Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸གོང་ས་མཆོག་ནས་ཞི་བདེ་ལྡན་པའི་འཛམ་གླིང་བསྐྲུན་རྒྱུ་ནི་ཐོུང་གི་འགན་འཁྲི་ཡིན་སྐོར་བཀའ་སྩལ་འདུག

ཟླ་བ་སྔོན་མའི་ནང་འཛམ་གླིང་ས་ཕྱོགས་གང་སར་༸གོང་ས་༸སྐྱབས་མགོནཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གྲུབ་མཚམས་དང་བསྟུན། པི་བི་ཨེས། ( PBS ) བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་སྐུ་ཞབས་ Fred De sam Lazaro ལགས་བཞུགས་སྒར་དུ་ཆེད་བཅར་གྱིས་མགོན་པོ་མཆོག་ལ་བཅར་འདྲི་ཞུས་ནས་སྐར་མ་ ༧ ལྷག་གི་བརྙན་ཐུང་ཞིག་ཆེད་སྒྲིག་ཞུས་འདུག གསར་འགོད་པས་མགོན་པོ་མཆོག་ལ་༸སྐུའི་ཡང་སྲིད་སྐོར་དང། ཆོས་ལུགས་མཐུན་སྒྲིལ། མགོན་པོ་མཆོག་གི་སྐུ་སྒེར་གྱི་མཛད་འཕྲིན་དང། གཞན་ཡང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཐབས་སོགས་གནད་དོན་ཁག་ཅིག་གི་ཐད་ལ་བཀའ་འདྲི་ཞུས་པར། མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མིའི་རྒྱུད་ལ་བྱམས་བརྩེ་དང། བཟོད་བསྲན། དེ་བཞིན་གུ་ཡངས་བཅས་ཀྱི་བསླབ་བྱ་ནི་ནང་པ་སངས་རྒྱས་པའི་ཆོས་ཁོ་ན་མ་ཡིན་པར།  འཛམ་གླིང་དེའི་ཐོག་ཡོད་པའི་ཆོས་ལུགས་ཚང་མའི་གཅིག་མཚུངས་ཀྱི་བསླབ་བྱ་ཞིག་ཡིན་པ་དང། ཆོས་ལུགས་རྗེས་འབྲང་པ་ཚོས་རང་སོ་སོའི་ཆོས་ལུགས་ཀྱི་བསླབ་བྱ་རྣམས་རྣམ་པར་དག་པ་སྲུང་བ་ན། དོན་དམ་གྱི་འཛམ་གླིང་ཞི་བདེ་སྐྲུན་རྒྱུར་ཕན་རླབས་ཆེན་པོ་ཡོད་ཅེས་བཀའ་སྩལ་འདུག ལྷག་པར་དུ་མགོན་པོ་མཆོག་གིས་སྐྱེ་བ་ཕྱི་མ་ཡོད་མེད་ཀྱི་ལྟ་གྲུབ་དང།   དཀོན་མཆོག་འཛིན་པའི་ལྟ་གྲུབ་དང། དེ་བཞིན་སངས་རྒྱས་ཀྱི་ལྟ་གྲུབ་འཛིན་རྒྱུ་བཅས་ནི་གང་ཟག་སྒེར་སོ་སོའི་གནད་དོན་ཞིག་ཡིན་པ་ལས།  འགྲོ་བ་མིའི་རིན་ཐང་གོང་འཕེལ་དང། ཞི་བདེ། དེ་བཞིན་བདེ་སྐྱིད་ལྡན་པའི་འཛམ་བུ་གླིང་སྐྲུན་རྒྱུ་ནི་འགྲོ་བ་མིའི་ཐོུང་གི་འགན་ཁྲི་ཞིག་རེད་ཅེས་བཀའ་སྩལ་བ་མ་ཟད། མགོན་པོ་མཆོག་གིས་༸སྐུའི་ཡང་སྲིད་དང་འབྲེལ་བའི་བཀའ་འདྲི་ཞུས་པར་སྐུ་སྒེར་ནས་གནད་དོན་དེའི་ཐད་ཐུགས་སྣང་དེ་ཙམ་མེད་སྐོར་དང། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་པའི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་མཁན་སུས་ངོས་འཛིན་བྱེད་ཀྱང་དེར་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་པ་སོགས་བཀའ་སྩལ་ཡོད་པ་རེད།

རྒྱ་གཞུང་གིས་བྱང་རྭ་སྒྲེང་ཕ་ཕོང་ཐང་བསྐོར་དུས་ཆེན་ལ་དམ་དྲག་བྱས་འདུག

བྱང་རྭ་སྒྲེང་ཕ་ཕོང་ཐང་བསྐོར་དུས་ཆེན་ཞེས་པ་སྲུང་བརྩི་ཞུ་ལ་ཉེ་བ་དང་བསྟུན་རྒྱ་གཞུང་གིས་སྤྱི་བདེ་ཉེན་རྟོག་པ་དང་དམག་མི་འབོར་ཆེན་ཞིག་བཀོད་སྒྲིག་བྱས་ནས་དམ་དྲག་བྱེད་བཞིན་འདུག དེ་རིང་ཟླ་ ༨ ཕྱི་ཚེས་ ༢༤ ནས་འགོ་འཛུགས་ཐོག་རྒྱ་གཞུང་ནས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་ཕོད་མདོ་ཆུས་ཀྱི་ཁོངས་གཏོགས་བྱང་རྭ་སྒྲེང་དགོན་པར་ཉིན་གྲངས་དགུའི་རིང་སྲོལ་རྒྱུན་ལྟར་དམིགས་བསལ་གྱི་བྱང་རྭ་སྒྲེང་ཕ་ཕོང་ཐང་བསྐོར་དུས་ཆེན་སྲུང་བརྩི་ཞུ་ཉེ་དང་བསྟུན་དམ་དྲག་བྱེད་བཞིན་ཡོད་པ་རེད་འདུག དེ་ཡང་བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ལོའི་བོད་ཟླ་ ༧ ཚེས་ ༩ ནས་ ༡༨ བཅས་སུ་ལོ་འཁོར་བཅིུས་བར་ཐེངས་རེ་སྲུང་བརྩི་བྱེད་སྲོལ་ཡོད་པའི་མཚམས་དེར་རྒྱ་གཞུང་འབྲེལ་ཡོད་ལས་བྱེད་ཀྱིས་དུས་ཆེན་ལ་ཡོང་མཁན་བོད་མི་རྣམས་ལ་ཐོབ་ཐང་ལག་འཁྱེར་མེད་ན་འཕྲལ་མར་འཛིན་བཟུང་བྱེད་རྒྱུ་དང་ཞགས་སྡོད་བྱ་མི་ཆོག་པ། དེ་བཞིན་ཁ་ལོ་བ་ཡིན་རིགས་ཁ་ལོ་བའི་ལག་འཁྱེར་མཉམ་ཁྱེར་མེད་ཚེ་རླངས་འཁོར་འཕྲོག་རྒྱུ་ཡིན་པ་བཅས་བཙན་བཀའ་བཏང་འདུག དེ་བས་ཀྱང་དུས་ཆེན་དེ་ཚོགས་ལ་ཉེ་བའི་སྐབས་གནས་དེར་བསྐྱོད་མཁན་མང་ཚོགས་རྣམས་དགག་སྒོ་ལྔ་བརྒྱུད་ནས་འགྲོ་དགོས་པ་དང་། དགག་སྒོ་དེ་དག་ལ་སྤྱི་བདེ་ཉེན་རྟོག་མི་སྣ་དང་དམིགས་བསལ་ཉེ་རྟོག་པ། གཞུང་གི་ལས་བྱེད་མི་སྣ་བཅས་འགྲེམས་འཇོག་བྱས་ནས་དམ་དྲག་སྔ་ལྷག་བྱེད་བཞིན་ཡོད་པ་རེད་འདུག རྩ་བའི་དུས་ཆེན་དེ་ནི་རྭ་སྒྲེང་ཕ་ཕོང་དགོན་པའི་ཆོས་ལུགས་ཀྱི་དམིགས་བསལ་དུས་ཆེན་ཞིག་དང་། ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཐོག་མར་སྲོལ་སྟོན་གནང་བ་ཞིག་ཡིན་འདུག  

སྲིད་སྐྱོང་མཆོག་ལྡི་ལི་དང་ལ་དྭགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་ ༨ ཚེས་ ༢༠ ནས་ ༢༩ བར་ལྡི་ལི་དང་ལ་དྭགས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག དེ་རིང་ཟླ་ ༨ ཕྱི་ཚེས་ ༢༡ ཉིན་དྷ་ས་ནས་ཕེབས་ཐོན་གནང་སྟེ་ལྡི་ལིར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤེ་ཡ་མཚན་པ། དེ་བཞིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Foundation for Non-Violent Alternatives ཞེས་པའི་ཚོགས་པ་གསུམ་གྱིས་མཉམ་འབྲེལ་ཐོག་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་དུ་ Only one Tibet to Quench Asia’s growing thirst ཞེས་ཨེ་ཤི་ཡ་གླིང་ཆེན་གྱི་སྐོམ་ཁ་གསོལ་ཆེད་བོད་གཅིག་ལས་མེད་ཅེས་པའི་ཁོར་ཡུག་གི་ཚོགས་འདུར་ལྷན་ཞུགས་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་དེ་བོད་མི་རིགས་གཅིག་གི་གནད་དོན་ཙམ་མིན་པར་ཨེ་ཤེ་ཡའི་འཛུགས་བསྐྲུན་གྱི་ལས་གཞི་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོད་སྟབས། ཨེ་ཤེ་ཡའི་རྒྱལ་ཁབ་ཚང་མའི་གནད་དོན་གཙོ་ཆེ་ཡིན་སྐོར་སོགས་གསུངས་འདུག ཚོགས་འདུ་ཐོག་སྙན་གྲགས་ཆེ་བའི་ཁོར་ཡུག་ལས་འགུལ་བ་དང་མཁས་དབང་མང་དག་ཅིག་ཕེབས་ཡོད་པ་དང། དེའི་སྐབས་བོད་དེ་རྒྱ་གར་དང་ཉེ་བའི་གླིང་ཆེན་གནད་ཆེ་ཞིག་ཆགས་ཡོད་སྐོར་ཐོག་གྲོས་བསྡུར་གཙོ་བོ་གནང་ཡོད་པ་རེད་འདུག མཛད་རིམ་ལྟར་ན། སང་ཚེས་ ༢༢ ཉིན་སྲིད་སྐྱོང་མཆོག་ནས་ལྡི་ལིའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུ་བཅའ་བཞུགས་བོད་མི་གཙོས་པའི་ས་གནས་བོད་མི་རྣམས་ལ་དབུ་མའི་ལམ་གྱི་ཐོག་ལ་ཟབ་སྦྱོང་གསུང་བཤད་གནང་རྒྱུ་དང། དེ་བཞིན་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གྲུབ་བསྟུན། ཕྱི་ཚེས་ ༢༤ ཉིན་ལ་དྭགས་ཕྱོགས་སུ་ཕེབས་ཐོན་གྱིས་ཚེས་ ༢༥ ཉིན་ལ་དྭགས་རྒྱལ་སྤྱིའི་ལྟེ་གནས་ཁང་གི་ཆེ་སྟོད་འགན་འཛིན་དང་གཞུང་ཚབ་ཟུར་པ་སྐུ་ཞབས་ P. Stobten ལགས་ཀྱིས་ Environment of Tibet and Its impact on Asia ཞེས་བོད་ཀྱི་ཁོར་ཡུག་དང་དེས་ཨེ་ཤེ་ཡའི་ཐོག་ཤུགས་རྐྱེན་ཞེས་པའི་ཚོགས་འདུའི་ཐོག་དབུ་བཞུགས་ཀྱི་དབུ་བྱེད་གསུང་བཤད་གནང་རྒྱུ་རེད་འདུག མཛད་རིམ་ལྟར་ན། ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་མཆོག་ལ་དྭགས་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༧ དང་ ༢༨ བཅསསུ་རྒྱ་གར་གཞུང་གི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་དང། ཕྱི་ཚེས་ ༢༩ ཉིན་ཕྱིར་བཞུགས་སྒར་དུ་འབྱོར་གནང་རྒྱུ་རེད་འདུག

བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་དང་བསྟུན་བོད་མིར་དམ་དྲག་ཤུགས་ཆེ་བྱས་པ།

རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་དང་འབྲེལ་ནས་བོད་མིར་སྔར་ལྷག་ཞིབ་བཤེར་བཀག་སྡོམ་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ལ་དོ་དམ་ནན་པོ་བྱེད་བཞིན་འདུག དྷ་ས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་དང་འབྲེལ་ནས་བོད་མིར་མནར་གཅོད་དང་འཛམ་གླིང་ལ་བསླུ་བྲིད་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག དེའི་ནང་གཙོ་བོ་ཟླ་ ༨ ཕྱི་ཚེས་ ༡༡ ཉིན་རྒྱ་ནག་དབུས་གཞུང་སྦྲགས་སྲིད་ལས་ཁུངས་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས། དེ་བཞིན་གྲོང་ཁྱེར་བཅས་ཀྱི་ས་གནས་སོ་སོའི་ནང་བཀའ་ཁྱབ་ཞིག་བཏང་སྟེ། ཟླ་བ་འདིའི་ཚེས་ ༢༠ ནས་ཕྱི་ཟླ་༩པའི་ཚེས་༡༢ བར། བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་རིང་། བོད་དང་ཕྱི་ཕྱོགས་དབར་གྱི་སྦྲགས་ལམ་དང་ཏར་འཕྲིན་འགྲོ་འོང་ཐོག་དོ་དམ་བཀག་སྡོམ་ནན་པོ་བྱེད་རྒྱུ་ཡིན་པ་དང་། ཁྱད་པར་དུ་སྦྲགས་ལམ་བརྒྱུད་ནས་བོད་ལ་ཡིག་ཆེའི་རིགས་དང་ གྲི དེ་བཞིན་འབར་རྫས་སོགས་ཉེན་ཁ་ཡོད་པའི་རྫས་འགྱུར་རིགས། ཐ་ན་ཆབ་སྲིད་ཀྱི་ནང་དོན་ལྡན་པའི་དེཔ་དེབ་རིགས་ཡོངས་རྫོགས་བཙོང་མི་ཆོག་པའི་བཀག་སྡོམ་བྱས་པ་མ་ཟད། སྦྲགས་འཕྲིན་དང་མྱུར་སྦྲགས་སོགས་བསྐུར་མཁན་དང་ལེན་མཁན་དོ་བདག་ཚང་མར་ཐོ་འགོད་ཞིབ་བཤེར་བྱ་དགོས་སྐོར་སོགས་འཁོད་འདུགད་རེས་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་སྟོན་དང་འབྲེལ། སྤྱི་ཡོངས་ནས་ཁུལ་དེའི་ནང་གི་ཁྲོམ་གཞུང་དང་ཟ་ཁང་། དེ་བཞིན་སློབ་གྲྭ་སོགས་མང་ཚོགས་འདུ་འཛོམས་ཀྱི་གནས་གང་སར་རྒྱ་གཞུང་ཉེན་རྟོག་པ་དང་དྲག་ཆས་དམག་མི་སོགས་ཕོན་ཆེ་འགྲེམས་འཇོག་གིས་ཞིབ་བཤེར་བྱས་ནས་བོད་རིགས་མང་ཚོགས་ཐོག་སྔར་ལྷག་དམ་དྲག་ཤུགས་ཆེ་བྱས་བཞིན་པ་མ་ཟད། སྤྱི་ལེ་ ༨༠༠༠ མཚམས་ལ་མཐའ་གཅིག་ཏུ་དམག་རྒྱབ་ཐུབ་པ་དང་ཉིན་ ༦༠ རིང་དཀའ་སྡུག་འཐབ་འཛིང་བྱེད་ཕོད་པ་ཟེར་བའི་འབོད་ཚིག་འོག དུས་ཆེན་སྐབས་བདེ་འཇགས་ཁས་ལེན་དགོས་པའི་ཐད་ཚོགས་ཞུགས་དམག་དཔོན་སྟོང་ཕྲག་ལྷག་ལ་དམ་བཅའ་ཕུལ་བཅུག་སྟེ། བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་མཐའ་དག་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏོང་རྒྱུ་རེད་འདུག དེར་མ་ཟད་ད་ལན་གྱི་བསྒྲགས་གཏམ་དེའི་ནང་ད་དུང་རྒྱ་གཞུང་གིས་བོད་ས་ཡོངས་ལ་བཙན་གནོན་དབང་བསྒྱུར་གྱིས་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་བྱས་པ་ནས་ད་བར། བོད་མི་ཚོའི་སུམ་བཅུའི་སྒེར་ལངས་དང་རང་ལུས་མེར་བསྲེགས་ལ་སོགས་པའི་ཞི་བའི་ངོ་རྒོལ་འདྲ་མིན་སྣ་ཚོགས་ཤིག་རྒྱུན་ཆད་མེད་པར་བྱུང་ཡོད་མུད་ཁར། ད་ལྟའི་ཆར་བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གི་དམག་མི་འབོར་ཆེན་འགྲེམས་འཇོག་གིས་དམག་ས་ལྟ་བུར་སྒྱུར་ཡོད་པ་མ་ཟད། ལྷག་དོན་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་ད་བར་རང་བསྲེགས་གནང་མཁན་ཁྱོན་བོད་མི་ ༡༤༢ བྱུང་ཡོད་པ་དང། དེ་བཞོན་རྒྱའི་བཙོན་འོག་ཏུ་བོད་མི་ཆབ་སྲིད་བཙོན་པ་ ༢༡༣༩ ལྷག་མུ་མཐུད་མནར་གཅོད་མྱོང་བཞིན་ཡོད་པ་སོགས་གསལ་བཏོན་གནང་འདུག

སྤྱི་ལོ་ ༢༠༡༥༌༌༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་བཅུ་དྲུག་གི་སྤྱི་འཐུས་འོས་མིག

སྤྱི་ལོ་ ༢༠༡༥༌༌༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་བཅུ་དྲུག་གི་སྤྱི་འཐུས་འོས་མིག་ཐོག་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཆེ་གྲས་ནས་བཏོན་པའི་མཚན་གཞུང་གཤམ་འཁོད་ལྟར་དེ་དོན་དགོངས་འཇགས་འཚལ། བོད་ཀྱི་རྒྱ་ཡོངས་མང་གཙོ་ཚོགས་པ། མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་ལས་ཁང། དྷ་ས་མདོ་སྟོད་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང།                     དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་།

རྒྱ་གཞུང་གིས་ལི་ཐང་ནས་བོད་མི་གཅིག་འཛིན་བཟུང།

ཁ་སར་ཟླ་ ༨ ཕྱི་ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༩།༤༠ སྟེང་མདོ་ཁམས་ལི་ཐང་རྫོང་ཐོག་གི་ཁྲུང་ཁྲུང་དཀར་མོ་ནང་རྟེན་གཞི་བྱས་པའི་བོད་མི་ཞིག་གིས་ཁུལ་དེའི་ཁྲོམ་གཞུང་དུ་༸གོང་ས་མཆོག་གི་སྐུ་ཐང་ཆེན་པོ་ཞིག་མཁའ་དབྱིངས་སུ་འཕྱར་ནས་བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུའི་རང་དབང་དགོས། ཞེས་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་རྗེས། དེ་མ་ཐག་ས་གནས་ཀྱི་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་འོག་འཛིན་བཟུང་བྱས་འདུག སྐབས་དེར་ཁྲོམ་གཞུང་དུ་མི་མང་པོ་མེད་པས་རྒྱ་གཞུང་ཉེན་རྟོག་པ་གོས་ནག་ཅན་སྐོར་ཞིག་གིས་ཞི་འབོད་གནང་མཁན་ཁོང་གློ་བུར་ལས་སླ་པོའི་ཐོག་སྣུམ་འཁོར་ནག་པོ་ཆུང་ཆུང་ཞིག་གི་ནང་བཙན་ཁྲིད་བྱས་ཡོད་པ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་དམ་དྲག་རྐྱེན་པས་ཁོང་གི་མིང་དང། ལོ་ན་ཇི་སོན། དེ་བཞིན་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་བྱུང་ཐུབ་མེད་པ་རེད་འདུག

ཕི་ལ་གྲེལ་ཕི་ཡ་ནང་བྱམས་བརྩེའི་ཉིན་མོ་སྲུང་བརྩི་ཞུ་འཆར་ཡོད་པ་རེད་འདུག

ཨ་རིའི་གྲོང་ཁྱེར་ཕི་ལ་གྲེལ་ཕི་ཡ་ (Philadelphia )ནང་རིང་མིན་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་བྱམས་བརྩེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་འཆར་ཡོད་པ་རེད་འདུག ཟླ་ ༡༠ ཚེས་ཉེར་དྲུག་དང་ཉེར་བདུན་བཅས་སུ་ཕི་ལ་གྲེལ་ཕི་ཡ་གྲོང་ཁྱེར་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་གཏན་ཁེལ་བ་དང་བསྟུན་། ཁུལ་དེའི་ནང་ཡོད་པའི་ཨ་རིའི་གློག་བརྙན་ཁྲབ་སྟོན་པ་དང་སྒྱུ་རྩལ་བ་སྐུ་ཞབས་ Nathan Bazzel ལགས་དང་ ཕི་ལ་གྲེལ་ཕི་ཡ་བོད་རིགས་ནང་པའི་ལྟེ་གནས་ཁང་གི་ཚོགས་མི་ལྕམ་སྐུ་ Elazar Aslan གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་ནས་ཉིན་མོ་དེ་ནི་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་འཆར་ཡོད་པ་མ་ཟད། ལས་འཆར་དེའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Nathan Bazzel ལགས་ཀྱིས་གསུངས་དོན་ལ་ལས་འཆར་དེ་ནི་གཙོ་བོ་༸གོང་ས་མཆོག་གི་བཀའ་དགོངས་བཞིན་མང་ཚོགས་ལ་བྱམས་བརྩེའི་གོ་རྟོགས་སྤེལ་ཏེ་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་ཆེད་ཡིན་པར་གསུངས་འདུག ལས་རིམ་ལྟར་ཁུལ་དེའི་སློབ་གྲྭ་དང་མཐོ་སློབ་ཁག་གི་ནང་བྱམས་བརྩེའི་སྐོར་སྙན་རྩོམ་རིགས་བྲིས་པ་ཁག་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་ twitter དང་ངོ་དེབ་སོགས་ཀྱི་ཐོག་ལ་ཁྱབ་སྤེལ་གནང་རྒྱུ་ཡིན་སྐོར་འཁོད་འདུག ད་དུང་སྐབས་དེའི་མཛད་འཆར་ཁྲོད་ཁུལ་དེ་ནས་༸གོང་ས་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་དང་སྦྲགས་ཏེ་ཕྱི་ལོ་ ༢༠༡༥ ལོའི་ཨ་རིའི་རང་དབང་གཟེངས་རྟགས་དེ་བཞིན་མགོན་པོ་མཆོག་ལ་འབུལ་ལམ་ཞུ་རྒྱུའི་གསལ་བསྒྲགས་ཀྱང་སྤེལ་འདུག

རྒྱ་གཞུང་གིས་རྔ་བ་ནས་བེུད་གཅིག་འཛིན་བཟུང།

བོད་མདོ་སྨད་རྔ་བ་ནས་ཡིན་པའི་འོད་དཀར་སྐྱིད་ཞུ་མཁན་བེུད་གཅིག་གིས་བོད་ལ་རང་དབང་དགོས་པའི་ཞི་རྒོལ་གྱི་རྔམ་སྟོན་གནང་རྗེས་བཙོན་འཇུག་བྱས་འདུག ཕྱི་ཟླ་ ༨ ཚེས་ ༡༥ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཚོུད་ ༣ ཙམ་ལ་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོ་ནས་རང་ལོ་ ༢༣ ཡས་མས་སོན་པའི་བུ་མོ་འོད་དཀར་སྐྱིད་ལགས་ཀྱིས་བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུའི་རང་དབང་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་ཞེས་རྨེའུ་རུ་མ་ཡུལ་ཚོའི་གཞུང་ལམ་ཐོག་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་རྗེས།དེ་མ་ཐག་ས་གནས་ཀྱི་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་འོག་འཛིན་བཟུང་བྱས་འདུག ད་ལྟའི་ཆར་ཁོང་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་བྱུང་ཐུབ་མེད། ཁོང་གི་ནང་མི་གཙོས་གཉེན་འབྲེལ་རྣམས་ནས་འོད་དཀར་སྐྱིད་ལགས་ཀྱི་གནས་སྟངས་ཇི་ཆགས་ཐད་ཐུགས་འཚབ་ངང་གནས་ཡོད་པ་རེད་འདུག རྩ་བའི་ཁོང་ནི་རྨེའུ་རུ་མའི་རུ་ཆེན་དང་པོ་ནས་ཡིན་པ་དང། ཕ་ཀུན་པོ་དང་མ་འཕགས་པ་རྣམ་གཉིས་ཀྱི་མཉམ་དུ་འབྲོག་སར་འཚར་ལོངས་བྱུང་ཞིང་སློབ་སྦྱོང་གི་གོ་སྐབས་ཐོབ་མྱོང་མེད་པ་ཞིག་དང། བཟའ་ཟླའི་མིང་ལ་ལ་བཀྲ་ཤིས་ཡིན་པ་དང་། ཁོང་གཉིས་ལ་བུ་ལོ་ན་ ༤ སོན་པ་གཅིག་འདུག

ལུ་དྷྱཱནཱར་ཆེས་ཐོག་མའི་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ལས་ཁུངས་གསར་འཛུགས་གནང་འདུག

རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པའི་ལས་ཁུངས་ཤིག་ལུ་དྷྱཱནཱའི་ནང་གསར་འཛུགས་གནང་འདུག ཟླ་ ༨ ཕྱི་ཚེས་ ༡༥ སྟེ་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་རྒྱ་གར་བྱང་ཕྱོགས་པཾཛཱབ་མངའ་སྡེའི་གྲོང་ཁྱེར་ལུ་དྷྱཱནཱར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འགན་འཛིན་ལྷན་ཚོགས་སྐབས་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་དང་བསྟུན། ཁུལ་དེར་བོད་མིའི་ཚོང་པ་ཚོསག་པའི་ལས་ཁུངས་གསར་འཛུགས་གནང་འདུག ཚོགས་འདུའི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཆེད་ཕེབས་གཙོས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅུ་བཞི་དང། ལུ་དྷྱཱནཱའི་རྒྱ་གར་ལཱ་ལཱ་ཚོགས་པ་གཉིས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། དེ་བཞིན་ས་གནས་མི་མང་བཅས་ཁྱོན་མི་ ༢༠༠ ཡས་མས་ཞིག་ལྷན་ཞུགས་གནང་ཡོད་པ་དང།སྐབས་དེར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་གསུངས་དོན་ལ་ད་ལན་ལུ་དྷྱཱནཱ་དུ་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ལས་ཁུངས་ཆེད་འཛུགས་གནང་ཐུབ་པར་ཡི་རངས་ཀྱི་བསྔགས་བརྗོད་གནང་བ་དང་འབྲེལ། ལས་ཁུངས་དེ་བརྒྱུད་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཚོང་པ་ཚོགས་པའི་དབར་འབྲེལ་ལམ་སྔར་ལྷག་དང་དམ་གཟབ་ཡོང་རྒྱུའི་ཐུགས་རེ་གནང་བཞིན་ཡོད་སྐོར་སོགས་གསུངས་འདུག ཐེངས་དེའི་ནང་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་རྣམས་ཀྱིས་ཚོགས་འདུ་ཐེངས་དང་པོའི་ནང་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་ལག་བསྟར་ཐུབ་མིན་ཐོག་ལ་བསྐྱར་ཞིབ་གནང་བ་དང་སྦྲགས་ཏེ་ཚོང་པའི་ཚོགས་པ་དེ་ཉིད་རྒྱུན་གནས་ཐུབ་ཐབས་སུ་ཚོགས་དངུལ་དུས་ཐོག་འབུལ་ལེན་གནང་ཕྱོགས། དེ་བཞིན་ཚོང་པ་ཚོགས་པའི་ལས་ཁུངས་མུ་མཐུད་རྒྱུན་སྐྱོང་ཡོང་ཐབས་ཆེད་རྒྱུན་གྲོན་མཁོ་སྒྲུབ་གནང་ཕྱོགས་སོགས་ཀྱི་ཐོག་བཀའ་སྡུར་གནང་ཡོད་པ་རེད། དེ་མཚུངས་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་ཀརྨ་བདེ་ལེགས་ལགས་ཀྱིས་ཀྱང་ད་ལན་གྱི་ཚོང་པ་ཚོགས་པའི་ལས་ཁུངས་ཤིག་གསར་བཙུགས་ཞུས་ཐུབ་པ་དེ་ནི་བོད་མིའི་སྒྲིག་འཛུགས་དང་ས་གནས་ཁག་གི་བོད་མིའི་ཚོང་པ་དབར་འབྲེལ་ལམ་ཞུ་རྒྱུ་ཆེད་དམིགས་ཏེ་གསར་འཛུགས་ཞུས་པ་ཡིན་སྐོར་སོགས་གསུངས་སོང།

Latest news