Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

གྲྭ་བསོད་ནམས་སྟོབས་རྒྱལ་གྱིས་རང་ལུས་མེར་སྲེག་བཏང་བ།

ཁ་སང་ཕྱི་ཟླ་ ༧ པའི་ཚེས་ ༩ ཉིན་བོད་ནང་ཕྱི་དྲོ་ཆུ་ཚོད་ ༦ པ་ཡས་མས་ལ་ཁམས་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་གེ་སར་ཐང་ཆེན་གྱི་གཡས་ཟུར་དུ། དགེ་འདུན་པ་རང་ལོ་ ༢༧ ཙམ་ཡིན་པ་མཚན་ལ་བསོད་ནམས་སྟོབས་རྒྱལ་ཞུ་མཁན་རྒྱལ་གཅེས་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་འདུག རྒྱལ་གཅེས་པ་ཁོང་ནི་ད་བར་གཞིས་ལུས་བོད་མི་རང་ལུས་མེར་སྲེག་གནང་མཁན་ ༡༤༡ པ་དེ་ཆགས་ཡོད་པ་རེད། ས་གནས་སུ་དམ་དྲག་རྐྱེན་པས་ད་ལྟའི་གནས་སྐབས་སུ་རྒྱལ་གཅེས་པ་དེ་ཉིད་འཆི་གསོན་སྐོར་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་དཀའ་བར་གྱུར་ཡོད། གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་ནང་མིས་དོན་རྐྱེན་དེའི་སྐོར་ལ་གནས་ཚུལ་འགྲེལ་བརྗོད་གནང་འདོད་བྱེད་ཀྱི་མེད་པ་མ་ཟད། ཕྱི་མི་སུ་གཅིག་ཀྱང་ཁྱིམ་དུ་ཡོང་བཅུག་གི་མེད་པ་རེད་འདུག

༸གོང་ས་མཆོག་གིས་སྒོམ་རིམ་བར་པའི་ཆོས་འབྲེལ་སྩལ་བ།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཁ་སང་ཚེས་༩ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ ནིའུ་ཡོག་གྲོང་ཁྱེར་གྱི་ ཇ་ཝིཏ་ ཚོགས་ཁང་ཆེན་མོའི་ནང་བོད་རིགས་གཙོ་བོར་གྱར་བའི་རྒྱ་རིགས་དང་སོག་རིགས་སོགས་དད་ལྡན་མང་ཚོགས་ཆིག་ཁྲི་བཞི་སྟོང་བརྒལ་བ་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་བའི་ཆོས་འབྲེལ་བཀྲིན་བསྩལ་འདུག སྔོན་འགྲོའི་ནང་ཆོས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དེ་གར་འདུས་པའི་ནང་པའི་རྗེས་འབྲང་པ་ཀུན་ལ་དེང་གི་དུས་ཚོད་འདིར་ནང་སངས་རྒྱས་པའི་ཆོས་འདི་ནི་འཛམ་གླིང་གི་གཅེས་ནོར་ལྟ་བུ་གྱུར་ཡོད་སྟབས། གཞུང་ལ་བསླབ་པ་སློབ་གཉེར་གནང་དགོས་གལ་དང། ཉམས་ལེན་པ་ཚོས་ཀྱང་འདྲ་ཆག་ཆག་སྤངས་ནས་བློ་ཆོས་སུ་སོང་བ་དང། ཆོས་སུ་ཆོས་སུ་སོང་བ་འབད་གལ་ཆེ་ཞིང། ཆོས་ཀྱི་ཤེས་ཚད་དང་གོ་དོན་ལེགས་པོ་ཞིག་ཡོད་ན་ནང་ཆོས་ལ་བྲོ་བ་མི་འདྲ་བ་ཞིག་ཁ་རྒྱུ་ཡོད་པ་སོགས་ཀྱི་ལམ་སྟོན་དང་བཅས་སྒོམ་རིམ་བར་པའི་བཀའ་ཆོས་བཀྲིན་བསྩལ་འདུག ཕྱི་ཚེས་༡༠སྔ་དྲོ་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཉིན་རྒྱབ་ཏུ་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ལྷན་འཛོམས་ཐོག་༸གང་ཉིད་ཀྱི་བཀྲིན་རྗེས་དྲན་གྱི་མཛད་རིམ་ཞིག་གོ་སྒྲིག་ཞུས་འདུག

ཨ་རིའི་གྲོས་ཚོགས་ནང་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་བ།

ཟླ་འདིའི་ཚེས་ ༨ ཉིནཨ་རིའི་གྲོས་ཚོགས་ནང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་དང་བསྟུན། རྒྱ་གཞུང་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་གྲོས་འཆར་ཞིག་ཚེས་ ༨ ལ་གཏན་འབེབས་གནང་འདུག ཟླ་་སྔོན་མའི་ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་ནིའུ་ཡོག་ས་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་གཅིག་ལྕོགས་ཡིན་པ་སྐུ་ཞབས་ Eliot L. Engel མཆོག་དང་ Arizona ས་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Matt Salmon མཆོག དེ་བཞིན་ Tom lantos འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གི་འགན་འཛིན་གཞོན་པ་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Joseph Pitts མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་James McGovern མཆོག་བཅས་ཀྱིས་གཙོ་འགན་བཞེས་ཐོག ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་དཀའ་རྙོག་སེལ་སླད་རྒྱ་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་དོན་དམ་གྱི་གྲོས་མོལ་ཡོང་བར་ཨ་རིའི་གཞུང་ཕྱོགས་ནས་ཤུགས་སྣོན་བསྐྱོན་དགོས་པའི་གྲོས་ཆོད་གྲོས་འཆར་ཞིག་བཏོན་ཡོད་པ་རེད། རྩ་བའི་གྲོས་ཆོད་གྲོད་འཆར་དེ་བསྣམས་ཕེབས་མཁན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Eliot L. Engel ལགས་ཡིན་འདུག་པ་དང་། གཏན་འབེབས་གནང་ཟིན་པའི་གྲོས་ཆོད་དེའི་ནང་གཙོ་བོ་རྒྱ་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་གི་སྐུ་ཚབ་དབར་དོན་སྙིང་ལྡན་པའི་གྲོས་མོལ་བརྒྱུད་བོད་མིའི་དཀའ་སྡུག་སེལ་སླད་ཐག་གཅོད་ཀྱིས་གྲོས་མཐུན་གཏན་འབེབས་གནང་དགོས་པ་དང་། ལྷ་སར་ཨ་རིའི་གཞུང་ཚབ་གསར་འཛུགས་དགོས་སྐོར་དང་སྦྲགས། གཞུང་ཚབ་དེ་བརྒྱུད་ནས་བོད་ནང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་ཡར་རྒྱས་བཅས་ཀྱི་གནས་སྟངས་ལ་སྟངས་འཛིན་བྱ་རྒྱུ་དང་། གཞན་ཡང་རྒྱ་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་ཀྲོལ་དགོས་པའི་སྐུལ་མ་གནང་དགོས་པ་མ་ཟད། དེ་བས་ཀྱང་ཨ་རི་དང་བོད་མིའི་དབར་འགྱུར་མེད་ཀྱི་མཛའ་བརྩེའི་འབྲེལ་ལམ་མུ་མཐུད་སྲ་བརྟན་གནང་རྒྱུའི་ཁས་ལེན་གནང་དགོས་སྐོར་སོགས་འཁོད་འདུག

༸གོང་ས་མཆོག་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ California མངའ་སྡེ་ Anaheim གྲོང་ཁྱེར་དུ་ཉིན་གསུམ་རིང་གོ་ལའི་བྱམས་བརྩེའི་ལྷན་ཚོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་པ་དང། ཟླ་འདིའི་ཕྱི་ཚེས་ ༨ ཀྱི་ཕྱི་དྲོ་ཚོུད་ ༧།༣༠ ཡོལ་ཙམ་ལ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུགམགོན་པོ་༸གང་ཉིད་མཆོག་གི་བཞུགས་གནས་ Park hyde hotel གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དབུས་པས། བྱང་ཨ་རིའི་སྤྱི་འཐུས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང། གཞན་ཡང་བོད་མི་སེར་སྐྱ་མང་ཚོགས་ཚོས་དགའ་དད་སྤྲོ་གསུམ་གྱི་ངང་ནས་བོད་ལུགས་ལྟར་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་ནས་ཕེབས་བསུ་ཞུས་འདུག ཟླ་འདིའི་ཕྱི་ཚེས་ ༩ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ནེའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Javits Center ནང་དད་ལྡན་སེར་སྐྱ་མང་ཚོགས་ ༡༤༠༠༠ ལྷག་ལ་ཀཱ་མ་ལ་ཤི་ལསམཛད་པའི་སྒོམ་རིམ་བར་པའི་གསུང་ཆོས་སྩལ་རྒྱུ་དང། ཕྱི་ཚེས་ ༡༠ ཉིན་མགོན་པོ་༸གང་ཉིད་མཆོག་གིས་སྒྲོལ་དཀར་གྱི་ཚེ་དབང་བཀྲིན་སྩལ་རྒྱུ་དང་བསྟུན། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་མཐོུང་ནས་གོ་སྒྲིག་ཞུས་པའི་མཛད་སྒོའི་ཐོག ཨ་རིའི་ཕོ་བྲང་དཀར་པོའི་སྐུ་ཚབ་དང། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་སྐུ་མགྲོན་དུ་མགྲོན་འབོད་ཞུས་ཏེ། ༸གོང་ས་མཆོག་ལ་བཀྲིན་རྗེས་དྲན་དང་བརྟན་བཞུགས་རྒྱས་པ་ཞིག་ཀྱང་བསྟར་འབུལ་ཞུ་རྒྱུ་རེད་འདུག

བོད་ཀྱི་ཆོས་དང་རིག་གཞུང་ལ་བརྟེན་ནས་བོད་ཆོལ་ཁ་གསུམ་རྡོག་གཅིག་ཏུ་སྒྲིལ་ཐུབ་ཡོད་པར་བཀའ་སྩལ་འདུག

༸གོང་ས་མཆོག་ California མངའ་སྡེ་ Anaheim གྲོང་ཁྱེར་དུ་བྱམས་བརྩེའི་ལྷན་ཚོགས་ཀྱི་མཛད་རིམ་ལེགས་གྲུབ་རྗེས། ཟླ་འདིའི་ཕྱི་ཚེས་ ༧ གྱི་ཉིན་རྒྱབ། California གཙུག་ལག་སློབ་གཉེར་ཁང་དུ་བོད་རིགས་དང་། སོག་པོ། དེ་བཞིན་བལ་པོ་དང་ཧི་མ་ལ་ཡའི་རི་བརྒྱུད་བཅས་ནས་མཇལ་ཁར་བཅར་མཁན་མང་ཚོགས་ཉིས་སྟོང་བརྒལ་བར་བླང་དོར་གྱི་བཀའ་སློབ་བཀྲིན་བསྩལ་འདུག སྐབས་དེར་མགོན་པོ་མཆོག་གིས་ས་གནས་བོད་རིགས་རྣམས་ལ་དེང་སང་འཛམ་གླིང་གང་དུའང་མེད་པ། ང་ཚོ་བོད་མི་རྣམས་ལ་ཆོས་དང་རིག་གཞུང་ཐོུང་མ་ཡིན་པ་སྤོབས་པ་སྐྱེས་དགོས་ཡག་ཅིག་ཡོད་པའི་སྐོར་བཀའ་གནང་སྟེ། བོད་ཡིག་དང་བོད་སྐད་ལ་དོ་སྣང་དང་སློབ་སྦྱོང་གནང་དགོས་གལ་ཡིན་པར་ལམ་སྟོན་གྱི་བཀའ་སྩལ་འདུག ད་དུང་མགོན་པོ་༸གང་ཉིད་ཀྱིས་བཀའ་སློབ་སྩལ་བའི་ཁྲོད་དུ་བོད་མིའི་དབར་ལ་ཆིག་སྒྲིལ་གྱི་ནུས་པ་ཡག་པོ་ཡོད་པ་ལ་བསྔགས་བརྗོད་གནང་བ་དང་སྦྲགས། ཆིག་སྒྲིལ་གོང་བུ་གཅིག་ཏུ་སྒྲིལ་དགོས་གལ་ཆེ་བ་དང། གཞན་ཡང་བོད་བསྒྱུར་ནང་བསྟན་ཆོས་བརྒྱུད་ཕན་ཚུན་དབར་ལ་མཐུན་སྒྲིལ་དང་སློབ་གཉེར་ཐོག་ཤུགས་སྣོན་སྐྱོན་དགོས་གལ་དང་། དེ་བཞིན་དོལ་རྒྱལ་སྐོར་སོགས་བཀའ་སློབ་བསྩལ་འདུག་ སྐབས་དེར་དུས་ཡུན་ཚོུད་ ༢ མན་ཙམ་རིང་ལ་བཀའ་སློབ་གྲུབ་མཚམས་སུ། དེ་གར་འདུས་པའི་མང་ཚོགས་ནས་མགོན་པོ་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་སྨོན་ལམ་ཞུས་པར། ༸གང་ཉིད་ཀྱིས་༸སྐུའི་འཕྲོད་བཞེས་ཡག་ཐག་ཆོད་ཡོད་པས་སེམས་འཁྲལ་རྩ་བ་ནས་མི་དགོས་པར་བློ་བདེ་པོའི་ངང་སྡོད་རོགས་ཞེས་བཀའ་བཞེས་བཟང་པོ་སྩལ་འདུག  

༸སྐྱབས་རྗེ་ཞིང་གཤེགས་དམ་པ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྤྲུལ་ངོས་འཛིན་མཛད་འདུག

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་འགྱུར་རྙིང་མའི་བསྟན་བདག་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་ཞིང་གཤེགས་དམ་པ་དེ་ཉིད་ཀྱི་ཡང་སྲིད་དུ་ངག་དབང་བསྟན་འཛིན་ཆོས་ཀྱི་བློ་གྲོས་རབ་གསལ་ངོས་འཛིན་མཛད་འདུག ཆུང་སྲིད་ངག་དབང་བསྟན་འཛིན་ཆོས་ཀྱི་བློ་གྲོས་རབ་གསལ་མཆོག་ནི། བལ་ཡུལ་ནང་དུ་བཅའ་བཞུགས་ཡབ་ན་ཆོས་གླིང་སྤྲུལ་སྐུ་ངག་དབང་ཆོས་དཔལ་རྒྱ་མཚོ་ལགས་དང་ཡུམ་དཔལ་ལུང་ཚེ་དབང་སྒྲོལ་མ་ལགས་གཉིས་ཀྱི་རིགས་སྲས་སུ། ཕྱི་ལོ་༢༠༡༣ ཀྱི་ཟླ་༧ ཚེས་༢༥ ཉིན་བལ་ཡུལ་ནང་དུ་སྐུ་བལྟམས་ཡོད་པ་དང། ཡང་སྲིད་མཆོག་གི་རྨོ་ལགས་ནི་༸སྐྱབས་རྗེ་ཞིང་གཤེགས་དམ་པ་ཁོང་གི་ཚ་མོ་ཡིན་འདུག ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་ངག་དབང་ཆོས་ཀྱི་བློ་གྲོས་མཆོག་གི་ཡང་སྤྲུལ་ངོས་འཛིན་གནང་ཕྱོགས་དང་འབྲེལ་ནས་རིན་པོ་ཆེ་མཆོག་གི་གསོལ་དཔོན་ངག་དབང་ཆོས་འཕེལ་རྒྱ་མཚོ་ལགས་ཟླ་སྔ་མའི་ཕྱི་ཚེས་ ༢༡ སྟེ་༸སྐུའི་གྱ་སྟོན་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན། བཞུགས་སྒར་དུ་ཕེབས་འབྱོར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཁ་ཞུས་ཐོག་མགོན་པོ་མཆོག་ལ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་སྐོར་ལ་སྙན་གསེང་ཞུས་པ་བཞིན། ༸གང་ཉིད་ཀྱིས་༸སྐྱབས་རྗེ་ཞིང་གཤེགས་དམ་པ་འཁྲུལ་ཞིག་རིན་པོའི་ཡང་སྤྲུལ་དུ་བལ་ཡུལ་ནང་བཅའ་བཞུགས་ཡབ་ངག་དབང་ཆོས་དཔལ་རྒྱ་མཚོ་ལགས་དང་ཡུམ་ཚེ་དབང་སྒྲོལ་མ་ལགས་རྣམ་གཉིས་ཀྱི་སྲས་ངག་དབང་བསྟན་འཛིན་ཆོས་ཀྱི་བློ་གྲོས་རབ་གསལ་མཆོག་ཡིན་པར་ངོས་འཛིན་གྱིས་ཕྱག་རྟགས་མཛད་ཡོད་སྟབས། གནས་ཚུལ་དེ་ཟླ་འདིའི་ཕྱི་ཚེས་ ༦ ༸སྐུའི་འཁྲུངས་སྐར་ཉིན་བལ་ཡུལ་གནས་སྡོད་བོད་མི་ཚོར་ཡོངས་ཁྱབ་གནང་འདུག

༸གོང་ས་མཆོག་གིས་བྱམས་བརྩེ་ནི་ལུས་སེམས་བདེ་ཐང་གི་སྨན་ལེགས་ཤོས་ཡིན་པར་བཀའ་སྩལ་བ།

འདི་ལོ་ ༢༠༡༥ ལོའི་ནང་འཛམ་གླིང་ས་ཕྱོགས་གང་ས་ནས་དགའ་གུས་དད་གསུམ་ངང་རྒྱ་ཁྱབ་ཆེན་པོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་འཁྲུངས་སྐར་བསུ་བའི་འཚམས་ཞུ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༥ ནས་ ༧ བཅས་སུ་ཨ་རིའིལྷོ་ California མངའ་སྡེ་ Anaheim གྲོང་ཁྱེར་དུ་འཛམ་གླིང་ཞི་བདེ་དེད་དཔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་འཛམ་གླིང་ནང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང། སྲིད་དོན་མི་སྣ། ཚན་རིག་པ། སྤྱི་ཚོགས་ལས་འགུལ་བ། སྒྱུ་སྩལ་བ་བཅས་གནད་ཡོད་མི་སྣ་དང་མང་ཚོགས་ཆིག་ཁྲི་ལྷག་ལྷན་འཛོམས་ཐོག་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་བྱམས་བརྩེའི་ལྷན་ཚོགས་ཤིག་ཀྱང་ཚོགས་གནང་འདུག ཨ་རིའི་ནང་ཁ་སང་ཕྱི་ཚེས་ ༧ གྱི་སྔ་དྲོར་བྱམས་བརྩེའི་ལྷན་ཚོགས་ཀྱི་ཉིན་མཐའ་མར་ UCI གཙུག་ལག་སློབ་གཉེར་ཁང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་གྱི་ལམ་ནས་གོ་ལ་ཀུན་ལ་ཁྱབ་པའི་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཕྱོགས་ཀྱི་བརྗོད་གཞིའི་ཐད་མང་ཚོགས་༦༠༠༠ ལྷག་དང་ན་གཞོན་འགོ་ཁྲིད་ཁག་ཅིག་དང་མཉམ་དུ་གླེང་མོལ་མཛད་འདུག མགོན་པོ་༸གང་ཉིད་ཀྱིས་བཀའ་སློབ་སྩལ་བའི་ཁྲོད་དུ་གླེང་མོལ་གྱི་ལས་རིམ་འདིའི་ཐོག་མཉམ་ཞུགས་གནང་བའི་ན་གཞོན་འགོ་ཁྲིད་ཚོ་གཙོས་པའི་མང་ཚོགས་རྣམས་ལ་ད་བར་སྐུ་སྒེར་གྱི་སློབ་གཉེར་གནང་བའི་ནང་ནང་པའི་ལྟ་གྲུབ་ལས། རྟེན་འབྲེལ་གྱི་རྣམ་གཞག་དང། བློ་སྦྱོང་སོགས་ཀྱིས་སྐུ་སྒེར་གྱི་༸སྐུ་ཚེའི་དོན་དངོས་ལ་ཕན་རླབས་བྱུང་ཅེས་༸སྐུའི་མྱོང་བ་དང་སྦྲགས་ནས་གསུངས་པ་དང། རང་ཉིད་ཀྱི་ཉིན་རེའི་མི་ཚེ་ནང་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད་པའི་རིན་ཐང་ལྡན་པ་དང། འགྲོ་བ་མི་ཡིན་ཕྱིན་ཆད་ལ་བྱམས་པ་དང་བརྩེ་བའི་བློ་སྐྱེས་རྒྱུའི་ནུས་པ་ཡོད་པ་ཞིག་ཡིན་སྟབས། བླེ་དེ་རང་ཅག་རྣམས་ནས་བེད་སྤྱོད་ཡང་དག་པ་ཞིག་བྱེད་དགོས་པ་དང། བྱམས་བརྩེའི་བློ་དེ་ནི་ལུས་སེམས་བདེ་ཐང་ཡོང་རྒྱུའི་སྨན་གོང་ཁེ་ཤོས་དང་ལེགས་ཤོས་ཤིག་ཡིན་པར་བཀའ་སྩལ་འདུག གཞི་རྩའི་ཨ་རིའི་ནང་ཉིན་གསུམ་རིང་བྱམས་བརྩེའི་གླེང་མོལ་གྱི་ལས་རིམ་གོ་སྒྲིག་ཞུ་ཡུལ་ UCI གཙུག་ལག་སློབ་གཉེར་ཁང་དེའི་ནང་ ༢༠༠༤ ནས་བཟུང་༸གོང་ས་མཆོག་གི་མཚན་ཐོག་ནས་བྱམས་བརྩེ་དང། ཞི་བདེ་ལ་སོགས་པའི་༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་བྱམས་བརྩེའི་ལས་དོན་སྤེལ་མཁན་གྱི་སློབ་མ་ཁག་ཅིག་ལ་༸གོང་ས་མཆོག་མཚན་ཐོག་ནས་སློབ་ཡོན་གནང་མུས་ཡིན་པ་དང། ད་བར་སློབ་ཡོན་ཞུ་མཁན་གྱི་སློབ་གཉེར་བ་ ༡༠༠ ལྷག་གིས་འགྲོ་བ་སྤྱི་ལ་སྨན་པའི་ལས་དོན་འདྲ་མིན་སྤེལ་བཞིན་ཡོད་པ་རེད་འདུག ད་རེས་ཀྱི་མཛད་རིམ་དེའི་ཐོག་ནས་སློབ་མ་དེ་དག་གིས་༸གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་པ་དང་། ད་བར་སློབ་ཡོན་དེ་དང་འབྲེལ་བའི་ལས་དོན་ཅི་གྲུབ་ཀྱི་སྙན་ཐོ་ཞིག་ཀྱང་མགོན་པོ་མཆོག་ལ་སྤྱན་འབུལ་ཞུས་འདུག།

འཛམ་གླིང་ནང་སྙན་གྲགས་ཡོད་པའི་ཆེས་མཐོའི་དཔོན་རིགས་དང་གནད་ཡོད་མི་སྣས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་འདུག

ཁ་སང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན། ས་ཕྱོགས་གང་སར་གནས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་། ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་ཀུན་གྱིས་དགའ་གུས་ཆེན་པོའི་སྒོ་ནས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་པའི་ཁྲོད། ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ John Kerry མཆོག་དང་ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Andrew Bennett མཆོག ཡོ་རོབ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་གི་ཚོགས་ཆུང་སོགས་ནས་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་གུས་བཀུར་ཆེ་བསྟོད་ཞུས་ནས་༸སྐུའི་འཁྲུངས་སྐར་ལ་་འཚམས་འདྲི་ཡོད་པར་གསུངས་འདུག སྐུ་ཞབས་John Kerry མཆོག་དང་སྐུ་ཞབས་ Andrew Bennett མཆོག་གིས་ཆེད་འདོན་གནང་པའི་འཚམས་འདྲིའི་བསྒྲགས་གཏམ་ནང་༸གོང་ས་མཆོག་གི་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བ། དེ་བཞིན་འགྲོ་བ་མའི་ཐོབ་ཐང་སྐོར་གྱི་ལམ་སྟོན་བསླབ་བྱས་འཛམ་གླིང་འདིའི་ནང་གི་ཆོས་དད་ཡོད་མེད་ལ་མ་ལྟོས་པར་མང་ཚོགས་ཀུན་ལ་སེམས་འགུལ་ཐེེབས་གཞི་ཞིག་ཏུ་གྱུར་ཡོད་པའི་ཆེ་བསྟོད་ཞུས་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Nancy Pelosi མཆོག་དང་། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Richard Gere ལགས་རྣམ་གཉིས་ནས་སྐད་གྲགས་ཡོད་པའི་ཨ་རིའི་ The Wall street journal ཞེས་པའི་གསར་ལམ་ཐོག་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་བཅས། ༸གོང་ས་མཆོག་གི་འཁྲུངས་སྐར་ལ་ཆེ་བསྟོད་ཞུ་སྟངས་ཡག་ཤོས་དེ་ནི་བོད་ཀྱི་རྩ་དོན་གྲུབ་སླད། ༸གང་ཉིད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཞུ་རྒྱུ་དེ་ཡིན་ཞེས་གསུངས་འདུག་་པ་དང་སྦྲགས། ༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེས་སྐོར་ཤོག་ངོས་གཉིས་ཅན་གྱི་ཆེ་བསྟོད་རྩོམ་ཡིག་ཅིག་སྤེལ་གནང་འདུག རྩོམ་ཡིག་དེའི་ཐོག་ནས་ཁོང་རྣམ་གཉིས་ཀྱིས་༸གོང་ས་མཆོག་དང་བོད་མིའི་དབར་ལ་དམ་ཚིག་གཡོ་མེད་ཁྱད་པར་བ་ཞིག་ཡོད་པ་དེ་ནི་༸གོང་ས་མཆོག་གི་ཐོུང་མ་ཡིན་པའི་མཛེས་རྒྱན་ཞིག་དང་། ༸གང་ཉིད་ཀྱིས་བོད་དོན་འཚེ་མེད་ཞི་བའི་འཐབ་རྩོད་དེས་འཛམ་གླིང་གཞན་ལའང་མིག་དཔེ་ཞིག་དང་སེམས་འགུལ་བསྐྲུན་གནང་མཛད་ཡོད་པ་སོགས་གསུངས་འདུག་པ་མ་ཟད། ལྷག་པར་དུ་༸གོང་ས་མཆོག་གིས་དྲང་བདེན་དང་མཐུན་སྒྲིལ་མཉམ་གནས་ཀྱི་དགོངས་བཞེད་དག་གིས་རྒྱ་ནག་ལ་བརྟན་ལྷིང་ཙམ་དུ་མ་ཟད། དོན་ངོ་མའི་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་ཐུབ་རྒྱུའི་དགེ་མཚན་ཡོད་པ་སོགས་གནད་དོན་གལ་གནད་ཆེ་བ་ཁག་ཅིག་སྐོར་དགོངས་ཚུལ་ཡང་སྤེལ་གནང་འདུག དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྟེ་གནས་ཁང་གི་འགན་འཛིན་ Robert P George ལགས་ནས་༸གོང་ས་མཆོག་གི་བཀའ་སློབ་རྣམས་ནི་ང་ཚོའི་རྒྱལ་ཁབ་ཀྱི་རྩ་འཛིན་ལྟ་བུ་ཡིན་པ་དང། ཨ་རིའི་གཞུང་ཕྱོགས་ནས་རྒྱ་ནག་དེ་ཆོས་དད་རང་དབང་མེད་པའི་རྒྱལ་ཁབ་ཆེས་སྡུག་ཤོས་གྲས་སུ་མུ་མཐུད་ངོས་འཛིན་བྱེད་དགོས་པ་མ་ཟད། ཨ་རིའི་གྲོས་ཚོགས་ངོས་ནས་རྒྱ་ནག་གི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་ཐོག་དོ་སྣང་དང་། ལྷག་པར་དུ་རྒྱ་ནག་གི་འགོ་ཁྲིད་ཚོར་ཐུབ་ཚོད་དང་དབང་ཡོད་སྒོ་ནས་གཞན་གྱི་སེམས་ཁམས་འགྱུར་བ་གཏོང་ཐུབ་ཐབས་མེད་པ་ཅེས་གསུངས་འདུག འཛམ་གླིང་ནང་སྙན་གྲགས་ཡོད་པའི་ཆེས་མཐོའི་དཔོན་རིགས་དང་སྒྲིག་འཛུགས་སོགས་ནས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་པ་འདིའི་ཁྲོད། ད་དུང་ཡོ་རོབ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་ཚོགས་ཆུང་ནས་ཁ་སང་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་སྦྲགས། ༸གང་ཉིད་ནི་མིག་དཔེ་འོས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་ཞེས་དང། གོ་སྐབས་དེའི་ཐོག་ནས་༸གོང་ས་མཆོག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་ཐོག་ལ་མཛད་འཁུར་བླ་ན་མེད་པ་བཞེས་ཡོད་པ་ཁག་གསལ་བཏོན་གནང་འདུག དེ་དང་མཚུངས་པའི་རྒྱ་གར་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཙོ་དང་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ Dr. Shashi Tharoor མཆོག་གིས་ཀྱང་༸གོང་ས་མཆོག་ནས་རྟག་ཏུ་༸གང་ཉིད་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་པ་བཀའ་གནང་གི་ཡོད་ནའང། དོན་དངོས་ཐོག་མགོན་པོ་༸གང་ཉིད་ཀྱིས་དགེ་སློང་དཀྱུས་མ་གཅིག་ལས་ལྷག་པའི་མཛད་འཕྲིན་མཐའ་ཡས་པ་བསྐྱངས་ཡོད་སྐོར་གྱི་དཔྱད་རྩོམ་ཞིག་སྤེལ་ནས་༸སྐུའི་འཁྲུངས་སྐར་ལ་འཚམས་ཞུ་དང་སྦྲགས། པེ་ཅིང་གཞུང་ནས་༸གོང་ས་མཆོག་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཞིག་ཏུ་ངོས་འཛིན་ཞུ་གྱི་ཡོད་ཀྱང་། དེ་རིང་གི་དུས་སྐབས་འདིར་མང་ཚོགས་ས་ཡ་མང་པོས་༸གོང་ས་མཆོག་གི་ཞི་བདེ་དང་བྱམས་སྙིང་རྗེའི་བསླབ་བྱ་ལ་གུས་འདུད་རྗེས་དྲན་ཞུ་བཞིན་ཡོད་པའི་ཆེ་བསྟོད་ཞུས་འདུག  

རྒྱ་རིགས་མང་ཚོགས་ནས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག

བོད་མི་རྣམས་གཙོས་པའི་རྒྱལ་སྤྱིའི་མི་མང་གི་ཁྲོད་ནས་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ་དང་སྦྲགས། སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་དྲྭ་རྒྱ་འདྲ་མིན་ཐོག་མགོན་པོ་༸གང་ཉིད་མཆོག་ལ་འཚམས་འདྲི་ཞུ་བཞིན་པའི་ཁྲོད་འདིར། རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་འདྲ་མིན་གི་ནང་ཡོད་པའི་རྒྱ་རིགས་ཚོས་ཀྱང་ ༸གོང་ས་མཆོག་ལ་དགའ་གུས་དད་གསུམ་ཡོད་པའི་ངང་ནས་དམིགས་བསལ་བརྙན་འཕྲིན་ཞིག་གི་བརྒྱུད་མགོན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་རྒྱ་སྐད་ཀྱི་ཐོག་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་མ་ཟད། ༸གང་ཉིད་༸སྐུ་ཚེ་མི་གཤེགས་བསྐལ་བརྒྱར་བརྟན་ཅིང། བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་སོགས་ཞུས་འདུག རྩ་བའི་ད་རེས་ཀྱི་བརྙན་འཕྲིན་འདི་ནི་ཨ་རི་ནང་རྟེན་གཞིས་བྱས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཡང་ཅེ་ལིང་ལགས་ཀྱིས་ཐུགས་འགན་བཞེས་ནས་བཟོ་བསྐྲུན་གནང་བ་ཞིག་ཡིན་པ་དང་དེའི་ནང་རྒྱ་ནག་གཙོས་པའི་བྱང་ཨ་རི་དང་། ཁེ་ན་ཌ། ཐེ་ཝན། ཧོང་ཀོང་། ནིའུ་ཛི་ལན་ཌ་དང་ཨོ་སི་ཊོ་ལི་ཡ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་རྒྱ་རིགས་ཁྱོན་མི་གྲངས་ ༡༠༩ ནས་མཉམ་ཞུགས་གནང་ཡོད་པ་རེད་འདུག  

Latest news