Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནད་དོན་ཐོག་རྒྱ་གཞུང་ལ་ངོ་རྒོལ།

རྒྱ་ནག་གཞུང་གིས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློ་བུར་དུ་བཙོན་ཁང་ནང་དགོངས་པ་རྫོགས་ཡོད་ཚུལ་བརྗོད་མ་ཐག ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་གཞོན་པ་པདྨ་གཡུ་གོ་ལགས་དང་ཚོགས་པ་དེའི་འབྲེལ་མཐུད་འགན་འཛིན་ཚེ་དཔག་སྦ་ཡུལ་ལགས། དེ་བཞིན་ནིའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་བཅས་གསུམ་ཁུལ་དེར་རྟེན་གཞིས་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ནང་དུ་ཕྱིན་ནས། གཞུང་ཚབ་ཀྱི་ལས་མི་རྣམས་ལ་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་བཙོན་ཁང་ནང་སྐུ་བཀྲོངས་ཡོད་པའི་ངོ་རྒོལ་བྱས་པ་མ་ཟད། རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལི་དང་བཞུགས་སྒར་དྷ་ས་བཅས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་འོག མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་བ་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་James McGovernལགས་ཀྱིས་རྒྱ་གཞུང་ནས་ངེས་པར་དུ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཁོང་གི་ནང་མིར་རྩིས་སྤྲོད་བྱེད་ནས། བོད་མིའི་་སྲོལ་རྒྱུན་དང་མཐུན་པའི་སྒོ་ནས་ཞུགས་འབུལ་བྱ་བཅུག་དགོས་པའི་འབོད་སྐུལ་ཞུས་པ་དང། ད་རེས་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙོན་འཇུག་འོག་སྐུ་འདས་གྲོངས་སུ་གྱུར་པའི་གནད་དོན་དེས། དོན་དངོས་བོད་ནང་གི་ད་ལྟའི་གནས་སྟངས་དེ་ཇི་ཙམ་གྱི་ཛ་དྲག་ཏུ་གྱུར་བཞིན་ཡོད་པ་གསལ་བཏོན་བྱས་ཀྱི་ཡོད་སྐོར་ནན་བརྗོད་གནང་འདུགདེ་བཞིན་དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དབྱིན་ཡུལ་གཞུང་གི་ངོས་ནས་དབྱིན་ཡུལ་དང་རྒྱ་ནག་གཉིས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཙམ་མ་ཟད། དུས་ནམ་ཡིན་ལ་རྒྱ་ནག་གི་སྐུ་ཚབ་དང་ལྷན་དུ་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་འོག་བཙོན་འཇུག་བྱས་པའི་སྤྲུན་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་སྐོར་གླེང་གློང་གང་ཐུབ་བྱེད་ཡོད་པ་དེ་ལྟར་ཡང་། ད་རེས་རིན་པོ་ཆེ་ཁོང་བཙོན་ཁང་ནང་གློ་བུར་དུ་སྐུ་འདས་གྲོངས་སུ་གྱུར་ཡོད་པ་དེ་ནི་དབྱིན་ཡུལ་གཞུང་ལའང་བློ་ཕམ་ཆེན་པོ་བྱུང་ཡོད་སྐོར་བརྗོད་འདུག

༸གོང་ས་མཆོག་ནས་འཇར་མན་ Frankfurt གྲོང་ཁྱེར་སྤྱི་ཁྱབ་མཆོག་དང་མཇལ་འཕྲད་གནང་འདུག

ཟླ་འདིའི་ཚེས་ ༡༣ སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་བ་མ་ཟད། འཇར་མན་ Frankfurt གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Peter Feldmann མཆོག་དང་ལྷན་དུའང་མཇལ་འཕྲད་གནང་འདུག སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་གྲོང་ཁྱེར་ཚོགས་ཁང་ཆེན་མོར་༸གང་ཉིད་ལ་སྣེ་ལེན་གཟབ་རྒྱས་ཞུ་ཐོག་རིག་གཞུང་སྣ་འཛོམས་དང་། རྒྱལ་ཁབ་འདྲ་མིན་གྱི་མི་རིགས་འདྲ་མིན་ཡོད་པའི་ frankfurt གྲོང་ཁྱེར་དེའི་ནང་འཚེ་མེད་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་སྤེལ་མཁན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་རྒྱུ་བྱུང་བ་དེ་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་ཡིན་སྐོར་གསུངས་པ་མ་ཟད།  ༸གང་ཉིད་དགུང་གྲངས་ ༨༠ ཕེབས་པའི་སྐལ་བཟང་གི་དུས་ཚིགས་དེ་དང་སྟབས་འཁེལ་བ་དེ་ནི་ཧ་ཅང་དགའ་དགོས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག ༸གོང་ས་མཆོག་གིས་དེ་རྗེས་འཇར་མ་ནིའི་འགྲེམས་སྟོན་ཁང་ཞིག་ཏུ་ཆིབས་བསྒྱུར་གནང་ཐོག་ཡུལ་དེའི་མཐོ་སློབ་ཁག་འདྲ་མིན་ནས་སློབ་གཉེར་བ་ལེགས་གྲས་འདེམས་གྲུབ་ཀྱིས་ཁྱོན་སློབ་ཕྲུག་ ༧༠ ལྷག་ལ་རྒྱུན་དུ་སྤྱི་ཚོགས་ནང་གཞན་ཕན་གྱི་ཕྱག་ལས་གནང་ཕྱོགས་དང་།དུས་རབས་ཉི་ཤུ་པ་དེ་ཞི་བདེའི་སྤྱི་ཚོགས་ཤིག་ཏུ་བསྐྲུན་རྒྱུའི་འགན་ཡོད་ལུགས་དང་འབྲེལ་བའི་ཐོག་བཀའ་སློབ་སྩལ་འདུག གཞན་ཡང་འཇར་མ་ནི་ནང་རྟེན་གཞིས་བྱས་པའི་བོད་རིགས་ཚོགས་པས་གོ་སྒྲིག་འོག ༸སྐུའི་གྱ་སྟོན་ཆེན་མོའི་མཛད་སྒོར་དབུ་བཞུགས་མཛད་པ་དང། མཛད་སྒོའི་ཐོག་འཇར་མ་ནི་སྲིད་འཛིན་ཟུར་པ་སྐུ་ཞབས་ Prof. Christian Schwarz-Schilling ལགས་དང།  ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thoman Mann ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུས་པའི་སྐུ་མགྲོན་ཁག་ཅིག་ཆེད་ཕེབས་ཀྱིས་མཁྱོན་མི་གྲངས་ ༢༢༠༠ ལྷག་ནས༸སྐུའི་གྱ་སྟོན་གྱི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག སྐབས་དེར་མགོན་པོ་མཆོག་གིས་བོད་རོགས་དང་རྒྱ་རིགས་ཚོར་བཀའ་སྩལ་བའི་ཁྲོད་དུ་ང་ཚོ་བོད་རིགས་རྣམས་ལ་ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་གཉིས་དང་ལེགས་བྱང་ཁྱད་པར་བ་ཡོད་པ་དེ་དག་མི་རབས་གཞོན་པ་ཚོས་དོ་སྣང་གནང་དགོས་གལ་ཆེ་བར་བཀའ་སྩལ་འདུག་པ་མ་ཟད། ལྷག་དོན་དུ་རྒྱ་རོགས་ཚོར་བོད་ཀྱི་བདེན་དོན་གང་ཡིན་ཤེས་རྟོགས་ཡོད་ཐོག་འགྲེལ་བརྗོད་གནང་གལ་ཆེ་བ་དང་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་མུས་ཡིན་པ་དེའང་རྒྱུན་ཁྱོངས་ཡོང་བའི་ཞེན་སྐུལ་གྱི་བཀའ་སྩལ་མཛད་འདུག མཛད་འཆར་ལྟར་ན། དེ་རིང་ཚེས་ ༡༤ སྔ་དྲོ་༸གོང་ས་མཆོག་འཇར་མ་ནི་ Hessen མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་སྲིད་བློན་དེ་བཞིན་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱི་མཛད་འཆར་ཁག་ཅིག་གྲུབ་རྗེས།  ༸གང་ཉིད་མཆོག་རྒྱ་གར་ལ་ཆིབས་ཤལ་བསྒྱུར་གནང་རྒྱུ་རེད་འདུག  

རིན་པོ་ཆེ་མཆོག་གི་པུར་ཐལ་ཙམ་ཕྱིར་སྤྲོད་བྱ་རྒྱུ་ཡིན་པར་བརྗོད་འདུག

༄༅། ། སྤྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་བོད་ནང་གི་ཕྱི་དྲོ་ཚོུད་ ༡༡ ཙམ་ལ་རྒྱ་གཞུང་འབྲེལ་ཡོད་ལས་ཁུངས་ཀྱིས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱའི་བཙོན་ཁང་ནང་གློ་བུར་དུ་དགོངས་པ་རྫོགས་ཡོད་ཚུལ་ལས་ཁོང་གི་ནང་མིར་རིན་པོ་ཆེའི་སྐུ་ཕུང་རྩིས་སྤྲོད་བྱེད་མི་འདུག ཁོང་གི་སྲིང་མོ་གཉིས་ཀྱིས་རྐང་འགན་བཞེས་ཐོག་ས་གནས་བོད་མི་མང་དག་ཅིག་ནས་རྒྱ་གཞུང་འབྲེལ་ཡོད་ལས་ཁུངས་ལ་ངོ་བཅར་ཐོག་རིན་པོ་ཆེ་མཆོག་དགོངས་པ་ཇི་ལྟར་རྫོགས་ཡོད་ཚུལ་དང། ཁོང་གི་སྐུ་ཕུང་གང་དུ་ཡོད་མེད་སོགས་ཀྱི་ཐད་དྲི་བ་དྲིས་ཀྱང་། རྒྱ་གཞུང་གིས་འགྲེལ་བརྗོད་གསལ་པོ་གང་ཡང་མ་བྱེད་པར་རིན་པོ་ཆེ་ཁོང་ཉག་ཆུ་རྫོང་ནས་ཡིན་སྟབས། ཉག་ཆུ་རྫོང་གི་འཐུས་མི་གཉིས་དང་། ཁོང་གི་འཁྲུངས་ཡུལ་དང་དགོན་པ་ནི་ལི་ཐང་རྫོང་ཁོངས་ཡིན་པས་ལི་ཐང་ནས་འཐུས་མི་གཉིས་བཅས་འབྲེལ་ཡོད་ལས་ཁུངས་མར་ཡོང་ཚེ་ང་ཚོས་བརྡ་ལན་གསལ་བོ་ཞིག་སྤྲོད་ཆོག་ཅེས་བརྗོད་པ་མ་ཟད། རྗེས་སུ་རིན་པོ་ཆེ་མཆོག་གི་སྐུ་མཆེད་ཚོར་ཁོང་གི་སྐུ་ཕུང་མཇལ་རྒྱུ་ལས་སྐུ་ཕུང་རྒྱ་གཞུང་གིས་མེར་བསྲེགས་ཟིན་རྗེས་པུར་ཐལ་ཙམ་ཕྱིར་སྤྲོད་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག  

ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༠ བཞུགས་སྒར་དུ་སྐོང་ཚོགས་གནང་བ།

༄༅། ། སྤྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༣ ཉིན་དྷ་ས་བཞུགས་སྒར་ཉེ་འདབས་དབུས་སྣེ་ལེན་ཁང་དུ་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་པ་འགོ་འཛུགས་གནང་འདུག   དེ་ཡང་ཟླ་འདིའི་ཚེས་ ༡༣ ནས་ ༡༦ བཅས་ཉིན་བཞིའི་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་ཐོག་དྷ་ས་བཞུགས་སྒར་ཉེ་འདབས་སྣེ་ལེན་ཁང་དུ་སྐོང་ཚོགས་གནང་བ་དང་། དབུ་འབྱེད་ཀྱི་མཛད་སྒོ་ཐོག་སྐུ་མགྲོན་གྱི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གཙོས་པའི་དམིགས་བསལ་སྐུ་མགྲོན་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་།  ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་དུ་ཡོད་པའི་བོད་མིའི་ས་གནས་ཁག་ ༤༦ གི་ས་གནས་འགོ་འཛིན་བཅས་ཁྱོན་མི་གྲངས་ ༦༠ ཙམ་ལྷན་ཞུགས་གནང་འདུག སྲིད་ཚབ་ནང་སྲིད་བཀའ་བློན་མཆོག་གིས་བཙན་བྱོལ་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དེ་བཞིན་དབུས་ས་གཉིས་ཀྱི་ལས་འགན་བགོས་འགྲེམས་ཐོག་ནས་ཡོད་པའི་སྒྲོམ་གཞི་ཞིག་ཆགས་ཡོད་པར་འགྲེལ་བརྗོད་དང་། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་གཙོས་པའི་ས་གནས་འགོ་འཛིན་དང་སྲི་ཞུ་ལས་བྱེད་པ་ཡོངས་གཏན་འཇགས་མིན་པར་རིམ་བཞིན་ས་གནས་གཞན་དུ་གནས་སྤོས་ཐོག་ཕེབས་དགོས་ནའང་། བཙན་བྱོལ་སྒྲིག་འཛུགས་དེ་སྔར་བཞིན་མུ་མཐུད་གནས་དགོས་ཀྱི་ཡོད་སྟབས། སྲི་ཞུ་བ་ཡོངས་ནས་རང་ཉིད་ས་གནས་གང་དུ་གནས་སྤོས་ཕེབས་ཀྱང། འཛིན་སྐྱོང་གི་ལྕ་དངོས་ཙམ་མིན་པར་ཡིག་སྣོད་དང་འབྲེལ་བའི་ཡིག་འབྲེལ་རིགས་འཐུས་ཚང་ཡོད་པའི་ཐོག་རྩིས་སྤྲོད་གནང་དགོས་གལ་ཆེ་བར་ནན་བརྗོད་གནང་འདུག དམིགས་བསལ་སྐུ་མགྲོན་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ཀྱང་༸གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མིའི་གཞིས་ཆགས་ཁག་རིམ་པའི་སྲ་བརྟན་བྱུང་ཡོད་སྐོར་ངོ་སྤྲོད་དང་སྦྲགས། མགོན་པོ་མཆོག་གིས་རྒྱུན་དུ་བོད་མི་ཚོའི་ངོས་ནས་རེ་བ་བཟང་ས་ནས་བྱེད་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཕེབས་དོན་བཞིན་ད་ཆར་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམ་པའི་ས་གནས་བོད་མི་མང་ཚོགས་ཀྱི་ཤེས་བྱ་ཡོན་ཏན་དང་དབྱིངས་ཀྱི་ཐོག་ལ་བསམ་ཞིབ་གནང་བའི་ཐོག་ནས། ས་གནས་སོ་སོའི་དཔལ་འབྱོར་ཡར་རྒྱས་ཡོང་བར་བཟོ་གྲྭ་ཆུང་རིགས་ཁག་ཆེད་འཛུགས་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པའི་ལམ་སྟོན་གནང་འདུག ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱས་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམས་ནས་ཐོག་མར་ ༢༠༡༣ ལོའི་ས་གནས་འགོ་འཛིན་རྣམས་ཀྱི་ཚོགས་ཆེན་ཐེངས་དགུ་པའི་ནང་གཏན་འབེབས་བྱུང་བའི་གྲོོས་ཆོད་ཁག་ལག་བསྟར་ཐུབ་མིན་སྐོར་ལ་བསྐྱར་ཞིབ་གནང་རྒྱུ་དང་། ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་ས་གནས་ཀྱི་མི་འབོར་གྲངས་ཐོ་རྩ་འཛིན་འཕེར་ངེས་བྱུང་ཆེད་མི་འབོར་ཐོ་གཞུང་བཟོ་་སྒྲིག་གནང་ཕྱོགས། དེ་བཞིན་ཕྱོགས་སྡེའི་ས་གནས་འགོ་འཛིན་ལས་ཁུངས་ཁག་གི་རྒྱུན་གྲོན་རང་འཚོ་གནང་ཕྱོགས་དང་འབྲེལ་བའི་གྲོས་གཞི་དོན་ཚན་ཁག་བདུན་གྱི་ཐོག་ཚོགས་ཆུང་ཆ་བགོས་ཀྱིས་གོ་སྡུར་གནང་རྒྱུ་ཡིན་སྐོར་གསུངས་འདུག      

༸གོང་ས་མཆོག་ཨ་རི་ནས་འཇར་མ་ནི་ནང་ཆིབས་ཞལ་བསྒྱུར་གནང་བ།

༄༅ །། སྤྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལན་ཨ་རིའི་མངའ་སྡེ་ཆེ་གྲས་ Taxes དང། California དང།། ནེའུ་ཡོག་བཅས་གསུམ་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། ཨ་རི་གྲོང་ཁྱེར་ནིའུ་ཡོག་ནས་འཇར་མ་ནིར་ཆིབས་ཞལ་བསྒྱུར་གནང་མཛད་དེ་ཞབས་སོར་བདེ་བར་འཁོད་གནང་འདུག མགོན་པོ་༸གང་ཉིད་མཆོག་འཇར་མ་ནིའི་ Hessen མངའ་སྡེ་ནུབ་དབུས་རྒྱལ་ས་ Wiesbaden ནང་གི་བཞུགས་གནས་གསོལ་སྒྲོན་ཁང་དུ་བོད་མི་ཚོ་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་དགའ་གུས་སྤྲོ་གསུམ་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག ཉིབ་རྒྱབ་ཏུ་འཇར་མ་ནིའི་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་སྐུ་ Mrs. Claudia Roth མཆོག་དང། གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ MR. Anno Gossmann མཆོག Hessen སྲིད་བློན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Mr. Roland Koch མཆོག་བཅས་རྣམ་པ་གསུམ་གྱིས་མགོན་པོ་མཆོག་གིས་ཀུར་པཀ་སྐྱེད་ཚལ་ནང་ལ་མང་ཚོགས་ ༢༥༠༠༠ ལྷག་བརྒལ་བར་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐད་བཀའ་སློབ་མ་བསྩལ་གོང་དུ་༸གང་ཉིད་ལ་འཚམས་འདྲི་ཞུས་འདུག ཟླ་འདིའི་ཚེས་ ༡༣ མགོན་པོ་༸གང་ཉིད་མཆོག་འཇར་མ་ནིའི་འགྲེམས་སྟོན་ཁང་ the museum of applied arts ལ་ཆིབས་བསྒྱུར་གནང་ཐོག་ཁུལ་དེའི་མཐོ་སློབ་སློབ་གཉེར་བ་ ༧༠ ལྷག་ལ་ Taking care of others ཞེས་པའི་ཐོག་བཀའ་སློབ་བཀྲིན་ཆེ་བར་སྩལ་གནང་འདུག ཉིན་རྒྱབ་ཏུ་འཇར་མ་ནི་ནང་རྟེན་གཞིས་བྱས་པའི་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་པའི་མཛད་སྒོའི་ཐོག་སྐུ་མགྲོན་དུ་ཡོ་རོབ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thoman Mann ལགསདང། འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Brand ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲིར་བཅར་གནང་འདུག་པ་མ་ཟད། བོད་གཞུང་ཟློས་གར་ཚོགས་པ་དང་། མོན་གོལ། རྒྱ་རིགས་བཅས་ཀྱིས་དགའ་དད་སྤྲོ་གསུམ་་ཐོག་༸སྐུའི་གྱ་སྟོན་གྱི་བསྟོད་དབྱངས་དང་རྐང་བྲོ་གླུ་གཞས་སོགས་སྤྱན་འབུལ་ཞུས་ཏེ་༸སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག སང་ཕྱི་ཚེས་ ༡༤ ཉིན་མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་ཞལ་མ་བསྒྱུར་གོང་ Wiesbaden གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེར་ཞབས་སོར་འཁོད་གནང་མཛད་རྒྱུ་རེད་འདུག    

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་༸གོང་ས་མཆོག་ལ་བཀྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་པ།

ཨ་རི་ནང་ཟླ་འདིའི་ཚེས་ ༡༠ ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་གཙོས་པའི་ཕྱི་ནང་གི་ནང་པའི་དད་ལྡན་ཆོས་ཞུ་བ་ ༡༦༠༠༠ ལྷག་ལ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཚེ་དབང་བཀྲིན་སྩལ་འདུག ཉིན་རྒྱབ་ཏུ་ནེའུ་ཡོག་གྲོང་ཁྱེར་ཏུ་ Javits Center ཞེས་པའི་ཚོགས་ཁང་ནང་དུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག༸གང་ཉིད་ལ་བཀྲིན་རྗེས་དྲན་ཞུ་རྒྱུའི་མཛད་སྒོའི་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་གནང་ཐོག་སྐུ་མགྲོན་གཙོ་བོ་ཨ་རིའི་སྲིད་འཛིན་Barack Obama མཆོག་གི་སློབ་སྟོན་པ་འགན་གྲས་ལྕམ་སྐུ་ Valerie Jarrett མཆོག་དང། སྐུ་མགྲོན་གྱི་ཁོངས་སུ་ཨ་རིིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Nancy Pelosi མཆོག ཨ་རིའི་གློག་བརྙན་འཁྲབ་སྟོན་གྲགས་ཅན་སྐུ་ཞབས་ Richard Gere མཆོག རྒྱ་རིགས་མཁས་དབང་ Ming Xia ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང། ཕྱག་འབྲེལ་བཀའ་བློན་རྣམ་པ་ཁག་ཅིག་གཙོས། གཞན་ཡང་བྱང་ཨི་རིའི་ཁུལ་གྱི་བོད་མི་རྣམས་དང། རྒྱ་རིགས། འབྲུག་པ། ཨུ་རུ་སུ། སོག་པོ། བལ་པོ། ཀོམ་སྦུ་ཀྲིཡ། ཀོ་རི་ཡ། ཕི་ལི་ཕིན་དང། ཧི་མ་ལ་ཡའི་མི་རིགས་སོགས་ཚོགས་པ་སྐྱིད་སྡུག་ཁགགི་སྐུ་ཚབ་ནས་ཡུལ་ལུང་སོ་སོའི་གྱོན་ཆས་ལེགས་པར་སྤྲད་ནས་བཀྲིས་པའི་མཆོད་རྫས་འདེགས་འབུལ་དང་སྦྲགས། ཕྱི་ནང་གི་དད་ལྡན་མང་ཚོགས་སོགས་ཁྱོན་མི་གྲངས་ ༡༦༠༠༠ ལྷག་འདུ་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་ཞུས་བསྟུན། མགོན་པོ་མཆོག་༸སྐུ་ཚེ་མི་གཤེགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་ཀྱང་བསྟར་འབུལ་ཞུས་འདུག་པ་དང། དེ་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་མངར་བཟས་འདེགས་འབུལ་དང་འབྲེལ། ས་གནས་བོད་ཕྲུག་ཚོས་༸སྐུའི་གྱ་སྟོན་གྱི་བསྟོད་དབྱངས་གཟིགས་འབུལ་ཞུ་བ་དང། ས་གནས་ཀྱི་བོད་མི། སོག་པོ། འབྲུག་པ། ཁེལ་མུག་གཙོས། མང་ཚོགས་ཚོས་ཀྱང་དགའ་དད་སྤྲོ་གསུམ་འཁོད་པའི་ངང་ནས་གཞས་སྣ་སོགས་གཟིགས་འབུལ་གྱིས་༸གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་འཚམས་འདྲི་ཞུས་འདུག སྐབས་དེར་མགོན་པོ་མཆོག་གིས་བཀའ་སྩལ་བའི་ཁྲོད་དུ་སྔོན་གྱི་ལས་དང་སྨོན་ལམ་སྟོབས་ཀྱིས་༸གང་ཉིད་དང་བོད་མིའི་དབར་གྱི་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པར་བཀའ་སྩལ་བ་དང་སྦྲགས། མང་ཚོགས་ཚོས་ཀྱང་༸གང་ཉིད་ཀྱི་ཐུགས་དགོངས་ལྟར། བྱམས་བརྩེ་དང་ལྡན་པའི་མི་ཞིག་བྱ་དགོས་གལ་ཆེ་བའི་བཀའ་ནན་པོ་བསྩལ་འདུག

གྲྭ་བསོད་ནམས་སྟོབས་རྒྱལ་གྱིས་རང་ལུས་མེར་སྲེག་བཏང་བ།

ཁ་སང་ཕྱི་ཟླ་ ༧ པའི་ཚེས་ ༩ ཉིན་བོད་ནང་ཕྱི་དྲོ་ཆུ་ཚོད་ ༦ པ་ཡས་མས་ལ་ཁམས་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་གེ་སར་ཐང་ཆེན་གྱི་གཡས་ཟུར་དུ། དགེ་འདུན་པ་རང་ལོ་ ༢༧ ཙམ་ཡིན་པ་མཚན་ལ་བསོད་ནམས་སྟོབས་རྒྱལ་ཞུ་མཁན་རྒྱལ་གཅེས་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་འདུག རྒྱལ་གཅེས་པ་ཁོང་ནི་ད་བར་གཞིས་ལུས་བོད་མི་རང་ལུས་མེར་སྲེག་གནང་མཁན་ ༡༤༡ པ་དེ་ཆགས་ཡོད་པ་རེད། ས་གནས་སུ་དམ་དྲག་རྐྱེན་པས་ད་ལྟའི་གནས་སྐབས་སུ་རྒྱལ་གཅེས་པ་དེ་ཉིད་འཆི་གསོན་སྐོར་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་དཀའ་བར་གྱུར་ཡོད། གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་ནང་མིས་དོན་རྐྱེན་དེའི་སྐོར་ལ་གནས་ཚུལ་འགྲེལ་བརྗོད་གནང་འདོད་བྱེད་ཀྱི་མེད་པ་མ་ཟད། ཕྱི་མི་སུ་གཅིག་ཀྱང་ཁྱིམ་དུ་ཡོང་བཅུག་གི་མེད་པ་རེད་འདུག

༸གོང་ས་མཆོག་གིས་སྒོམ་རིམ་བར་པའི་ཆོས་འབྲེལ་སྩལ་བ།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཁ་སང་ཚེས་༩ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ ནིའུ་ཡོག་གྲོང་ཁྱེར་གྱི་ ཇ་ཝིཏ་ ཚོགས་ཁང་ཆེན་མོའི་ནང་བོད་རིགས་གཙོ་བོར་གྱར་བའི་རྒྱ་རིགས་དང་སོག་རིགས་སོགས་དད་ལྡན་མང་ཚོགས་ཆིག་ཁྲི་བཞི་སྟོང་བརྒལ་བ་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་བའི་ཆོས་འབྲེལ་བཀྲིན་བསྩལ་འདུག སྔོན་འགྲོའི་ནང་ཆོས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དེ་གར་འདུས་པའི་ནང་པའི་རྗེས་འབྲང་པ་ཀུན་ལ་དེང་གི་དུས་ཚོད་འདིར་ནང་སངས་རྒྱས་པའི་ཆོས་འདི་ནི་འཛམ་གླིང་གི་གཅེས་ནོར་ལྟ་བུ་གྱུར་ཡོད་སྟབས། གཞུང་ལ་བསླབ་པ་སློབ་གཉེར་གནང་དགོས་གལ་དང། ཉམས་ལེན་པ་ཚོས་ཀྱང་འདྲ་ཆག་ཆག་སྤངས་ནས་བློ་ཆོས་སུ་སོང་བ་དང། ཆོས་སུ་ཆོས་སུ་སོང་བ་འབད་གལ་ཆེ་ཞིང། ཆོས་ཀྱི་ཤེས་ཚད་དང་གོ་དོན་ལེགས་པོ་ཞིག་ཡོད་ན་ནང་ཆོས་ལ་བྲོ་བ་མི་འདྲ་བ་ཞིག་ཁ་རྒྱུ་ཡོད་པ་སོགས་ཀྱི་ལམ་སྟོན་དང་བཅས་སྒོམ་རིམ་བར་པའི་བཀའ་ཆོས་བཀྲིན་བསྩལ་འདུག ཕྱི་ཚེས་༡༠སྔ་དྲོ་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཉིན་རྒྱབ་ཏུ་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ལྷན་འཛོམས་ཐོག་༸གང་ཉིད་ཀྱི་བཀྲིན་རྗེས་དྲན་གྱི་མཛད་རིམ་ཞིག་གོ་སྒྲིག་ཞུས་འདུག

ཨ་རིའི་གྲོས་ཚོགས་ནང་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་བ།

ཟླ་འདིའི་ཚེས་ ༨ ཉིནཨ་རིའི་གྲོས་ཚོགས་ནང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་དང་བསྟུན། རྒྱ་གཞུང་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་གྲོས་འཆར་ཞིག་ཚེས་ ༨ ལ་གཏན་འབེབས་གནང་འདུག ཟླ་་སྔོན་མའི་ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་ནིའུ་ཡོག་ས་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་གཅིག་ལྕོགས་ཡིན་པ་སྐུ་ཞབས་ Eliot L. Engel མཆོག་དང་ Arizona ས་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Matt Salmon མཆོག དེ་བཞིན་ Tom lantos འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གི་འགན་འཛིན་གཞོན་པ་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Joseph Pitts མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་James McGovern མཆོག་བཅས་ཀྱིས་གཙོ་འགན་བཞེས་ཐོག ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་དཀའ་རྙོག་སེལ་སླད་རྒྱ་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་དོན་དམ་གྱི་གྲོས་མོལ་ཡོང་བར་ཨ་རིའི་གཞུང་ཕྱོགས་ནས་ཤུགས་སྣོན་བསྐྱོན་དགོས་པའི་གྲོས་ཆོད་གྲོས་འཆར་ཞིག་བཏོན་ཡོད་པ་རེད། རྩ་བའི་གྲོས་ཆོད་གྲོད་འཆར་དེ་བསྣམས་ཕེབས་མཁན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Eliot L. Engel ལགས་ཡིན་འདུག་པ་དང་། གཏན་འབེབས་གནང་ཟིན་པའི་གྲོས་ཆོད་དེའི་ནང་གཙོ་བོ་རྒྱ་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་གི་སྐུ་ཚབ་དབར་དོན་སྙིང་ལྡན་པའི་གྲོས་མོལ་བརྒྱུད་བོད་མིའི་དཀའ་སྡུག་སེལ་སླད་ཐག་གཅོད་ཀྱིས་གྲོས་མཐུན་གཏན་འབེབས་གནང་དགོས་པ་དང་། ལྷ་སར་ཨ་རིའི་གཞུང་ཚབ་གསར་འཛུགས་དགོས་སྐོར་དང་སྦྲགས། གཞུང་ཚབ་དེ་བརྒྱུད་ནས་བོད་ནང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་ཡར་རྒྱས་བཅས་ཀྱི་གནས་སྟངས་ལ་སྟངས་འཛིན་བྱ་རྒྱུ་དང་། གཞན་ཡང་རྒྱ་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་ཀྲོལ་དགོས་པའི་སྐུལ་མ་གནང་དགོས་པ་མ་ཟད། དེ་བས་ཀྱང་ཨ་རི་དང་བོད་མིའི་དབར་འགྱུར་མེད་ཀྱི་མཛའ་བརྩེའི་འབྲེལ་ལམ་མུ་མཐུད་སྲ་བརྟན་གནང་རྒྱུའི་ཁས་ལེན་གནང་དགོས་སྐོར་སོགས་འཁོད་འདུག

Latest news