Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཁྱིམ་ཚང་ལྔས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་འདུག

སུད་སི་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཁྱིམ་ཚང་ལྔས་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ ༤༤ པ་སྤེལ་ཡོད་པ་རེད་འདུག ཟླ་ ༨ ཕྱི་ཚེས་ ༡༢ ཉིན་སུད་སིར་རྟེན་གཞི་བྱས་པའི་བོད་མི་བཀྲ་བསྟན་ཚང་པ་སངས་དང། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་ཚང་བཀྲ་ཤིས་ལྷ་མོ། སྟག་ཚང་དཀོན་ཅོག ཡེ་ཤེས་ལྷ་མོ་ནང་མི་བཅས་ཁྱིམ་ཚང་ལྔས་སུད་སི་ཇི་ནི་ཝ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་སླད་ཞུ་གཏུག་གི་ལས་འགུལ་ཐེངས་ ༤༤ པ་སྤེལ་ཡོད་པ་དང། ལས་འགུལ་དེའི་ནང་སུད་སི་བོད་མི་ཡར་ཀ་ཚང་བསྟན་པ་རིན་ཆེན་དང་། ཡར་ཀ་ཚང་ཚེ་རིང་མཚོ། ནོར་འཛིན། སྐལ་བཟང་ཚང་བདེ་མཆོག སྟག་ཚང་རིག་འཛིན་བཅས་མཉམ་ཞུགས་གནང་ནས་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་སུད་སིར་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་རྒྱལ་ཁབ་ ༣༨ ཀྱི་གཞུང་ཚབ་བཅས་ལ་ལས་འགུལ་གོ་སྒྲིག་པས་ཆེད་དུ་བཏོན་པའི་བོད་ཀྱི་བདེན་དོན་ཐད་རྒྱབ་སྐྱོར་དགོས་པའི་ཞུ་སྙན་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་འདོན་སྤེལ་གནང་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ཡིག་ཆ་ཁག་ཅིག་ཀྱང་ཟུར་འཛར་ཐོག་ཕུལ་ཡོད་པ་དང་། དེ་བཞིན་རྒྱ་ནག་དང་ཡུ་རོབ་ཁུལ་གཙོས་པའི་འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་མང་དག་ཞིག་ནས་བོད་གནས་ཡིག་ཆ་འགྲེམས་སྤེལ་གྱིས་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཤུགས་ཆེས་ཞུ་འབོད་གནང་འདུག སྐབས་དེར་རྒྱལ་ཚོགས་གྱི་དྲུང་ཆེ་བྷན་ཁེ་མོན་ལགས་ཀྱི་མཚན་ཐོག་ལ་ཕུལ་བའི་ཞུ་སྙན་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་ཐོག་གྲོས་ཆོད་སྔ་ཕྱི་འཇོག་པ་དེ་དག་ལ་བདག་སྐྱོང་གནང་དགོས་པ་དང། བོད་ནང་ཞི་བདེ་དང་རང་དབང་སླར་གསོ་གནང་དགོས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆ་རྐྱེན་གང་ཡང་མེད་པར་བོད་ནང་ཕྱིར་ཕེབས་གནང་ཆོག་པ། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བྱ་དགོས་པ་དང། དེ་བཞིན་འདི་ལོ་རྒྱའི་བཙོན་ཁང་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློ་བུར་དུ་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་བཀྲོངས་པའི་གནས་ཚུལ་སོགས་གཙོས་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་གནང་དགོས་སྐོར་སོགས་འཁོད་ཡོད་པ་རེད། ལས་འགུལ་དེ་སུད་སི་ནང་རྟེན་གཞི་བྱས་པའི་བོད་མི་ཁྱིམ་ཚང་གཉིས་ནས་ཆེས་ཐོག་མར་་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ནས་འགོ་འཛུགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་མདུན་དུ་བོད་དོན་ཞུ་འབོད་ཀྱི་ལས་འགུལ་སྤེལ་ནས་ད་ཆ་ལོ་གསུམ་ཙམ་ཕྱིན་ཟིན་པ་དང་། དེ་ནས་རིམ་བཞིན་སུད་སི་ནང་གཏན་སྡོད་བོད་མི་ཁྱིམ་ཚང་གཞན་ཁག་ཅིག་ནས་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ནས་ད་བར་བོད་དོན་ལས་འགུལ་ཐེངས་ ༤༤ པ་དེ་ཆགས་ཀྱི་ཡོད་པ་རེད།

བོད་ནང་བརྟན་ལྷིང་ཆེད་དུ་ཡིན་ཟེར་ནས་དྲག་ཆས་དམག་དཔུང་ཕོན་ཆེ་གཏོང་བཞིན་པ་རེད་འདུག

ཕྱི་ཟླ་དགུ་པའི་ཚེས་ ༡ སྟེ་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་ཉིན་མོ་ཁེལ་གྱི་ཡོད་པ་དང། དེའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གཙོས་པའི་དཔོན་རིག་ཆེ་གྲས་མང་དག་ཅིག་ཡོང་གི་ཡོད་སྟབས། བོད་ཀྱི་ས་ཁུལ་ཁག་ཅིག་ཏེ་ལྷ་ས་དང་ཞི་རྒ་རྩེ། རེབ་སྒོང་སོགས་ས་ཁུལ་ཁག་ཅིག་གི་ནང་དུ། དྲག་ཆས་དམག་མི་སྟོང་ཕྲག་མང་པོ་དང་འཐབ་འཁོར་ཐན་ཁེ་སོགས་དམག་གི་གོ་ཚོན་ཕོན་ཆེན་པོ་ཁྱེར་བའི་མོ་ཊ་བརྒྱ་ཕྲག་མང་པོ་འབྱོར་བཞིན་པ་རེད་འདུགཁ་སང་ཕྱི་ཚེས་ ༡༢ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་ལ་གཞིགས་ན། ཕྱི་ཟླ་ ༧ པའི་ཟླ་འཇུག་ནས་ལྷ་ས་དང་ཞི་རྩེ། དེ་བཞིན་མདོ་སྨད་རེབ་གོང་སོགས་ཀྱི་ནང་དུ་བོད་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ། ཞི་བདེ་ལྡན་པའི་སྤྱི་ཚོགས་ནི་མང་ཚོགས་ཀྱི་རེ་བ་ཡིན། དེ་བཞིན་དམར་ཤོག་ཚོགས་པར་བློ་དད་རྩེ་གཅིག་དང་ཚོགས་པའི་ལས་དོན་གྲུབ་རྒྱུའི་བློ་སེམས་བརྟན་པོ་ཡོད་སྐོར་སོགས་རས་གཞི་དམར་པོའི་ཐོག་བྲིས་པའི་དམག་མིའི་མོ་ཊ་བརྒྱ་ཕྲག་ཁ་ཤས་འབྱོར་བཞིན་པའི་བརྙན་པར་ཐུང་ངུ་ཁག་ཅིག་ཀྱང་འདོན་སྤེལ་གནང་འདུག མོ་ཊ་དེ་དག་ནང་དུ་དྲག་ཆས་དམག་མི་དང་དམག་གི་གོ་མཚོན་ཕོན་ཆེན་འོར་འདྲེན་བྱེད་བཞིན་པ་མངོན་རྒྱུ་ཡོད་པ་མ་ཟད། ས་གནས་བོད་མི་ཚོས་ད་བར་དེ་འདྲ་བྱུང་མྱོང་མེད་པའི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག རྒྱ་གཞུང་དམག་མི་སླེབས་ཐེངས་རེ་རེའི་ནང་རླང་འཁོར་ ༢༠༠ ཙམ་ཡོད་པ་དང། དེ་དག་ལྷ་ས་བརྒྱུད་བོད་རྒྱ་ས་མཚམས་དང་ཐག་ཉེ་བའི་དམག་སྒར་ཆེ་ཤོས་ཉང་ཆུའི་སྟོད་རྒྱུད་ཀོང་པོ་ཁུལ་གྱི་བྲག་གཡབ་གྲོང་སྡེ་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་རེད་འདུག རྩ་བའི་དམག་དཔུང་ཕོན་ཆེན་དེ་འདྲ་ཞིག་གློ་བུར་དུ་སླེབས་དགོས་པའི་རྒྱུ་མཚན་གསལ་ཁ་མེད་ཀྱང། གནད་དོན་དབྱེ་ཞིབ་པ་འགས་དེ་དག་དམར་ཤོག་ཚོགས་པས་ཟླ་ ༩ ཚེས་ ༡ སྟེ་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་ཉིན་མོ་ཁེལ་གྱི་ཡོད་པ་དང་བསྟུན། ཤོག་ཚོགས་པའི་ཁྱབ་བསྒྲགས་དང་སྟོབས་ཤུགས་ངོམ་རྒྱུ། དེ་བཞིན་དམག་སྦྱོང་བཅས་ཀྱི་སླད་ཡིན་སྲིད་པའི་ཚོད་དཔག་གནང་བཞིན་འདུག ཟླ་བ་འདིའི་ཚེས་༡༡ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ Xinhua ཡི་དྲ་གནས་ཐོག་གནས་ཚུལ་སྤེལ་བའི་གསར་གནས་ལ་གཞིས་ན། རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཁུལ་དུ་ཡོད་པའི་རྒྱ་ནག་བཅིང་གྲོལ་དམག་སྒར་ཆེ་ཤོས་ཀྱིས་གོ་སྒྲིག་འོག དམག་གི་དངོས་བྱུང་སྦྱོང་བརྡར་ཁག་ལྔ་ཙམ་སྤྲད་ཆར་ཡོད་པ་དང། དེའི་ནང་རྒྱ་ནག་བཅིང་གྲོལ་དམག་གི་རུ་ཁག་ ༡༤༠ ཙམ་ནས་དམག་མི་ཁྱོན་འབུམ་གཅིག་དང་སྟོང་ཕྲག་ ༤༠ ཙམ་ནས་མཉམ་ཞུགས་བྱེད་རྒྱུ་ཡིན་སྐོར་འཁོད་པ་མ་ཟད། དེ་བས་ཀྱང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་ཉིན་མོ་སྲུང་བརྩི་བྱ་འཆར་དང་འབྲེལ། རྒྱ་གཞུང་བརྒྱུད་ལམ་ཁག་གི་ནང་དུ་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་འགྲེལ་བརྗོད་ཤུགས་ཆེར་བྱེད་བཞིན་པ་རེད།

རྒྱ་གར་གྱི་གྲོས་ཚོགས་འཐུས་མིས་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་འདུག

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཕྱག་སྦྲེལ་རྣམ་མགཉིས་དང་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་ལྷན་དུ་བོད་གནད་དོན་སྐོར་ལྷན་ཚོགས་གནང་འདུག ཁ་སང་ཟླ་ ༨ ཕྱི་ཚེས་ ༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཧི་མཱ་ཅལ་དོན་གཅོད་ཁང་དུ་རྒྱ་གར་གྲོས་ཚོགས་ཀྱི་ཆབ་སྲིད་དོན་ཚོགས་ཁག་དྲུག་གིས་གོ་སྒྲིག་འོག་ བོད་མིའི་སྐུ་ཚབ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཕྱག་སྦྲེལ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་ཨཙྱཱ་ཡེ་ཤེས་ཕུན་ཚོགས་ལགས་རྣམ་པ་གཉིས་དང་། རྒྱ་གར་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་ཁག་དྲུག་གྱི་འཐུས་མི་བཅས་ལྷན་འཛོམས་ཀྱིས་བོད་དོན་ཐད་གླེང་སློང་གནང་འདུག ལྷན་ཚོགས་དེའི་གཙོ་སྐྱོང་བ་སྐུ་ཞབས་ Shri. Shanta Kumar མཆོག་གིས་ལྷན་ཚོགས་ཐོག་ཆེད་ཕེབས་གནང་བའི་ཚོགས་མི་རྣམས་ལ་འཚམས་འདྲིའི་གསུང་བཤད་གནང་བ་དང་སྦྲགས་ཏེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་ཚོགས་མི་རྣམས་ལ་རྒྱ་གཞུང་གིས་ད་ལྟའི་ཆར་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཐོག་འགྲེལ་བརྗོད་གནད་བསྡུས་ཤིག་གནང་རྒྱུའི་རེ་སྐུལ་ཞུས་དོན་ལྟར། ཚོགས་གཙོ་མཆོག་ནས་ཀྱང་ད་ལྟའི་ཆར་གཞིས་བཞུགས་བོད་མི་ཚོར་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡོད་སྐོར་སོགས་ངོ་སྤྲོད་གནང་འདུག ད་ལན་གྱི་ལྷན་ཚོགས་དེའི་ཐོག་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ལྷན་ཚོགས་ཀྱི་གཙོ་སྐྱོང་བ་སྐུ་ཞབས། Shri Shanta Kumar (BJP), ལགས་གཙོས། Smt. Maneka Gandhi (BJP), Shri Bashista Narain Singh (JDU), Shri. Ninong Ering (INC), Smt. Kavita Kalvakuntla (TRS), Shri Bhagat Singh Koshyari (BJP), Dr.Udit Raj (BJP), Smt.Kanak Lata Singh (SP) and Dr. Arun Kumar (RLSP) མཆོག་བཅས་ཆེད་ཕེབས་གནང་ཡོད་པ་མ་ཟད། ཚོགས་བཅར་བ་དེ་དག་ནས་རྒྱ་གཞུང་གིས་བོད་ནང་འགྲོ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་དང་འགྱུར་ལྡོག་ཆེ་བའི་དུས་རབས་ ༢༡ དེའི་ནང་དུའང་བོད་མི་ཚོའི་ངོ་བོ་བརླག་ཐབས་ཀྱི་སྲིད་བྱུས་ལག་བསྟང་བྱེད་དང་བྱེད་མུས་ཡིན་པར་བློ་འཚབ་ཆེན་པོ་ཡོད་པའི་དགོངས་ཚུལ་གསུངས་པ་དང་། དེ་བས་ཀྱང་ཁོང་རྣམ་པས་སླད་མར་བོད་ཀྱི་གནད་དོན་ཐད་གླེང་སློང་དང་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད་འདུག

བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་མཇུག་སྒྲིལ་གནང་སོང།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་སློབ་གྲྭར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་ཕྲུག་ཚོའི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་ལེགས་གྲུབ་ངང་མཇུག་སྒྲིལ་གནང་ཡོད་པ་རེད། དེ་རིང་ཟླ་ ༨ ཕྱི་ཚེས་ ༡༣ ཉིན་ཚོགས་འདུ་མཇུག་སྒྲིལ་བའི་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་སློན་དངོས་གྲུབ་ཚེ་རིང་མཆོག་རྣམ་གཉིས་ཆེད་ཕེབས་ཐོག་རྒྱ་གར་དང་བལ་ཡུལ་གཉིས་ནང་ཡོད་པའི་གཞིས་ཆགས་ཁག་ ༤༣ གི་བོད་ཕྲུག་ཚོའི་ཕ་མའི་ཚོགས་ཆུང་གི་སྐུ་ཚབ་ ༢༥༠ ལྷག་ཚོགས་བཅར་ཞུས་ཐོག་ལེགས་གྲུབ་ངང་མཇུག་སྒྲིལ་གནང་སོང། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་༸གོང་ས་མཆོག་ནས་དུས་རྟག་ཏུ་ང་ཚོ་བོད་མི་རྣམས་ཡ་རབས་བཟང་སྤྱོད་ལྡན་པའི་མི་རིགས་ཤིག་ཡིན་སྐོར་བཀའ་སློབ་བསྩལ་བཞིན་པའི་ཁྲོད་ང་ཚོ་གཞོན་རབས་ཚོས་ནང་ཕན་ཚུལ་བཀའ་མོལ་གནང་སྐབས་མི་སྙན་པའི་བཀའ་མོལ་ཚེ་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་དང་འགལ་སྡུར་ཆགས་སྟབས། ཕ་མ་ཚོས་ཉིན་རེ་ནས་ཉིན་རེ་བཞིན་ཕྲུ་གུའི་ ཤེས་ཡོན་དང་ལྷག་དོན་བཟང་སྤྱོད་ཐད་དམིགས་བསལ་གྱི་འགན་འཁུར་བཞེས་ཏེ་སློབ་ཕྲུག་ཚོའི་གྲོགས་པོ་དང་གྲོགས་མོ་ལྟ་བུའི་བློ་ཐག་ཉེ་བའི་ཕ་མ་ཞིག་ཆགས་ཐབས་གནང་གལ་ཆེ་བར་གསུངས་པ་དང། དེ་བས་ཀྱང་ཁོང་གིས་མུ་མཐུད་གསུངས་དོན་ལ་ད་ལྟ་བར་དུ་བོད་མི་ཚོའི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་པ་དང་བསྟུན། བོད་པའི་ཕྲུ་གུ་མང་དག་ཞིག་དབྱིན་ཇི་སློབ་གྲྭར་བརྫངས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དེ་སེལ་ཐབས་སུ་བོད་སློབ་ཁག་གི་ནང་སློབ་ཕྲུག་ཚོའི་ཤེས་ཚད་དང་ཡིག་རྒྱུགས་ཀྱི་གྲུབ་འབྲས་སྔར་ལྷག་ལེགས་པོ་སོན་ཐུབ་པ་གནང་དགོས་གལ་དང་དེ་ལྟར་ལག་ལེན་ཐུབ་ན་མ་འོངས་པར་ད་ལྟའི་ཆར་དབྱིན་ཇི་སློབ་གྲྭའི་ནང་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་ཕྲུག་དེ་རྣམས་བོད་སློབ་ནང་ཚུར་ཞུགས་ཐུབ་ངེས་ཡིན་པ་སོགས་གསུངས་སོང།

༸གོང་ས་མཆོག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་གསུངས་འདུག

གཤམ་འཁོད་གསུང་འཕྲིན་འདི་ནི་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་འདོན་སྤེལ་གནང་འདུག དེ་ཡང་༸གོང་ས་མཆོག་གིས་ ( འདི་ལོ་ཕྱི་ཟླ་དྲུག་པ་བདུན་པའི་ནང་ངོས་རང་ལོ་བརྒྱད་ཅུར་སོན་པའི་སྐྱེས་ཚེས་ཀྱི་དུས་སྟོན་གྱི་སྐབས་འཇིག་རྟེན་འདིའི་ཡུལ་ལུང་སྣ་ཚོགས་སུ་བཞུགས་པའི་མཆེད་གྲོགས་རྣམས་པས་འཚམས་འདྲི་དང་།ལེགས་བརྗོད་སྨོན་འདུན་གནང་སོན་བྱུང་བར་སྙིང་ནས་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན། ཀུན་གྱིས་མཁྱེན་གསལ་བཞིན་ངོས་ཀྱི་མི་ཚེ་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་སྒྲུབ་པའི་དོན་དུ་དམིགས་ཤིང། ལྷག་པར་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཅི་ནུས་སྒྲུབ་པའི་ལྷག་བསམ་བཅངས་བཞིན་པ་ཡིན། བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་ནི་སྲོག་ཆགས་ཀུན་གྱི་རང་གཤིས་ཡིན་པ་དང་། དེ་ནི་སེམས་ཅན་ཐམས་ཅད་གཅིག་མཐུན་འདྲ་མཉམ་ཡིན་པའི་རྒྱུ་མཚན་ཡང་ཡིན། དེར་བརྟེན་འགྲོ་བ་ཡོངས་ཀྱི་ཕན་བདེ་སྒྲུབ་པ་དང་། སྡུག་བསྔལ་སེལ་བའི་མཉམ་འདུས་ཀྱི་ལས་འགན་ཡང་ཀུན་ལ་ཡོད་པས་འགྲོ་བ་མིའི་བྱམས་བརྩེ་སྙིང་པོ་ཅན་གྱི་བཟང་སྤྱོད་གོང་འཕེལ་དང་། འཐབ་རྩོད་དང་འཚེ་བ་སྤོང་ཐབས། ཆོས་ལུགས་ཕན་ཚུན་གུས་བརྩིའི་མཐུན་ལམ། རང་བྱུང་ཁོར་ཡུག་སྲུང་སྐྱོབས་བཅས་ལ་ཚང་མས་ཐུགས་ཁུར་ཆེ་བསྐྱེད་གནང་བའི་རེ་སྨོན་དང་འབོད་བསྐུལ་བྱེད་ཀྱི་ཡོད། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས། རབ་བྱུང་བཅུ་བདུན་པའི་ཤིང་ལུག་ཟླ་ ༦ ཚེས་ ༢༨ ཕྱི་ལོ ༢༠༡༥ ཟླ་ ༨ ཚེས་ ༡༢ ལ། ། ) ཞེས་བཀའ་བསྩལ་འདུག

ཨ་རིའི་Boulder ནང་གི་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་དྲ་རྒྱར་འགོག་རྐྱེན་བྱུང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་༡༠ པའི་ནང་ཨ་རིའི་Colorado མངའ་སྡེའི་གྲོང་ཁྱེར་Boulder ནང་ཉིན་གྲངས་གཉིས་རིང་མཛད་འཆར་བསྐྱང་གཏན་འཁེལ་ཡོད་པ་ལྟར། ཁེ་ཉིན་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་ནས་ཆོས་འབྲེལ་དང་བཀའ་སློབ་ཞུ་བར་བཅར་མཁན་ཚོའི་ཕྱག་འཁྱེར་དྲ་རྒྱའི་བརྒྱུད་མང་ཚོགས་ནས་ཉོ་འཚོང་འགོ་ཚུགས་ཞུས་སྐབས་དྲ་རྒྱར་འགོག་རྐྱེན་འཕྲད་པའི་གནས་ཚུལ་ཐོན་འདུག ཟླ་ ༨ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཨ་རིའི་Colorado མངའ་སྡེ་ནང་རྟེན་གཞི་བྱས་པའི་Colorado གཙུག་ལག་སློབ་གཉེར་ཁང་དང་Coloradoབོད་རིགས་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག ༸གོང་ས་མཆོག་རིང་མིན་ཕྱི་ཟླ་༡༠ པའི་ཚེས་༢༡ ཉིན་ཁུལ་དེའི་ནང་ཡོད་པའི་Coors Event བསྟི་གནས་ཁང་དུ་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུའི་མཛད་འཆར་གྱི་ཕྱག་འཁྱེར་ཁག་ dalaimamacolorado.com ཞེས་པའི་དྲ་ཚིགས་བརྒྱུད་མང་ཚོགས་ལ་ཚོང་འགྲེམས་བྱས་འགོ་ཚུགས་འདུག འོན་ཀྱང་ཕྱག་འཁྱེར་ཚོང་འགྲེམས་བྱས་འགོ་བཙུགས་པའི་སྐར་མ་ཁ་ཤས་རྗེས་སུ་མང་ཚོགས་མང་པོ་ཞིག་ལ་དྲ་ཚིགས་དེ་སྒོ་ཕྱེ་མ་ཐུབ་པའི་དཀའ་ངལ་འཕྲད་པ་མ་ཟད། དེ་རྗེས་ཆུ་ཚོད་༥ཙམ་རིང་དྲ་ཚིགས་དེའི་ནང་འཛུལ་ཞུགས་མ་ཐུབ་པར་ལྷག་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང། གོ་སྒྲིག་ཚོགས་ཆུང་ནས་ཕྱག་འཁྱེར་ཡོངས་རྫོགས་མང་ཚོགས་ཚོར་ཉེ་མཁོ་ལྟར་དུས་ཐོག་ལ་འགྲེམས་སྤེལ་ཞུ་ཐུབ་པ་བྱུང་་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཞི་ཅིང་ཕིང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་ཐོག་གླེང་སློང་གནང་དགོས་པར་ནན་གྱིས་འབོད་སྐུལ་ཞུ་འདུག

རིང་མིན་ཕྱི་ཟླ་དགུ་པའི་ཟླ་འཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨ་རིའི་ནང་གཞུང་འབྲེལ་འཚམས་གཟིགས་ལ་སླེབས་གཏན་འཁེལ་བསྟུན། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་རྒན་གྲས་སྐུ་ཞབས་ Benjamin L. Cardin ལགས་དང། གྲོས་ཚོགས་འཐུས་མི་གུ་ཡངས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ John McCain ལགས་རྣམ་གཉིས་དབུས་པའི་གྲོས་ཚོགས་འཐུས་མི་བཅུས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་མཚན་ཐོག་ལ་ཞི་ཅིང་ཕིང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་ཐོག་གླེང་སློང་དགོས་པའི་འབོད་སྐུལ་གྱི་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད། ཁ་སང་ཚེས་ ༡༡ ཉིན་གྲོས་ཚོགས་འཐུས་མི་ Benjamin L. Cardin ལགས་ཀྱི་དྲ་གནས་ཐོག་ཁོང་དང་ཕྱག་སྦྲེལ་འཐུས་མི་བཅུས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཕུལ་རྒྱུའི་ཕྱག་བྲིས་ཤིག་འདོན་སྤེལ་གནང་འདུག་པ་དང། དེའི་ནང་གཙོ་བོ་དབུ་ཁྲིད་གཉིས་མཇལ་འཕྲད་སྐབས་དཔལ་འབྱོར་དང་ཁོར་ཡུག དེ་བཞིན་རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་ཨ་རིའི་གསང་བ་རྐུ་ཁྱེར་བྱེད་པ་སོགས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་གནད་དོན་ཐོག་གླེང་གློང་གནང་གལ་ཆེ་བ་ཡིན་མུས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེའང་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་སྟབས། སྲིད་འཛིན་མཆོག་ནས་ངེས་པར་དུ་ཞི་ཅིང་ཕིང་དང་མཇལ་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་ཀྱི་བཅོས་བསྒྱུར་གྱི་གནད་དོན་གཉིས་གཞི་རྩ་བཟུང་ཏེ་མངོན་པར་གསལ་བའི་གླེང་སློང་དགོས་པའི་ཞུ་སྐུལ་གནང་འདུག དེ་བས་ཀྱང་ཨ་རིའི་གཞུང་ནས་རྒྱ་གཞུང་གིས་ཞི་བའི་ཐོག་ལ་དགོངས་འཆར་སྤེལ་མཁན་དང་ཆོས་བྱེད་མཁན་མང་ཚོགས་ལ་སུན་གཙེར་དང་བཙོན་འཇུག་འོག་སྡུག་སྦྱོང་ཚད་མེད་གཏོང་བཞིན་པ་དེ་དག་མཚམས་འཇོག་དགོས་པ་དང། དེ་བཞིན་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་ལུགས་དང་འབྲེལ། ཉེ་ཆར་རྒྱ་གཞུང་གིས་འཐབ་རྩོད་གནང་མཁན་ཁྲིམས་རྩོད་པ་ ༢༥༠ ཙམ་འཛིན་བཟུང་བཙོན་འཇུག་བྱེད་པའི་གནད་དོན་ལུང་འདྲེན་སོགས་གནང་ཏེ་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་དང་ཁོང་གི་བཟའ་ཟླ་གཉིས་འཕྲལ་དུ་གློད་བཀྲོལ་བཏང་དགོས་པའི་གནོད་ཤུགས་སྤྲད་དགོས་སྐོར་སོགས་འཁོད་ཡོད་པ་རེད།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སླར་ཡང་སྲིད་སྐྱོང་དུ་བཞེངས་རྒྱུ་ཡིན་པ་གསུངས་གནང་སོང།

དེ་རིང་ཕྱི་ཟླ་༨ཚེས༡༢ཉིན་འདི་ག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དབུ་མའི་ལམ་སྐོར་གྱི་ཆེད་སྒྲིག་གློག་བརྙན་དང་བོད་ཀྱི་བརྙན་འཕྲིན་ཞེས་པའི་སྟབས་བདེའི་མཉེན་ཆས་ Tibet TV apps དབུ་འབྱེད་ཀྱི་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་པའི་དྲི་བར་བཀའ་ལན་དང་སྦྲགས། ཁོང་སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བཞེངས་རྒྱུ་གཏན་འཁེལ་ཡིན་པ་གསུངས་གནང་སོང། འོན་ཀྱང་དངོས་གཞི་གསལ་བསྒྲགས་དེ་བོད་མིའི་མང་གཙོའི་དུས་ཆེན་གྱི་རྗེས་སུ་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

ཁམས་ནང་ཆེན་ཁུལ་གྱི་བོད་མི་ཚོར་རྒྱ་གཞུང་ཉེན་རྟོག་པས་གཅར་བརྡུང་བཏང་སྟེ་བོད་མི་ ༣༠ ལྷག་ལ་རྨས་སྐྱོན་ཚབས་ཆེ་ཕོག་འདུག

བོད་མདོ་ཁམས་ནང་ཆེན་ཁུལ་གྱི་བོད་མི་ཚོར་རྒྱ་ནག་གཞུང་ཉེན་རྟོག་པས་བཙན་གནོན་གྱིས་གཅར་བརྡུང་བཏང་ནས་བོད་མི་ ༣༠ ལྷག་ལ་རྨས་སྐྱོན་ཚབས་ཆེ་ཕོག་པས་མྱུར་སྐྱོབས་སླད་སྨན་ཁང་དུ་སྐྱེལ་དགོས་པའི་གནས་ཚུལ་ཐོན་ཡོད་པ་རེད་འདུག ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་བརྒྱད་གཅིག་དམག་མིའི་དུས་ཆེན་སྐབས་ཁམས་ནང་ཆེན་རྫོང་ཁོངས་སུ་རྫོང་ཆེ་ཆུང་མི་འདྲ་བ་བཅུ་ཙམ་ཡོད་པའི་ནང་ནས་ཀ་གཞུང་རྫོང་དུ་དུས་སྟོན་ཚོགས་དགོས་པའི་བཀའ་རྒྱ་ཕབ་པ་དང་སྦྲགས་རྒྱ་གཞུང་གིས་དུས་སྟོན་དེ་ནི་བོད་མི་རིགས་ཀྱི་རིག་གནས་དར་སྤེལ་ཆེད་ཡིན་ཚུལ་བཤད་ནས་བོད་མི་ཁྱིམ་ཚང་སོ་སོའི་མཆོར་ཆས་ལེགས་སྤྲས་ཀྱིས་གསལ་སྟོན་བྱ་དགོས་པ་དང་། དེ་བས་ཀྱང་སྲོལ་རྒྱུན་ལག་རྩལ་ཁག་འགྲེམས་སྟོན་བྱེད་དགོས་ཀྱི་འདུག་ཀྱང།ནང་ཆེན་རྫོང་དུ་ཚེས་གཅིག་ནས་གསུམ་བར་རིག་གནས་དར་སྤེལ་ཞེས་པའི་དུས་སྟོན་ཚོགས་བཞིན་པའི་རིང་ལ་ས་གནས་བོད་མི་ཚོས་སྤྱིར་བཏང་གི་བོད་པའི་གྱོན་ཆས་གོན་པ་མ་གཏོགས་དེ་མིན་སྟག་སྤགས་དང་གཟིགས་པགས་ཀྱིས་བརྒྱན་པའི་གྱོན་གོས་རིགས་གྱོན་མེད་པ་དང། མགོ་དང་། སྐེ། ལག་པ་སོགས་ལུས་པོ་ཡོངས་རྫོགས་གཟི་དང་བྱུ་རུ། དེ་བཞིན་སྤོས་ཤེལ་ལ་སོགས་པའི་མཆོར་ཆས་གྱོན་མེད་པ་མ་ཟད། བོད་མི་བསམ་ཤེས་ཅན་འགས་ད་ལན་གྱི་དུས་སྟོན་དེའི་དམིགས་ཡུལ་ལེགས་པོ་ཞིག་མེད་སྟབས། ང་ཚོས་གཟབ་གཟབ་བྱེད་དགོས་ཀྱི་འདུག་ཅེས་ཕན་ཚུལ་གླེང་རེས་བྱས་པའི་སྐད་ཆ་དེ་རིམ་བཞིན་ཁྱབ་བརྡལ་སོང་བར་བརྟེན་ཚེས་གསུམ་གྱི་ཉིན་གུང་དང་ཚེས་བཞིའི་མཚན་མོ་བཅས་སུ་རྒྱ་གཞུང་ཉེན་རྟོག་པས་དོན་མེད་བོད་མི་ཚོར་མེ་མདའ་དང། གློག་རྒྱུགས་སོགས་གོ་མཚོན་སྤྱོད་ནས་བོད་མི་དེ་དག་ལ་མི་སྤྱོད་ལས་འདས་པའི་བཙན་གནོན་ཐོག་དུས་སྟོན་ཚོགས་སའི་མང་ཚོགས་ཉལ་གུར་ནང་ཡོང་ནས་རྣམ་འགྱུར་ལེགས་པོ་མེད་ལུགས་རྒྱུ་མཚན་དུ་ཁྱེར་ནས་གཅར་བརྡུང་ཚད་མེད་བཏང་ཡོད་པ་རེད་འདུག དུས་མཚུངས་སུ་ཟླ་༨ ཚེས་ ༡ ཉིན་རྒྱ་གཞུང་གིས་བཙན་དབང་འོག་ཁམས་འབྲི་རུའི་བོད་མི་རྣམས་ལ་གཅན་གཟན་གྱི་པགས་རིགས་གྱོན་བཅུག་པ་དང། ཅི་ལྟེ་བོད་མི་དེ་དག་ནས་དང་ལེན་གྱིས་ས་གནས་སུ་བྱེད་དགོས་པ་བཞིའི་བཀོད་ཁྱབ་འོག གཞས་སྣ་འཁྲབ་སྟོན་པས་གཅན་གཟན་གྱི་པགས་རིགས་གྱོན་དགོས་པ་དང་དེའི་ཚེ་མང་ཚོགས་ཚོས་ཀྱང་ལྟད་མོ་བལྟ་བར་མཉམ་ཞུགས་མ་བྱེད་ཚེ་ཁུལ་དེའི་བོད་མིའི་འཚོ་རྟེན་གཙོ་བོ་་དབྱར་རྩ་དགུན་འབུ་རྐོ་མི་ཆོག་པའི་སྡིག་ར་སྐུལ་འདུག དེ་ལྟར་བྱེད་དོན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་དུས་དབང་ཐེངས་ ༣༠ པའི་སྐབས་བོད་མི་རྣམས་ལ་གཅན་གཟན་གྱི་པགས་རིགས་སྐོར་བླང་དོར་གྱི་བཀའ་སློབ་བསྩལ་མ་ཐག་མདོ་ཁམས་འབྲི་རུ་གཙོས་པའི་བོད་ས་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་ཇི་བཞིན་གཅན་གཟན་གྱི་པགས་རིགས་དང་གྲི་སོགས་གོ་མཚོན་རིགས་མེར་བསྲེགས་གནང་ཡོད་པ་རེད།

Latest news