་སྒོ་ཕྱེད་ཀྱི་ཡོད་ཀྱང་། ཉིན་རེའི་ནང་དངུལ་འབོར་འདོན་ཕྱོགས་ཀྱི་ཚད་བཀག་བཟོས་ཡོད་པ་དང། རྒྱ་གར་གཞུང་གིས་གཉེར་བའི་སྨན་ཁང་དང་མེ་འཁོར། གནམ་གྲུ། སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་ཕྱག་འཁྱེར་ཉོ་སྐབས་ཟླ་བ་འདིའི་ཚེས་ ༡༡ བར་ ༥༠༠ དང་ ༡༠༠༠ ཐམ་པའི་་དངུལ་ལོར་དེ་དག་ངོས་བཞེས་གནང་རྒྱུ་ཡིན་པ་རེད་འདུག

༸གོང་ས་མཆོག་དེ་རིང་ཉིན་རྒྱབ་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་ཆིབས་བསྒྱུར་བསྐྱངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་དབུ་འཛུགས་དང་སྦྲགས། ཁུལ་དེའི་གྲོང་ཁྱེར་རྙིང་གྲས་ Kyoto ནང་གི་ཧོ་གཱན་ཇི་ནང་པའི་དགོན་པར་ཆིབས་བསྒྱུར་དང་མང་ཚོགས་ལ་བཀའ་སློབ་བསྩལ་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་ཧོ་གཱན་ཇི་ནང་པའི་དགོན་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། མགོན་པོ་མཆོག་གིས་དེ་རིང་སྔ་དྲོ་ཚོུད་༡༡།༠༠ ཐོག་གྲོང་ཁྱེར་ Kyoto ནང་རྟེན་གཞི་བྱས་པའི་Hoganji ནང་པའི་དགོན་པར་ཆིབས་བསྒྱུར་གྱིས་ཚོུད་གཉིས་རིང་དགོན་པ་དེའི་འབྲེལ་ཡོད་རྣམས་ཀྱིས་གཙོས་དད་ལྡན་མང་ཚོགས་བཅས་ཁྱོན་མི་གྲངས་ ༦༠༠ ལྷག་ལ་ནང་པའི་སྙིང་པོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུག་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་དགོན་པའི་མཁན་པོ་ལྷན་དུ་ཉིན་གུང་ལྗངས་སྨན་ལྷན་བཞེས་གྲུབ་རྗེས་གྲོང་ཁྱེར་ Osaka ལ་ཕེབས་ཐོན་མཛད་ནས་དེ་རིང་ཉིན་རྒྱབ་ཚོུད་ ༤།༠༠ ཡོས་ཙམ་ལ་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་གནང་འདུག སྐབས་དེར་༸གོང་ས་མཆོག་གིས་ཉི་ཧོང་ཧོ་གཱན་ཇི་ནང་པའི་དགོན་པའི་མཁན་པོ་དང་ལས་བྱེད་མང་ཚོགས་བཅས་མི་གྲངས་ ༦༠༠ ལྷག་ལ་དགོན་པ་འདི་ནི་ནང་པའི་དགོན་པ་ཞིག་ཡིན་སྟབས། ནང་པའི་ཆོས་ལ་རྨོངས་དད་ཙམ་མིན་པར་ཤེས་ནས་དད་ཐོབ་པ་ཞིག་གནང་གལ་ཆེ་ཞིང་། ལྷག་དོན་དུས་རབས་ཉེར་གཅིག་གི་ནང་པ་ཞིག་ཆགས་ཐབས་ལ་འབད་བརྩོན་གནང་དགོས་སྐོར་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུག མཛད་རིམ་ལྟར་ན། སང་ཞོགས་མགོན་པོ་༸གང་ཉིད་མཆོག་གྲོང་ཁྱེར་ Osaka རྟེན་གཞི་བྱས་པའི་ Seifu Gakuan མཐོ་འབྲིང་སློབ་གྲྭར་ཆིབས་བསྒྱུར་གནང་སྟེ་སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག་ ༣༠༠༠ ལྷག་ལ་བླང་དོར་བཀའ་སློབ་བསྩལ་རྒྱུ་དང་།  ཉིན་རྒྱབ་ཉི་ཧོང་གི་རྒྱལ་ཡོངས་གཟུགས་མཐོང་རླུང་འཕྲིན་གཉིས་ཀྱི་བཀའ་འདྲིར་དང་ལེན་གྱིས་བཀའ་སློབ་མཛད་རྒྱུ་ཡིན་འདུག དེ་རྗེས་ཚེས་ ༡༠ ཉིན་ནས་དབུ་འཛུགས་ཀྱིས་མང་ཚོགས་ལ་སྤྱོད་འཇུག་ཆེན་མོའི་བཀའ་འབྲེལ་དང་སྒྲོན་ལྗང་གི་བཀའ་དབང་བསྩལརྒྱུ་སོགས་ཀྱི་མཛད་འཆར་རྒྱ་ཆེ་བསྐྱང་རྒྱུ་ཡིན་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་དུ་མཛད་འཕྲིན་སྐྱོང་བཞིན་པའི་ཁྲོད། ཉེ་ཆར་མགོན་པོ་མཆོག་གིས་ཨ་རིའི་སྤྱི་ཚོགས་ཚན་རིག་པ་དང་རོལ་མོ་བ་སྐུ་ཞབས་ Arthur C. Brooks ལགས་དང་ལྷན་ New York Times གསར་ཤོག་ཐོག་དེང་དུས་ཀྱི་འཛམ་གླིང་འདིའི་སྟེང་འགྲོ་བ་མིའི་ཁྲོད་ནང་སེམས་ཀྱི་བདེ་སྐྱིད་འཁྲུག་པའི་ངལ་བ་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་དང་། འགྲོ་བ་མིར་ཉེ་མཁོ་གཙོ་བོ་གང་ཡིན་སྐོར་ལ་དཔྱད་རྩོམ་ཞིག་འདོན་སྤེལ་གནང་འདུག དཔྱད་རྩོམ་དེའི་ནང་༸གོང་ས་མཆོག་གིས་འཛམ་གླིང་འདིའི་སྟེང་ལ་ཡོད་པའི་ཆོས་ལུགས་ཚང་མའི་བསྟན་བྱ་གཙོ་བོ་ཞི་བདེ་དང་བརྩེ་བ་གཉིས་ལ་ཐུག་ཡོད་མེད་ལ་མ་ལྟོས་པར། འགྲོ་བ་མི་རྣམས་ད་དུང་འཇིགས་སྣང་དང་ངེས་མེད་ཐོག་འཚོ་བཞིན་ཡོད་པ་མ་ཟད། ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གཅིག་གིས་གཅིག་ལ་སྡང་འཛིན་དང་འཚེ་བའི་བྱ་སྤྱོད་ཤུགས་ཆེ་སྤེལ་བཞིན་ཡོད་པ་བཅས་ནི་དེང་སྐབས་འཆར་ཅན་ཞིག་ཏུ་གྱུར་ཡོད་པ་མ་ཟད།  ལྷག་དོན་འགྲོ་བ་མི་གཅིག་ལ་དཔལ་འབྱོར་དང་གཞི་རྩའི་དགོས་མཁོ་ཆ་ཚང་ལྡན་ཡོད་ཀྱང་།  ད་དུང་སེམས་པ་སྐྱིད་པོ་མེད་པ་དང་འདོད་བློ་མི་ཁེངས་པ་སོགས་ཀྱི་དཀའ་ངལ་མང་དག་ཞིག་འཕྲད་མུས་ཡིན་སྟབས།  གང་ཟག་གཅིག་གིས་གཞན་ལ་ཕན་ཐོགས་པའི་བྱ་བ་ཞིག་བསྒྲུབ་ཐུབ་ཚེ་དེ་ནི་དོན་དངོས་སེམས་ལ་བེད་སྐྱིད་ཞིག་ཐོབ་ངེས་ཡིན་་པ་གསུངས་ཡོད་པ་རེད།

བཀའ་ཤག་ནས་མེ་སྐྱོན་ཕོག་པའི་བོད་མི་སུད་ཚོང་བར་ཛ་དྲག་ངལ་སེལ་ཆེད་ཧིན་སྒོར་འབུམ་ ༡༥ གནང་བ།

བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁང་རྙིང་པ་ལཱལ་ཀི་ལཱ་ Lal Qila མདུན་གྱི་བོད་མིའི་སུད་ཚོང་བའི་ཁྲོམ་ར་ ༡༣༨ ཙམ་མེའི་འཇིག་པའི་འོག་ཤུལ་མེད་དུ་གྱུར་བར་ཛ་དྲག་ངལ་སེལ་ཆེད་ཧིན་སྒོར་འབུམ་ ༡༥ གནང་ཡོད་པ་རེད། དེའང་ཁ་སང་ཐོ་རངས་ཚོུད་ ༡།༣༠ ཙམ་ལ་རྒྱ་གར་རྒྱལ་ས་ལྡི་ལིར་ལཱལ་ཀི་ལཱ་ Lal Qila ཞེས་པའི་མདུན་དུ་བོད་མི་སུད་ཚོང་བའི་ཁྲོམ་ར་ ༡༣༨ མེ་སྐྱོན་ཚབས་ཆེན་བྱུང་ནས་ཚོང་ཁང་དང་དེའི་ནང་ཡོད་པའི་ཚོང་ཟོག་ཡོངས་རྫོགས་ཤུལ་མེད་ཐལ་བར་གྱུར་སྟབས།  བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ནང་སྲིད་ལས་ཁུངས་བརྒྱུད་མེ་སྐྱོན་ཕོག་པའི་བོད་མི་སུད་ཚོང་བ་རྣམས་ཀྱི་ཁྲོམ་ར་ཁག་གསར་བརྒྱག་གནང་ནས་སུད་ཚོང་གི་ལས་གཞི་དེ་དག་གང་མགྱོགས་སླར་གསོ་ཐུབ་ཐབས་སུ་མང་ཉུང་ལ་ལྟོས་མེད་ད་ལྟའི་ཆར་ཛ་དྲག་ངལ་སེལ་ཁོ་ནར་དམིགས་ཏེ་རོགས་དངུལ་ཧིན་སྒོར་འབུམ་ ༡༥ གསོལ་བསྩལ་གནང་འདུག དེ་འབྲེལ་སྐོར་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་དོན། ད་རེས་ཀྱི་མེ་སྐྱོན་ཁྲོད་བོད་མིའི་སུད་ཚོང་བ་རྣམས་ལ་མ་དངུལ་ས་ཡ་ ༡༢༠ ཙམ་གྱི་གྱོང་གུད་ཕོག་པ་རྣམས་ཁ་གསབ་ཐུབ་ཐབས་སུ་ནང་སྲིད་ལས་ཁུངས་ཀྱི་བཀོད་ཁྱབ་འོག་ས་གནས་སུ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་རང་རང་བློས་བཅད་ཀྱི་ཞལ་འདེབས་ཞུ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ནང་སྲིད་ལས་ཁུངས་རང་གིས་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་དབུ་འཛུགས་གནང་འདུག གཞན་ཡང་ཡིད་སྐྱོའི་གནས་སྟངས་དེ་དང་འབྲེལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཀྱང་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་གང་སར་ཡོད་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བརྒྱུད་བོད་མི་རྣམས་སྐྱིད་སྡུག་མཉམ་མྱོང་དང་གཅིག་ཕན་གཅིག་གྲོགས་མཚོན་སླད་མེ་སྐྱོན་ཕོག་པའི་བོད་མིའི་སུད་ཚོང་བའི་ཆེད་དུ་དཔལ་འབྱོར་འདུ་འགོད་ཀྱི་ལས་འགུལ་ཞིག་ཀྱང་དབུ་འཛུགས་གནང་ཡོད་པ་རེད། གཞི་རྩའི་ས་ཁང་མེ་སྐྱོན་ཤོར་བའི་གནས་ཚུལ་དེའི་ཁྲོད་ཤིམ་ལ་དང་བདེ་སྐྱིད་གླིང། ཌ་ལོ་ཧོ་སི། ལྡི་ལི། དེ་བཞིན་ལྷ་ས་ཁ་ཆེའི་མི་ཚང་ ༣༠ ཙམ་གྱི་ཚོང་ཁང་བཅས་ཁྱོན་ཚོང་ཁང་ ༡༣༨ ཤུལ་མེད་ཐལ་བར་གྱུར་ཡོད་པ་དང་། རོབ་རྩིས་བྱས་ན་ཕལ་ཆེར་ཁྱོན་ཧིན་སྒོར་ས་ཡ་ ༡༢༠ ཙམ་གྱི་གྱོང་གུན་ཕོག་འདུག  

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་དུ་༸ཞབས་སོར་བདེ་བར་འཁོད་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཐོ་རངས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཉི་ཧོང་དུ་ཕེབས་ཐོན་མཛད་ཡོད་པ་ལྟར། ༸གང་ཉིད་མཆོག་ཉིན་རྒྱབ་ཏུ་ཉི་ཧོང་ནང་༸ཞབས་སོར་བདེ་བར་འཁོད་གནང་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་གྲངས་ ༡༩ རིང་ཉི་ཧོང་གི་རྒྱལ་ས་ Tokyo དང་གྲོང་ཁྱེར་ Osaka གཙོས་པའི་ས་གནས་ཁག་ཅིག་གི་ནང་མང་ཚོགས་རྣམས་ལ་བཀའ་སློབ་དང་བཀའ་ཆོས་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་དོན་ལྟར། དེ་རིང་ཟླ་ ༡༡ ཚེས་ ༨ ཉིན་རྒྱབ་ཚོུད་ ༡༢།༣༠ ཐོག་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་གི་ན་རི་ཏ་རྒྱལ་སྤྱིའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་གནང་འདུག སྐབས་དེར་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་དང་ཆིབས་བསྒྱུར་གསོལ་འདེབས་ཞུས་མཁན་གསང་བ་འདུས་པ་སྐྱིད་སྡུག་ཚོགས་པའི་སྐུ་ཚབ་རྣམ་པ། ལྷག་དོན་དུ་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཉི་ཧོང་ Seifū High Schoo ཞེས་སློབ་གྲྭའི་གཙོ་འཛིན་སྐུ་ཞབས་ Koichi Hiraoka ལགས་གཙོས་གནད་ཡོད་གནད་ཡོད་མི་སྣ་ཁག་ཅིག དེ་བཞིན་ཁུལ་དེའི་བོད་མི་ཚོས་བོད་ལུགས་ལྟར་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་གྲོ་སོ་ཕྱེ་མར་འདེགས་འབུལ་གྱིས་༸གོང་ས་མཆོག་ལ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་༸ཞབས་སོར་བདེ་བར་འཁོད་རྗེས་ཉི་ཧོང་གི་རྒྱལ་སྤྱིའི་གནམ་ཐང་ན་རི་ཏའི་ཉེ་འཁྲིས་སུ་ཡོད་པའི་བཞུགས་གནས་གསོལ་མགྲོན་ཁང་དུ་༸སྐུ་ལྷོད་བཞུགས་ཞག་མཛད་རྒྱུ་རེད་འདུག མཛད་འཆར་ལྟར་ན། སང་ཟླ་ ༡༡ ཚེས་ ༩ ཉིན་༸གོང་ས་མཆོག་གིས་ཁུལ་དེའི་རྒྱལ་ས་རྙིང་གྲས་ Kyoto དང་ཉི་ཧོང་གྲོང་ཁྱེར་ཨོ་ས་ཀ་ནང་བཞུགས་ཞག་ཉིན་བཞིའི་རིང་དད་ལྡན་མང་ཚོགས་རྣམས་ལ་བཀའ་ཆོས་དང་བཀའ་དབང་། ད་བཞིན་བཀའ་སློབ་འབྲེལ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱང་རྒྱུ་ཡིན་འདུག  ཕྱི་ཚེས་ ༡༤  དང་ ༡༥ ཉིན་ཁུལ་དེའི་གནས་རི་རྩ་ཆེན་ Koyasan དུ་རྟེན་གཞི་བྱས་པའི་Koyasan གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གྱིས་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་དབང་དང་བཀའ་སློབ་བསྩལ་རྒྱུ་ཡིན་པ་དང་། དེ་བཞིན་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་ Tokyo དང་། Yokohama ནང་གི་སློབ་གྲྭ་ཁག་ཏུ་བཀའ་སློབ་དང་གནད་ཡོད་མི་སྣར་མཇལ་འཕྲད་མཛད་རྒྱུ་རེད་འདུག ལྷག་དོན་ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་མཐུན་ཚོགས་ཁང་དུ་ Pacifico Yokohama Hall བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། Compassion – The Key to Happiness ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བཀའ་བཀྲིན་བསྩལ་གནང་མཛད་རྒྱུ་མ་ཟད།  ཕྱི་ཚེས་ ༢༦ དང་ ༢༧ ཉིན་གྲོང་ཁྲེར་ Moroyama ནང་དུ་རྟེན་གཞི་བྱས་པའི་ Saitama སྨན་གྱི་གཙུག་ལག་སློབ་གྲྭ་ཆེན་མོའི་འབྲེལ་ཡོད་སྨན་པ་དང་སྨན་ཞབས་པ། དེ་བཞིན་ལས་བྱེད་ཚོར་བླང་དོར་གྱི་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་བཞུགས་ཞག་ཉིན་གྲངས་ ༡༩ རིང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཟླ་བ་འདིའི་ཚེས་ ༢༧ ཉིན་རྒྱ་གར་ཕྱོགས་སུ་ཆིབས་བསྒྱུར་གནང་མཛད་རྒྱུ་རེད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཉི་ཧོང་ནང་ཐོག་མར་ཕྱི་ལོ་ ༡༩༦༧ ལོར་ཆིབས་སྒྱུར་མཛད་འདུག་པ་དང་། ད་ལན་གྱི་ཆིབས་སྒྱུར་འདི་ནི་འདི་ལོའི་ནང་ཉི་ཧོང་དུ་ཆིབས་བསྒྱུར་མཛད་པ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་། ད་བར་༸གང་ཉིད་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་ཐེངས་ ༢༣ བསྐྱངས་ཡོད་པ་རེད།

བོད་མི་སུད་ཚོང་བའི་ཁྲོམ་རར་མེ་སྐྱོན་བྱུང་ནས་ཁྲོམ་ར་ ༡༣༨ ཐལ་བར་གྱུར་འདུག

དེ་རིང་ཟླ་ ༡༡ ཚེས་ ༨ ཉིན་མཐོ་རངས་ཚོུད་ ༡།༣༠ ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁང་རྙིང་པ་ལཱལ་ཀི་ལཱ་ Lal Qila མདུན་གྱི་བོད་མིའི་སུད་ཚོང་བའི་ཁྲོམ་ར་ ༡༣༨ ཙམ་མེའི་འཇིག་པ་ཚབས་ཆེན་བྱུང་ནས་ཚོང་ཁང་ཡོངས་རྫོགས་རྩ་མེད་ཐལ་བར་གྱུར་འདུག ཁྲོམ་ས་དེའི་ཁོངས་སུ་ཚོང་ཁང་ ༡༣༨ ཡོད་ཅིང་དེ་དག་གི་ནང་ཤིམ་ལ་དང་བདེ་སྐྱིད་གླིང། དྷ་ལ་ཧའུ་སི། ལྡི་ལི་བོད་མི། དེ་བཞིན་ལྷ་ས་ཁ་ཆེའི་མི་ཚང་ ༣༠ ཙམ་གྱི་ཚོང་ཁང་ཡོད་པ་དང་། ཚོང་པ་ཁག་ཅིག་གིས་ཚོང་ཁང་དུ་རང་ཉིད་ཀྱི་མ་རྩའི་དངུལ་མར་ཡང་བཞག་ཡོད་ཚོད་འདུག ཚོང་བདག་བོད་པའི་བེུད་གཅིག་གིས་འདི་ག་གསར་འགོད་པའི་དྲི་བར་ལན་འདེབས་གནང་པར་ང་རང་སྒེར་གྱི་ངོས་ནས་མ་རྩ་འབུམ་དྲུག་ཙམ་བཏང་ཡོད་པ་མ་ཟད། དེའི་སྒང་ལ་ལུ་དྷི་ཡ་ནའི་ལཱ་ལཱ་ནས་འབུམ་ཁ་ཤས་བུ་ལོན་གཡར་བ་ཡིན།  ད་ལྟ་ང་ཚོ་ཚོང་འགོ་བཙུགས་ཙམ་ཡིན། ང་ཚོར་གོད་ཆག་བྱུང་བར་རོགས་རམ་གནང་རོགས་ཞེས་ཚོར་ཤུགས་ཆེན་པོས་འབོད་སྐུལ་གནང་གི་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་མེ་སྐྱོན་ཁྲོད་ཁྲོམ་ར་ཁྱོན་ ༡༣༨ ཤུལ་མེད་ཐལ་བར་གྱུར་བ་དེ་དག་ལ་རོབ་རྩིས་གནང་ཚེ་གྱོང་གུད་ཧིན་སྒོར་འབུམ་ ༡༢༠༠ ལྷག་བྱུང་ཡོད་པ་རེད་འདུག གཞི་རྩའི་དེ་རིང་སྔ་དྲོ་བོད་མིའི་སྒྲིགས་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་ལྡི་ལི་དོན་གཅོད་ཀྱི་སྐུ་ཚབ། དེ་བཞིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་རྡ་རམ་ས་ལ་བཅས་ཀྱི་འཐུས་མི་རྣམས་ས་གནས་སུ་གདུང་སེམས་མཉམ་བསྐྱེད་སླད་ཆེད་ཕེབས་གནང་ཡོད་པ་དང་།  ཤེས་རིག་བཀའ་བློན་མཆོག་གིས་དོ་བདག་བོད་མི་ཚོའི་དཀའ་སྡུག་ལ་གསན་བཞེས་དང་འབྲེལ། སྒྲིགས་འཛུགས་ཀྱི་ངོས་ནས་ཛ་དྲག་གི་གོད་ཆག་ཕོག་པའི་ཚོང་པ་ཚོར་གང་འོས་ཀྱི་མཐུན་འགྱུར་ཞུ་རྒྱུ་ཡིན་ཅེས་ཞལ་བཞེས་གནང་ཡོད་པ་རེད།

སོ་ལོ་ཝཀ་ཡའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་རྐྱེན་རྒྱ་གཞུང་གིས་ཡུལ་དེའི་སྲིད་བློན་དང་མཇལ་འཕྲད་ཕྱིར་འཐེན་བྱས་འདུག

ཡོ་རོབ་དབུས་རྒྱལ་ཁབ་སོ་ལོ་ཝཀ་ཡའི་སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་གྱིས་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་པར་བརྟེན་རྒྱ་གཞུང་གི་སྲིད་བློན་ལི་ཁ་ཅང་གིས་སོ་ལོ་ཝཀ་ཡའི་སྲིད་བློན་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཕྱིར་འཐེན་བྱས་འདུག དེའང་ཟླ་བ་སྔོན་མའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་Slovakia རྒྱལ་ས་ Bratislava ནང་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བཀྲིན་བསྐྱངས་པར་འཚམས་འདྲི་ཞུས་པ་དང་འདི་བཞིན་རྒྱལ་ས་ Bratislava ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུས་འདུག་པ་མ་ཟད་སྲིད་འཛིན་མཆོག་གི་ངོ་དེབ་སྟེང་མགོན་པོ་མཆོག་ལ་ཆེ་བསྟོད་དང་སྦྲགས། ཁོང་སྲིད་འཛིན་དུ་འཁོད་ནས་ད་རེས་༸གོང་ས་མཆོག་དང་མཇལ་ཐེངས་ཐོག་མ་འདི་བརྒྱུད་ནང་ཆོས་ཀྱི་ལྟ་གྲུབ་སྐོར་ལ་བློ་བསྐྱེད་བྱུང་ཡོད་སྐོར་གསུངས་ཡོད་པ་རེད། གནད་དོན་དེའི་ཁྲོད་བདུན་ཕྲག་སྔོན་མའི་ནང་ཡོ་རོབ་རྒྱལ་ཁབ་ latvia རྒྱལ་ས་ Riga ནང་དུ་རྒྱ་ནག་དང་ཡོ་རོབ་དཀྱིལ་ཤར་ཡུལ་གྲུ་ཁུལ་གྱི་དབུ་ཁྲིད་ ༡༦ དབར་ལ་མཉམ་འབྲེལ་ལས་དོན་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ད་རེས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། སྐབས་དེར་རྒྱ་ནག་གི་སྲིད་བློན་ལི་ཁ་ཅང་གིས་ལྷན་ཚོགས་དེའི་ཁྲོད་ལ་ Slovakia རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ Robert Fico མཆོག་གཞུང་འབྲེལ་མཇལ་འཕྲད་ཞུ་རྒྱུའི་ལས་རིམ་ཕྱིར་འཐེན་བྱས་འདུག དེ་ལྟར་བྱ་དོན་ནི་ཉེ་སྔོན་སོ་ལོ་ཝཀ་ཡའི་རྒྱལ་ཁབ་ཀྱིས་༸གོང་ས་མཆོག་ཡུལ་དེའི་ནང་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། ཁུལ་དེའི་ནང་གི་གནས་སྡོད་བོད་མི་དང་མང་ཚོགས་རྣམས་ལ་བཀའ་སློབ་བསྩལ་བ་དང་ཆབས་ཅིག ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་ཀྱང་༸གོང་ས་མཆོག་དང་ལྷན་མཇལ་གྱིས་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་བ་བཅས་ལ་བརྟེན་ནས་དེ་ལྟར་བྱས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་པ་མ་ཟད། ལྷག་དོན་རྒྱ་ནག་གཞུང་གིས་མ་འོངས་པར་སོ་ལོ་ཝཀ་ཡས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐོག་སྣང་ཆུང་གཏོང་ཚེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེར་ཉེན་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་པར་ཉན་བརྡ་ཡང་བཏང་འདུག གནད་དོན་དེའི་ཐོག་ Slovakia རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ Robert Fico མཆོག་གིས་སོ་ལོ་ཝཀ་ཡ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཞིག་བྱུང་ཡོད་པ་དང་། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་ལས་འཆར་ཐོག་མདུན་བསྐྱོད་མ་བྱེད་གོང་ནས་རྒྱལ་ཁབ་ཕྱོགས་གཉིས་པོའི་དབར་གྱི་འབྲེལ་ལམ་བསྐྱར་བཟོ་བྱ་དགོས་ཞེས་བརྗོད་འདུག རྩ་བའི་རྒྱ་ནག་གཞུང་གིས་ད་ལན་ Slovakia རྒྱལ་ཁབ་ཀྱི་སྲིད་བློན་དང་མཇལ་འཕྲད་ཞུ་རྒྱུ་ཕྱིར་འཐེན་བྱས་པ་ཐེངས་དང་པོ་མིན་པར་འདས་པའི་ལོ་ཤས་ནང་དུ་ཨ་རིའི་སྲིད་འཛིན་ Obama གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་གནད་ཡོད་དབུ་ཁྲིད་རྣམ་པས་༸གོང་ས་མཆོག་དང་མཇལ་མོས་ཞུས་པར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། རྒྱ་ནག་དང་འབྲེལ་ལམ་ལ་དོ་ཕོག་ཆེན་འགྲོ་ངེས་ཡིན་པ་སོགས་ཀྱི་ཉེན་བརྡ་བཏང་དང་གཏོང་མུས་ཡིན་པ་རེད། ཐ་ན་འཛམ་གླིང་ནང་སྒྱུ་རྩལ་བ་ Bon Jovi དང་ Maroon5 དེ་བཞིན་ lady Gaga སོགས་ལ་མགོན་པོ་མཆོག་དང་འབྲེལ་བ་ཡོད་པའི་གནད་དོན་འོག་རྒྱ་ནག་ནང་དུ་འཚོགས་འཆར་ཡོད་པའི་ཁོང་རྣམས་ཀྱི་མཚན་ཚོགས་ཀྱང་ཚོགས་བཅུག་མེད་པ་བཟོས་ཡོད་པ་རེད། དེ་བཞིན་ཉེ་སྔོན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་ Daniel Herman མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པར་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་པའི་འོག་ཅེཀ་གཞུང་གིས་ཁོང་གི་ཨ་ཁུར་ཕུལ་རྒྱུའི་གཟེངས་རྟགས་ཕྱིར་འཐེན་གནང་ཡོད་པ་རེད།  

རྒྱ་གར་ལྷོ་ཕྱོགས་ Andhra Pradesh མངའ་སྡེ་ནས་༸གོང་ས་མཆོག་ལ་དུས་དབང་གསོལ་འདེབས་ཞུ་དགོས་གལ་ཡིན་པ་གསུངས་འདུག

 རྒྱ་གར་ལྷོ་ཕྱོགས་ Andhra Pradesh མངའ་སྡེ་གཞུང་གིས་འབྲེལ་ཡོད་དབུ་ཁྲིད་ཁག་གིས་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཏེ་གྲོང་ཁྱེར་ Amaravati ནང་དུ་སླར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དབང་བསྩལ་ཐུབ་པར་འབད་བརྩོན་ཞུས་དགོས་པ་གསུངས་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལྟར་ན།  ཟླ་ ༡༡ ཚེས་ ༤ ཉིན་ Andhra Pradesh མངའ་སྡེ་བློན་ཆེན་སྐུ་ཞབས་ N Chandrababu Naidu མཆོག་གིས་ཡུལ་དེའི་ Vijayawada གྲོང་ཁྱེར་དུ་ཡུལ་སྐོར་སྤྲོ་འཆམ་གྱི་སྡེ་ཁག་ཐོག་ལ་བསྐྱར་ཞིབ་ཞིག་གནང་འདུག་པ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་ཡུལ་སྐོར་སྤྲོད་འཆམ་ལྷན་ཁང་གི་ལས་བྱེད་ཚོའི་ངོས་ནས་རྒྱ་གར་ལྷོ་ཕྱོགས་ Amaravati ནང་དུ་སླར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུའི་མཛད་རིམ་ཞིག་གོ་སྒྲིག་ཞུས་དགོས་ཀྱི་ཡོད་པ་དང་།  ཁྱད་པར་དུ་དེ་ལྟར་གནང་ཐུབ་ཕྱིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༧༡ ནས་ནང་པའི་དགེ་འདུན་པ་རྣམས་གདན་ཞུ་ཕུལ་དགོས་པར་བཀའ་ནན་གནང་འདུག ལྷག་དོན་དུ་མངའ་སྡེ་བློན་ཆེན་སྐུ་ཞབས་ N Chandrababu Naidu མཆོག་གིས་ནང་པའི་བླ་ཆེན་ཁག་དང་ལྷན་དུ་བཀའ་བསྡུར་དང་སློབ་སྟོན་སོགས་ཞུས་པའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་ལ་ཁུལ་དེའི་ནང་དུ་དཔལ་དུས་ཀྱི་འཁོར་ལོ་བསྩལ་རྒྱུའི་མཛད་རིམ་ཆེད་གསོལ་འདེབས་ཞུས་དགོས་ཀྱི་རེད་ཅེས་གསུངས་འདུག མངའ་སྡེ་བློན་ཆེན་མཆོག་གིས་ད་དུང་ Vijayawada ཉེ་འགྲམ་དུ་ཡོད་པའི་ Seta Nagar ཞེས་རིའི་སྟེང་དུ་སངས་རྒྱས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བརྒྱག་རྒྱུ་ཡིན་པ་དང་། གལ་ཏེ་༸གོང་ས་མཆོག་གིས་ Amaravati ནང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུར་ཐུགས་གཏན་འཁེལ་ཚེ། ཡུལ་དེའི་ནང་གི་ཡུལ་སྐོར་སྤྲོ་འཆམ་སྡེ་ཚན་ལ་དཔལ་འབྱོར་གྱི་ཡོང་བབ་བསྐྲུན་མཁན་གཙོ་གྲས་ཤིག་ཆགས་ངེས་ཡིན་པར་བརྗོད་འདུག རྩ་བའི་༸གོང་ས་མཆོག་གིས་ ༢༠༠༥ ལོར་རྒྱ་གར་ལྷོ་ཕྱོགས་ Andhra Pradesh ཡི་གྲོང་ཁྱེར་ Amaravati ནང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༠ ཐམ་པ་དེ་བསྩལ་ཡོད་པ་དང་། སྐབས་དེར་ས་གནས་དེ་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཆེ་གྲས་ཤིག་ཏུ་འགྱུར་ཡོད་པ་རེད།

Latest news