Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་ཀྱི་སྨན་རྩིས་ཁང་ནས་དབྱུག་བཅོས་ཀྱི་སྨན་བཅོས་སྲོལ་རྒྱུན་སླར་གསོ་གནང་བཞིན་འདུག

དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་གིས་གོ་སྒྲིག་འོག་བོད་ཀྱི་སྨན་པ་ཁག་ཅིག་ལ་བོད་ཀྱི་གསོ་རིག་ཐུན་མིན་དབྱུག་བཅོས་ཀྱི་ཟབ་སྦྱོང་ཞིག་ཚོགས་ཏེ་དབྱུག་བཅོས་ཀྱི་སྨན་བཅོས་སྲོལ་རྒྱུན་སླར་གསོ་གནང་བཞིན་འདུག ཟླ་འདིའི་ཕྱི་ཚེས་ ༥ ནས་ ༧ བཅས་སུ་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་འཚོགས་བཞིན་པའི་ཟབ་སྦྱོང་དེའི་ཐོག་ལ་དབུས་བོད་ཀྱི སྨན་རྩིས་ཁང་གི་སྨན་པ་ཁག་ཅིག་དང་། སྨན་པའི་ལྷན་ཚོགས་ཀྱི་རྒྱུན་ཞུགས་དྲུང་ཆེ། དེ་བཞིན་དྷ་ས་ཉེ་འཁྲིས་ཅོང་ཏ་ར་ནས་ སྨན་པ་བཞི་བཅས་ཁྱོན་སྨན་པ་བཅོ་དྲུག་ཙམ་ཆེད་ཕེབས་ཀྱིས་མཉམ་ཞུགས་གནང་བ་དང། དབྱུག་བཅོས་ཟབ་སྦྱོང་དེའི་ཟབ་ཁྲིད་གནང་མཁན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བོད་ཀྱི་གསོ་རིག་སློབ་དཔོན་བློ་བཟང་བསྟན་འཛིན་ལགས་གནད་ཞུ་གནང་འདུག ད་ལན་བོད་ཀྱི་གསོ་རིག་ཐུན་མིན་དབྱུག་བཅོས་ཀྱི་ཟབ་སྦྱོང་ཚོགས་དོན་གཙོ་བོ་ནི། བོད་ཀྱི་གསོ་རིག་གཞུང་ལུགས་ནང་དབྱུག་བཅོས་ཀྱི་བེད་སྤྱོད་ཚུལ་དང་ དེའི་གལ་གནད། ནད་གཞི་གང་དུ་བེད་སྤྱོད་ཆོག་མིན་སོགས་གསལ་བར་ཡོད་ནའང་ད་བར་དུ་བོད་ཀྱི་སྨན་པ་ཚོས་དངོས་ཀྱི་ཕྱག་ལས་ནང་སྤྱོད་མྱོང་མེད་སྟབས། ཐེངས་འདིའི་ཟབ་སྦྱོང་བརྒྱུད་ནས་བོད་ཀྱི་ཐུན་མིན་གསོ་རིག་དབྱུག་བཅོས་སླར་གསོ་གནང་ཏེ་རིམ་བཞིན་བོད་པའི་སྤྱི་ཚོགས་ཁྲོད་དུ་གཞི་རྒྱ་ཆེན་པོས་ཕྱག་བསྟར་གནང་རྒྱུའི་ཆེད་ཡིན་པ་རེད་འདུག སྤྱིར་དབྱུག་བཅོས་ཞེས་པ་དེ་ནི་དབྱུག་པ་བདེ་སྤྱོད་བྱས་ནས་དམིགས་བསལ་ལུས་པོའི་ན་ཚ་བཅོས་པ་ལ་གོ་བ་དང། དེའི་ཐོག་ལ་བོད་ཀྱི་གསོ་རིག་སྨན་གཞུང་ནང་གསོ་བར་བྱེད་པའི་ནད་ཀྱི་གཉེན་པོ་སྨན་དང་ཟས། དེ་བཞིན་དཔྱད་དང་སྤྱོད་བཅས་དབྱེ་བ་བཞིའི་ཁོངས་ནས་དཔྱད་ཀྱི་ཁོངས་སུ་གཏོགས་པ་མ་ཟད། དབྱུག་བཅོས་ཀྱི་མན་ངག་དེ་སངས་རྒྱས་ཀྱི་གསུང་རབ་མདོ་རྒྱུད་གཉིས་ལས་རྒྱུད་ནས་ཡོང་བ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག

དགེ་འདུན་པ་བློ་བཟང་ཚེ་རིང་ལགས་བཙོན་གྲོལ་བཏང་འདུག

བོད་མདོ་སྨད་མགོ་ལོག་ཁང་གསར་ནས་ཡིན་པ། རང་ལོ་ ༣༦ སོན་པའི་གྲྭ་བློ་ཚེ་འམ་བློ་བཟང་ཚེ་རིང་ལགས་ རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་འོག་ཟླ་བ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས་ཟླ་འདིའི་ཕྱི་ཚེས་ ༤ ཉིན་བཙོན་ནས་གློད་བཀྲོལ་བཏང་ཡོད་པ་རེད། འདི་ལོ་ཟླ་ ༦ ཚེས་ ༡༡ ཉིན་རྒྱ་གཞུང་ཉེན་རྟོག་མི་སྣས་གློ་བུར་དུ་གྲྭ་བློ་བཟང་ཚེ་རིང་ལགས་ཀྱི་གྲྭ་ཤག་སྔོག་གཤེར་གྱིས་ཁོང་གི་ཁ་པར་དང་རྩིས་འཕྲུལ།དེ་བཞིན་ཕྱག་དཔེ་སོགས་ཅ་དངོས་མང་དག་ཞིག་བཙན་འཕྲོག་བྱས་པ་མ་ཟད། ཉེན་རྟོག་མི་སྣས་བཙོན་ཁང་དུ་ཁོང་ལ་འདྲི་རྩད་ལན་མང་བྱས་མཐར་ཁོང་གིས་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་ཕྱིར་༸རྒྱལ་བའི་བཞུགས་ཁྲི་བཤམས་པ་དང་སེམས་ཅན་སྲོག་བླུ་ཚེ་ཐར་བཏང་བའི་སྡིག་སྤོང་དགེ་བསྒྲུབ་ཀྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་ཞིག་རེད་འདུག རྩ་བའི་གྲྭ་བློ་ཚེ་ལགས་ནི་དེ་སྔོན་ ༢༠༡༡ ལོར་ལྔ་པ་ཀིརྟི་དགོན་པའི་རྒྱལ་གཅེས་པ་གྲྭ་ཕུན་ཚོགས་ལགས་ཀྱིས་བོད་དོན་སླད་སྐུ་ལུས་མེར་བསྲེགས་གནང་ཚེ་དགོན་པར་རྒྱ་གཞུང་དམག་མི་འབྱོར་ཏེ་ས་གནས་དགོན་པའི་དགེ་འདུན་པ་མ་ཡིན་པ་རྣམས་འཛིན་བཟུང་བྱེད་སྐབས་ཁོང་ཡང་དེའི་སྐབས་འཛིན་བཟུང་བྱས་མྱོང་ཡོད་པ་དང། ད་ལན་གྱི་འཛིན་བཟུང་དང་གློད་བཀྲོལ་དེ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད་འདུག

འོས་བསྡུའི་དེབ་སྐྱེལ་གནང་དགོས་པའི་འབོད་སྐུལ་གནང་བ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་སྤྱི་ཁྱབ་དབུས་ལས་ཁང་ནས་འོས་བསྡུ་དེབ་སྐྱེལ་གྱི་དུས་ཡུན་ཟླ་འདིའི་ཕྱི་ཚེས་ ༡༥ བར་ཕར་འགྱངས་གནང་བ་དང་སྦྲགས། འོས་བསྡུ་དེབ་སྐྱེལ་གྱི་ཆ་རྐྱེན་གཙོ་བོ་ནི་དང་བླངས་དཔྱ་ཁྲལ་ལག་དེབ་ཡོད་ཐོག་དཔྱ་དངུལ་གཙང་འབུལ་ཟིན་དགོས་ཀྱི་འདུག http://www.youtube.com/watch?v=o6nAPc8x0BM

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པར་འཕྱར་གྲུ་མཉམ་འདེགས་ཞེས་པའི་སྦྱོང་བརྡར་མཇུག་སྒྲིལ་གནང་བ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་འོག་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་ཐད་འབྲེལ་ཡོད་ལས་ཀྱི་སྣེ་མོ་ཁག་ཅིག་དང། གཞོན་སྐྱེས་སློབ་གཉེར་བ་བཅས་མཁྱོན་མི་གྲངས་ ༣༥ ལྷག་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པར་འཕྱར་གྲུ་མཉམ་འདེགས་ཞེས་པའི་སྦྱོང་བརྡར་གྱི་ལས་རིམ་ཚོགས་འདུག ཟླ་འདིའི་ཕྱི་ཚེས་ ༣ ནས་ ༥ བཅས་སུ་མེ་གྷན་ནོར་བུ་གསོལ་མགྲོན་ཁང་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པར་འཕྱར་གྲུ་མཉམ་འདེགས་ཞེས་པའི་སྦྱོང་བརྡར་གྱི་ཟབ་སྦྱོར་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། ད་ལན་གྱི་ཟབ་སྦྱོང་དེ་ཚོགས་པའི་དགོས་དམིགས་གཙོ་བོ་ནི། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོར་སྲུང་སྐྱོབ་བྱེད་ཐབས་དང། རྒྱལ་སྤྱིའི་དང་རྒྱ་ནག་གི་ཁྲིམས་ཡིག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་ཆེད་དུ་འཁོད་པའི་རང་དབང་དང་ཐོབ་ཐང་ཇི་ཡོད་སོགས་ཀྱི་ཐད་ཐད་གོ་རྟོགས་དང་སྦྱང་བཤད་བྱ་རྒྱུའི་དམིགས་བསལ་གྱི་ལས་རིམ་ཞིག་རེད་འདུག ལྷག་པར་དུ་ཉིན་གསུམ་གྱི་སྦྱོང་བརྡར་གྱི་ལས་རིམ་དེའི་ནང་འགྲོ་བ་མིའི་ཐོབ་མཁས་ལས་མི་སྣ་ཁག་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ནུས་པ་གཞི་རྒྱ་ཇེ་ཆེར་གཏོང་རྒྱུའི་དགོངས་ཚུལ་སྤེལ་རེས་ཀྱི་ལས་རིམ་ཡང་འདུག དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ སྦྱོང་བརྡར་གྱི་ལས་རིམ་དེའི་ནང་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་ཚོར་རྒྱུན་ལྡན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་གཉེར་བའི་སྐབས་སུ་ལས་དོན་དེའི་ནུས་པ་ཇེ་ཆེ་གཏོང་ཐབས་དང། རང་ཉིད་སེམས་བག་ཚ་བའི་གནས་སྐབས་སུ་བག་ཡངས་ཇི་ལྟར་བཟོ་ཕྱོགས་ཀྱི་ཐབས་ལམ་ཡང་སློབ་ཁྲིད་གནང་ཡོད་པ་རེད་ཅེས་གསུངས་སོང།

རྒྱ་གཞུང་གིས་བོད་མི་འབྲོག་པ་ཚོའི་ཐོག་སྲིད་བྱུས་གསར་པ་ཞིག་འཁྱེར་དགོས་རྒྱུ་ཛ་དྲགས་ཡིན་པ་གསུངས་སོང།

ཉེ་ལམ་རྒྱ་གཞུང་གིས་བོད་ནང་ཕྱི་རྒྱལ་གསར་འགོད་པ་ཆེད་གཏོང་གིས་རྒྱལ་སྤྱིའི་ཁྲོད་རྒྱ་གཞུང་གིས་བོད་ཀྱི་འབྲོག་པའི་ཐོག་འཛིན་པའི་གཞི་སྤོས་སྲིད་བྱུས་ཀྱི་འགྲུབ་འབྲས་ཡག་པོ་ཐོན་ཡོད་ཡོད་ལུགས་དང། སྲིད་བྱུས་དེའི་འོག་བོད་མི་འཚོ་བའི་གནས་སྟངས་ཀྱང་ཡག་པོ་ཡིན་ལུགས་ཁག་གསལ་སྟོན་བྱས་འདུག འོན་ཀྱང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དོན་དངོས་ཐོག་འདས་པའི་ལོ་ངོ་༢༠ལྷག་རིང་རྒྱ་གཞུང་གིས་བོད་མི་འབྲོག་པ་ཚོའི་ཐོག་འཛིན་པའི་སྲིད་བྱུས་དེ་ད་བར་ལམ་ལྷོང་གང་ཡང་བྱུང་མེད་སྐོར་གསལ་སྟོན་གནང་བ་དང། ད་ལྟའི་དུས་སྐབས་འདིར་རྒྱ་གཞུང་གིས་བོད་མི་འབྲོག་པ་ཚོའི་ཐོག་སྲིད་བྱུས་གསར་པ་ཞིག་འཁྱེར་དགོས་རྒྱུ་ཛ་དྲག་གི་གནད་དོན་ཞིག་ཡིན་པ་གསུངས་སོང། འདས་པའི་ལོ་ཤས་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁོར་ཡུག་སྲུང་སྐྱོབ་ཚོགས་སྡེ་ཁག་ནས། རྒྱ་གཞུང་གིས་བོད་མི་འབྲོག་པའི་ཐོག་ལག་བསྟར་བྱེད་བཞིན་པའི་གཞི་སྤོས་སྲིད་བྱུས་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པའི་དུས་སྐབས་འདིར། ཉེ་ཆར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་རུ་ཁག་ཅིགརང་ལུས་མེར་བསྲེགས་མང་ཤོས་བྱུང་ས་བོད་མདོ་སྨད་རྔ་པ་ས་ཁུལ་གྱི་འབྲོག་པའི་ས་གནས་ཁག་ཅིག་ཏུ་གཞུང་འབྲེལ་སྐོར་བསྐྱོད་ལས་རིམ་ཞིག་གོ་སྒྲིག་བྱས་འདུག ད་ལན་གྱི་སྐོར་བསྐྱོད་དེའི་ནང་ཡོད་པ་ཨ་རིའི་ Wall Street Journal གསར་ཤོག་གྱི་རྒྱ་ནག་ཚན་པའི་གསར་འགོད་པ་ Chun Han Wong ལགས་ཀྱིས་ས་གནས་སུ་དངོས་ཡོད་ཀྱི་གནས་སྟངས་རྒྱུས་ལོན་བྱས་པའི་བརྒྱུད། ཐེངས་དེའི་རྒྱ་གཞུང་ གིས་གོ་སྒྲིག་བྱས་པའི་རྔ་པ་ཁུལ་གྱི་ཉིན་གཉིས་ཀྱི་སྐོར་སྐྱོད་དེ་ཡང་གཙོ་བོ། རྒྱལ་སྤྱིའི་བརྒྱུད་ལམ་ཁག་དུ་རྒྱ་གཞུང་གིས་ད་བར་ལག་བསྟར་བྱེད་བཞིན་འབྲོག་པ་གཞི་སྤོས་ཀྱི་སྲིད་བྱུས་དེ་བརྒྱུད། རྒྱ་ནག་མཐའ་མཚམས་ས་ཁུལ་གྱི་འབྲོག་པའི་མང་ཚོགས་ཚོར་ཕན་ཐོག་ཆེན་པོ་བྱུང་ཡོད་ལུགས་དྲིལ་བསྒྲགས་བྱ་རྒྱུ་ཆེད་ཡིན་པ་རེད་འདུག་ཅེས་འགྲེལ་བརྗོད་བྱས་འདུག ཁོང་གིས་མུ་མཐུད་གསུང་དོན་ལ། ཐེངས་དེའི་སྐོར་སྐྱོད་དེའི་སྐབས་སུ་རྒྱ་གཞུང་གིས་སྔོན་ཚོད་ནས་འདེམས་པའི་ས་ཁུལ་ཁག་ལས། གསར་འགོད་པ་འགྲོ་འདོད་ཡོད་པ་དང། དངོས་ཡོད་ཀྱི་རྩོད་རྙོག་ཡོད་པའི་ས་ཁུལ་ཁག་ཏུ་གནས་སྟངས་ཇི་ཡིན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཆེད་འགྲོ་བསྐྱོད་ཆོག་པའི་རང་དབང་མེད་པ་མ་ཟད། སྐོར་བསྐྱོད་ཁྲིད་མཁན་དང་གསར་འགོད་པའི་བཅར་འདྲི་བྱེད་སའི་མི་སྣ་ཡང་གཞུང་འབྲེལ་མི་སྣ་དང་གཞུང་ལ་དགའ་མོས་བྱེད་མཁན་ཁོ་ན་ཡིན་སྐོར་ཡང་འགྲེལ་བརྗོད་བྱས་ཡོད་པ་རེད། ཐེངས་དེའི་སྐབས་རྒྱ་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་འདས་པའི་ལོ་བཅོ་ལྔའི་ནང་འབྲོག་པ་གཞི་སྤོས་སྲིད་བྱུས་དེའི་ཆེད་ཨ་སྒོར་ས་ཡ་མང་པོ་བཏང་ནས། འབྲོག་པ་འབུམ་གཉིས་ལྷག་ལ་ས་ཆ་གནས་སྤོས་ཀྱིས་གྲོང་ཁྱེར་ནང་གི་འཚོ་བར་རོལ་བཞིན་ཡོད་པ་མ་ཟད། ཤེས་ཡོན་དང་དཔལ་འབྱོར། དེ་བཞིན་འཕྲོད་བསྟེན་སོགས་གང་སྤྱིའི་ཐད་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ལུགས་བརྗོད་ཡོད་ནའང། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ཉེ་ཆར་ལྟེ་གནས་ཁང་གི་ངོས་ནས་བོད་ནང་འབྲོག་པོ་གཞི་སྤོས་ཀྱི་གནད་དོན་ཐོག་འདོན་སྤེལ་བྱས་པའི་སྙན་ཐོག་ནང་གསལ་ཁག་ལུང་འདྲེན་དང་འབྲེལ། དོན་དངོས་ཐོག་འདས་པའི་ལོ་ངོ་ ༢༠ ལྷག་རིང་རྒྱ་གཞུང་གིས་བོད་མི་འབྲོག་པ་ཚོའི་ཐོག་འཛིན་པའི་སྲིད་བྱུས་འདིར་ད་བར་ལམ་ལྷོང་གང་ཡང་བྱུང་མེད་སྐོར་གསལ་སྟོན་དང་སྦྲགས། ད་ལྟའི་དུས་སྐབས་འདིར་རྒྱ་གཞུང་གིས་བོད་མིའི་འབྲོག་པ་ཚོའི་ཐོག་སྲིད་བྱུས་གསར་པ་ཞིག་འཁྱེར་དགོས་རྒྱུ་ཛ་དྲག་གི་གནད་དོན་ཞིག་ཡིན་པ་གསུངས་པ་མ་ཟད། ད་རེ་རྒྱ་གཞུང་གིས་ངོས་ནས་འབྲོག་པ་གཞི་སྤོས་ཀྱི་གནད་དོན་དང་བོད་ནང་བྱུང་བཞིན་པའི་རང་ལུས་མེར་བསྲེགས་དབར་འབྲེལ་བ་གང་ཡང་མེད་ལུགས་བརྗོད་བྱས་འདུག་ཀྱང་ཚེ་རིང་མཚོ་ལགས་ཀྱིས་དཔེ་མཚོན་དང་སྦྲགས་ནས་དེ་དོན་བདེན་པ་མིན་པའི་གསལ་བཤད་གནང་སོང།

ཨ་རི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་བོད་དོན་གྱི་དོན་གནད་གསུམ་གླེང་དགོས་པའི་ཞུ་སྐུལ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཟླ་རྗེས་མའི་ཟླ་མཇུག་ཏུ་ཨ་རིར་ཆེས་མཐོའི་ལྷན་ཚོགས་ཤིག་གི་ཐོག་བཅར་གཏན་འཁེལ་བ་དང་བསྟུན། ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ICT ངོས་ནས་ཨ་རི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་དེ་སྔ་བོད་དོན་གྱི་གནད་དོན་ཐད་རྒྱབ་སྐྱོར་གནང་བར་ཐགས་རྗེ་ཆེ་ཞུ་དང་སྦྲགས། རིང་མིན་ཟླ་རྗེས་མའི་ནང་བོད་དོན་གྱི་གནད་དོན་གསུམ་གྱི་ཐོག་ཞི་ཅིང་ཕིང་དང་གླེང་གློང་གནང་དགོས་པའི་ཞུ་འབུལ་གྱི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བཞིན་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་ཏུ་སྤེལ་བའི་གནས་དོན་ལ་གཞིགས་ན། ཨ་རི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་གླེང་གློང་གནང་རྒྱུའི་ཞུ་སྐུལ་ཀྱི་གནད་དོན་གསུམ་ནི། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་རྒྱའི་བཙོན་ཁང་དུ་དགོངས་པ་རྫོགས་པའི་གནད་དོན་དང་རྒྱ་གཞུང་གིས་ཁོང་གི་ནང་མིར་སྡུག་སྦྱོང་མནར་གཅོད་བཏང་བའི་ཐད་ཞིབ་དཔྱོད་མཐིལ་ཕྱིན་བྱ་དགོས་པ་དང། མཁན་པོ་ཀརྨ་ཚེ་དབང་མཆོག་རྒྱ་གཞུང་གི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་འོག་ལོ་ ༢།༣༠ རིང་ཁྲིམས་བཅད་ཀྱིས་ད་སྐབས་ཁོང་མཆིན་པའི་གཉན་ནད་དང་གློ་ནད་ལྟ་བུའི་ནད་གཞི་དྲག་པོ་ཞིག་ཕོག་པས་སྐུ་གཟུགས་ཀྱི་གནས་བབས་ཛ་དྲག་ཆགས་སྟབས་གང་མྱུར་གློད་བཀྲོལ་དགོས་པ། དེ་བཞིན་བོད་ནང་དྲག་གནོན་མཚམས་འཇོག་གིས་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་ཆ་རྐྱེན་གང་ཡང་མེད་པར་དོན་དམ་གྱི་ཐོག་ནས་ཞི་མོལ་གནང་དགོས་པའི་ཞུ་སྐུལ་གནང་དགོས་པའི་ནན་བརྗོད་ཀྱི་ཐོག་ནས་སྙན་ཞུ་ཕུལ་བའི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་སྲིད་འཛིན་ཨོ་བྷ་མ་མཆོག་གི་ཞལ་པར་ཨང་གྲངས་དང་མྱུར་འཕྲིན་ཨང་གྲངས་ཀྱང་བཀོད་དེ་རྒྱ་ཆེ་མང་ཚོགས་གང་མང་ནས་སྲིད་འཛིན་མཆོག་ལ་ཐད་ཀར་འབྲེལ་བ་ཞུས་ཏེ་བོད་དོན་ཞུ་འབོད་གནང་རྒྱུའི་གཞེན་སྐུལ་གནང་འདུག

༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཆབ་སྲིད་བཙོན་ཟུར་སྐུ་ཞབས་ཀླུ་མཁར་བྱམས་ལགས་ནས་འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་ཀྱི་ཐོག་ནས་ ༢༠༡༥ དང་ ༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བཞེངས་པ།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སོང།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ལོ་ ༢༠༡༦ ལོའོ་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསར་འགོད་གསལ་སྒྲགས་ཤིག་སྤེལ་གནང་སོང། དེ་རིང་ཟླ་བ་ ༨ ཚེས་ ༣ ཕྱི་དྲོ་ཚོུད་ ༣།༠༠ ཐོག་འདི་ག་རླུང་འཕྲིན་ཁང་གི་སྒྲ་འཇུག་ཁང་དུ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྐུ་སྒེར་གྱི་ཐོག་ནས། བཙན་བྱོལ་ནང་གི་བོད་སྐད་ཀྱི་རླུང་འཕྲིན་གསུམ་སྐོང་ཚོགས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བ་ཡོད་པ་དང། ཁོང་གིས་སྐབས་དེར་བོད་ཀྱི་རྩ་དོན་ཆེད་དུ་མ་འོངས་ལས་དོན་བྱེད་ཕྱོགས་དང་འབྲེལ། ཆོལ་ཁ་གསུམ་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེ་རུ་གཏང་རྒྱུ་དང། བཙན་འབྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་སླད་མང་གཙོའི་ཀ་བ་གསུམ་གྱི་ཐུན་མོང་གི་ནུས་པ་མཉམ་སྤུངས་ཐུབ་པ་བྱ་རྒྱུ་གཉིས་ལས་དོན་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་དང་སྦྲགས། ད་དུང་ཁོང་གིས་མ་འོངས་པར་སུ་ཐོབ་དང་མ་ཐོབ་ལ་མ་ལྟོས་པར། སོ་སོའི་ངོས་ནས་གྲ་སྒྲིག་གི་ཚུལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་སོ་སོའི་ལས་དོན་བྱེད་ཕྱོགས་དང་བཀའ་བློན་སུ་བཀོད་དགོས་མེད་སོགས་ཀྱི་ཐོག་ལའང་དགོངས་པ་བཞེས་ཟིན་སྐོར་གསུངས་ཡོད་པ་རེད། རྩ་བའི་ད་སྐབས་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་ ༢༠༡༦ སྲིད་སྐྱོང་འོས་མིར་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱི་མཚན་བཏོན་གནང་ཡོད་པ་དང། དེ་བཞིན་ཉེ་ཆར་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཀྱི་ཐོག་ནས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མང་མོས་ཀྱིས་སྲིད་སྐྱོང་འོས་མིར་བཏོན་ཡོད་པ་ལྟར། ཚོགས་པ་དེ་གཉིས་ནས་ལངས་ཕྱོགས་དང་ཆོལ་ཁ་དབྱེ་མེད་ཐོག་རྒྱབ་སྐྱོར་གནང་བར་ཁོང་གིས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། མང་ཚོགས་ནས་ཀྱང་ཆོལ་ཁ་ཆོས་ལུགས་དབྱེ་བ་མེད་པའི་ཐོག་ནས་སོ་སོའི་བསམ་བློའི་རྣམ་དཔྱོད་ཀྱི་ཐོག་ནས་ཁོང་ལ་འོས་ཤོག་བླུགས་དགོས་པའི་འབོད་སྐུལ་ཀྱང་ཞུས་གནང་བ་མ་ཟད། གསར་འགོད་ལྷན་ཚོགས་རྗེས་ཀྱི་དྲི་བ་དྲི་ལན་སྐབས་སུ་ཁོང་གིས་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བའི་དབང་དུ་བཏང་ནའང། ལོ་ལྔའི་དུས་ཡུན་ནང་བོད་རྒྱའི་གནད་དོན་སེལ་ཐུབ་ཀྱི་རེད་ཅེས་ཁས་ལེན་ཞུ་ཐུབ་ཀྱི་མེད་ནའང། ཕྱོགས་ཚང་མ་ནས་ཐབས་ཤེས་མཉམ་སྤུང་ཀྱིས་འབད་བརྩོན་གང་ཐུབ་ཞུས་ནས་སླེབས་ས་གཅིག་ལ་སླེབས་ཐུབ་པ་བྱ་རྒྱུ་ཡིན་པའི་ཞལ་བཞེས་ཀྱང་གནང་བ་དང་འབྲེལ། ཁོང་སྐུ་སྒེར་གྱི་ངོས་ནས་སྲིད་སྐྱོང་གི་དྲིལ་བསྒྲགས་སྐབས་ཁོང་རང་ཉིད་ཀྱི་འདས་པའི་ཉམས་མྱོང་དང་འབྱུང་འགྱུར་གྱི་ལས་དོན་ཇི་བྱས་ལ་གཞི་བཞག་པ་མ་གཏོགས་anti campaign འམ་གཞན་ལ་དམའ་འབེབ་དང་ལྡོག་ཕྱོགས་ཀྱི་སྐྱོན་བརྗོད་བརྒྱུད་རང་ཉིད་དྲིལ་བསྒྲགས་གནང་རྒྱུ་མིན་པའི་འགྲེལ་བརྗོད་སོགས་གནང་སོང། http://www.youtube.com/watch?v=fsdV0JMUhgQ&feature=youtu.be

འཕྲོད་བསྟེན་ལས་ཁུངས་ནས་སྲིད་སྐྱོང་འོས་མི་བཀྲིས་དབང་འདུས་ལགས་ཀྱིས་གསུང་པའི་བཀའ་མོལ་དེ་ཁུངས་ལྡན་མིན་པའི་སྐྱོན་བརྗོད་གནང་འདུག

སྲིད་སྐྱོང་འོས་མི་བཀྲིས་དབང་འདུས་ལགས་ཀྱིས་ཟླ་ ༧ ཚེས་ ༢༢ ཉིན་བཞུགས་སྒར་མེ་གྷན་ Club House ཚོགས་ཁང་དུ་ཁོང་སྲིད་འོས་མིར་བཞེངས་དོན་ཅི་ཡིན་སྐོར་གསུང་བཤད་གནང་བའི་སྐབས་སུ་བོད་མིའི་འཕྲོད་བསྟེན་གནད་དོན་དང་འབྲེལ། གཞིས་ཆགས་ཁག་གཅིག་ནང་སྨན་ཁང་ཡོད་ན་ཨེམ་ཆི་ཡོད་མ་རེེད། ཨེམ་ཆི་ཡོད་ན་སྨན་ཞབས་ཡོད་མ་རེད། སྨན་ཞབས་ཡོད་ན་སྨན་རྫུན་མ་སྤྲོད་ཀྱི་ཡོད་རེད་ཅེས་གསུངས་ཡོད་པ་རེད། ཁ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་བཀྲིས་དབང་འདུས་ལགས་ཀྱིས་གསུང་པའི་བཀའ་མོལ་དེ་དོན་ཚན་གསུམ་གྱིས་ཐོག་ནས་ཁུངས་ལྡན་མིན་པའི་སྐྱོན་བརྗོད་གནང་འདུག ཟླ་འདིའི་ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༢ ལོར་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྨན་ཁང་ཁག་ནང་སྨན་པ་གྲངས་ ༧ ཙམ་ཡོད། ད་ལྟའི་འཆར་ལྡབ་འཕར་བྱས་ཏེ་སྨན་པ་གྲངས་ ༡༦ ཙམ་ཡོད་པ་དང། འདི་གའི་ཁྱབ་ཁོངས་སྨན་ཁང་ཁག་ནང་སྨན་ཞབས་སམ་འཕྲོད་ལས་པ་གྲངས་བརྒྱ་ལྷག་ཡོད། སྨན་ཞབས་མེད་པའི་དཀའ་ངལ་མེད་པ་མ་ཟད། དེ་བཞིན་སྨན་ཞབས་ཡོད་ན་སྨན་རྫུན་མ་སྤྲོད་ཀྱི་ཡོད་རེད་གསུངས་པ་དེ་ཁུངས་ལྡན་རྩ་བ་ནས་མིན།ཁུངས་ལྡན་མིན་པའི་བཀའ་མོལ་འདི་རིགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་སུ་ཡོད་པའི་ལྷག་བསམ་ཅན་གྱི་ལས་བྱེད་རྣམ་པར་ཤིན་ཏུ་བློ་ཕམ་ཡོང་རྒྱུ་ལས་མ་འདས་པར་སོང་མང་ཚོགས་ཀྱི་མཁྱེན་རྟོགས་སླད་དངོས་ཡོད་གནས་སྟངས་གསལ་བཤད་བཅས་དོན་ཚན་གསུམ་གྱིས་ཐོག་ནས་ཁུངས་ལྡན་མིན་པའི་སྐྱོན་བརྗོད་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་གནད་དོན་དེའི་ཐོག་བཀའ་འདྲི་ཞུས་ཀྱང་བཀའ་བློན་མཆོག་མཛད་འཕྲིན་གྱི་རྐྱེན་པས་བཀའ་ལན་གང་ཡང་བྱུང་མ་སོང། འོན་ཀྱང་བཀྲིས་དབང་འདུས་ལགས་སུ་འབྲེལ་བ་ཞུས་སྐབས་ཁོང་གིས་དེ་སྔའི་བཀའ་མོལ་བསྐྱར་ནན་གནང་བ་དང་འབྲེལ་བཙན་བྱོལ་བོད་མིའི་གཞིས་ཆགས་ལྔ་བཅུ་ང་གྲངས་ནང་འཕྲོད་སྟེན་ཡན་ལག་སྨན་ཁང་ ༨༠ ལྷག་ཡོད་པ་དང། དེ་དག་གི་ནང་སྨན་ཞབས་པ་ ༡༠༠ ལྷག་དང་ ཨེམ་ཆི་ ༡༦ ཙམ་ཡོད་ཅེས་གསུངས་པ་དེ་རང་གིས་ལན་འདེབས་གསལ་པོ་ཞིག་ཆགས་ཡོད་སྐོར་གསུངས་ཀྱི་འདུག

Latest news