Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་གཞུང་གིས་མུ་མཐུད་སྲོག་ཐོག་ཉེས་ཆད་ཐོག་ཆེས་གསང་རྒྱ་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག

རྒྱ་ནག་ནང་ལ་སྲོག་ཐོག་གི་ཁྲིམས་ཕོག་པ་ཉུང་དུ་ཕྱིན་ཡོད་ཀྱང་འཛམ་གླིང་རྒྱལ་ཁབ་གཞན་དང་བསྡུར་ན་རྒྱ་ནག་དེ་ད་ལྟའང་སྲོག་ཐོག་ཉེས་ཆད་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན་གནང་འངུག དེ་ཡང་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྲོག་ཐོག་ཉེས་ཆད་དང་འབྲེལ་བའི་ཤོག་གྲངས་ ༤༤ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག དེའི་ནང་རྒྱ་ནག་གཞུང་གི་ངོས་ནས་སྲོག་ཁྲིམས་གཅོད་རྒྱུ་ཉུང་དུ་བཟོ་རྒྱུ་ཡིན་པར་ཁས་ལེན་དམ་བཅའ་བཞག་ཡོད་ཀྱང་། རྒྱ་གཞུང་གིས་གནད་དོན་དེའི་ཐད་ཆེས་གསང་རྒྱ་བྱས་པར་བརྟེན་ཡུལ་དེའི་ནང་གི་སྲོག་ཁྲིམས་ཀྱི་ཁྱབ་ཚད་ཇི་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པར་འགྲེལ་བརྗོད་གནང་འདུག་པ་མ་ཟད། ལྷག་དོན་རྒྱ་གཞུང་གིས་བྱེད་ཕྱོགས་དེས་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་དང་ཡོངས་སུ་འགལ་གྱི་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཕྱི་རྒྱལ་ཉམས་ཞིབ་ཁག་ཅིག་གིས་རྒྱ་ནག་ནང་དུ་སྲོག་ཁྲིམས་ཀྱི་ཉེས་ཆད་ཕོག་པའི་གྲངས་འབོར་དེ་སྔར་ལས་ཉུང་དུ་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་ཡང་དོན་དངོས་ཐོག་རྒྱ་གཞུང་གིས་ཡུལ་དེའི་ནང་སྲོག་ཁྲིམས་ཕོག་པའི་གྲངས་འབོར་གྱི་གནས་ཚུལ་འཐུས་ཚང་བ་ཞིག་མཁོ་སྤྲོད་མི་བྱེད་པར་བརྟེན། སྲོག་ཁྲིམས་ཀྱི་ཉེས་ཆད་ཕོག་པའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་ཚུལ་གྱི་འགྲེལ་བརྗོད་དེ་ཇི་ཙམ་བདེན་མིན་གྱི་བདེན་པོ་གནང་ཐུབ་ཀྱི་མེད་སྐོར་བརྗོད་འདུག དེ་བཞིན་ཚོགས་པ་དེས་རྒྱ་ནག་ཁྲིམས་ཁང་གིས་ཐག་གཅོད་བྱས་པའི་གནད་དོན་ཁག་དྲ་རྒྱའི་ཐོག་བཀོད་གསལ་ལྟར་ན། རྒྱ་ནག་གོང་རིམ་མི་དམངས་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ ལོ་མཇུག་བར་བཙོན་པ་ ༧༠༡ ལ་སྲོག་ཁྲིམས་བཅད་ཡོད་པ་འཁོད་ཀྱང་། དངོས་ཀྱི་གྲངས་འབོར་དེ་ལོ་ལྟར་སྟོང་ཕྲག་བརྒལ་བ་ཆགས་ཀྱི་ཡོད་ཅེས་གསུངས་འདུག ཚོགས་པ་དེའི་སྙན་ཐོ་འབྲི་མཁན་ཁོངས་སུ་ཡོད་པའི་ཧོང་ཀོང་དུ་གནས་སྡོད་རྒྱ་རིགས་ཉམས་ཞིབ་པ་སྐུ་ཞབས་ William Nee ལགས་ཀྱིས་གོང་གསལ་གྲངས་ཐོ་དེར་གཞིགས་ཚེ་རྒྱ་གཞུང་གིས་ཡུལ་དེའི་ནང་གི་སྲོག་ཁྲིམས་དང་འབྲེལ་བའི་གནད་དོན་ཐད་ཕྱི་གསལ་ནང་གསལ་བྱ་རྒྱུའི་ཁས་ལེན་ཁག་དང་ཡོངས་སུ་འགལ་སྐོར་མངོན་གསལ་གནང་འདུག ད་དུང་ཁོང་གིས་གནད་དོན་དེ་ནི་རྒྱ་ནག་འཛིན་སྐྱོང་ནས་འཐུས་ཤོར་ཙམ་ཞིག་མིན་པར་དེ་ནི་ཆེད་མངགས་འཆར་གཞི་དང་ལྡན་པའི་གསང་རྒྱའི་རྣམ་པ་ཞིག་མངོན་ཐུབ་ཀྱི་འདུག་ཅེས་བརྗོད་གནང་ཡོད་པ་རེད།    

མོན་རྟ་དབང་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་༸སྐུའི་ཡང་སྲིད་ཚོལ་རྒྱུའི་བདག་དབང་དེའང་རྒྱ་ནག་ལ་ཡོད།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གིས་མོན་རྟ་དབང་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང། རྒྱ་གར་དབུས་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྩོད་རྙོག་ཡོད་པའི་ས་ཁུལ་དེར་ཆིབས་བསྒྱུར་བསྐྱང་བཅུག་རྒྱུ་མེད་སྐོར་བརྗོད་པ་མ་ཟད།  ལྷག་དོན་དགོས་གལ་བྱུང་ཚེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལའང་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་དེ་རྒྱ་ནག་ལ་མ་གཏོགས་མེད་སྐོར་བརྗོད་འདུག མཛད་འཆར་ལྟར་ན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆཚེན་པོ་མཆོག་ཟླ་ ༤ ཚེས་ ༡ ཉིན་ཐོག་མར་རྒྱ་གར་གྱི་ཨ་སམ་མངའ་སྡེ་དང་དེ་རྗེས་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་གཙོས་པའི་ས་གནས་ཁག་ཅིག་ཏུ་ཆིབས་བསྒྱུར་གྱིས་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག་བསྐྱང་གི་ཡོད་པ་དང། རྒྱ་ནག་གཞུང་གིས་གནད་དོན་དེའི་ཐོག་རྒྱ་གར་ལ་ཉེན་བརྡ་མང་དག་ཞིག་བཏང་དང་གཏོང་མུས་ཡིན་པ་རེད། རྒྱ་གར་གྱི་ Hindustan Times གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རེས་གཟའ་ཕུར་བུ་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་མཁས་དབང་བརྒྱད་གཙོ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང། སྐབས་དེར་ལྟེ་གནས་ཁང་དེའི་གཙོ་འཛིན་Lian Xiangmin  ཡིས་མོན་རྟ་དབང་དེ་བོད་ཀྱི་ཆ་ཤས་ཤིག་ཡིན་པ་དང། བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་སྟབས། ཁུལ་དེ་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་ཀྱི་ཡོད་པར་ཐེ་ཚོམ་གང་ཡང་མེད་ཅེས་དང། རྒྱ་གར་གཞུང་གིས་ཉེ་བའི་ལོ་ཤས་ནས་ཏཱ་ལའི་བླ་མ་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུའི་ཐད་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བཞིན་པ་དེ་ནི་འོས་འཚམས་ཞིག་མིན་པ་དང། རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གནད་དོན་ཐད་དེ་སྔ་ནས་དཀའ་ངལ་ཞིག་ཡོད་པའི་ཁར། ༸གོང་ས་མཆོག་རྙོག་གཞི་ཅན་གྱི་ཁུལ་དེའི་ནང་དུ་ཆེད་ཕེབས་ཀྱིས་ཚོར་བ་རྣོ་བའི་བཀའ་མོལ་རིགས་གནང་ན་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་ངེས་རེད་བཅས་བརྗོད་འདུག ཁོང་པས་ད་དུང་༸གོང་ས་མཆོག་ནས་ཁུལ་དེར་ཆིབས་བསྒྱུར་མཐའ་མའི་སྐབས་རྟ་དབང་དེ་རྒྱ་གར་གྱི་ཆ་ཤས་ཡིན་ཅེས་བརྗོད་ཡོད་པ་དེ་ནི་བདེན་པ་མིན་པ་མ་ཟད། དེས་དངོས་ཀྱི་གནད་དོན་མཚོ ན་ཐུབ་ཀྱི་མེད་སྐོར་བརྗོད་པ་དང་སྦྲགས། རྟ་དབང་དགོན་པ་དེ་བོད་ནང་ཡོད་པའི་འབྲས་སྤུངས་དགོན་པའི་ཆ་ཤས་ཤིག་ཡིན་པ་དང་དེའང་བོད་ཀྱི་དགོན་སྡེ་ཆེ་གྲས་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་མ་ཟད། རྟ་དབང་དགོན་པའི་དགེ་འདུན་པ་ཚོས་འབྲས་སྤུངས་དགོན་པར་བསླབ་པ་སློབ་གཉེར་གནང་པར་ཕེབས་སྲོལ་ཡོད་པ་འགྲེལ་བརྗོད་བྱས་འདུག Lian Xiangmin  ཡིས་གཞན་ཡང་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ། ཏཱ་ལིའི་བླ་མའི་ཡང་སྲིད་ཚོལ་ཞིབ་བྱ་རྒྱུ་དེ་ལོ་རྒྱུས་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ལྟར་བྱ་དགོས་གལ་ཡིན་པ་འབྲེལ་བརྗོད་བྱས་འདུག་པ་དང་། ཁོ་པས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དེ་༸གང་ཉིད་ཀྱི་འཁྲུངས་ཡུལ་རྒྱ་ནག་ནང་དུ་འཁྲུངས་དགོས་ཞེས་བཤད་འདུག བོད་ནང་ལ་བོད་མི་ས་ཡ་དྲུག་ཡོད་པ་དང་། དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཧ་ཅང་མང་པོ་ཡོད་པར་བརྟེན་ཁོང་ཚོའི་རེ་འདོད་ལ་གུས་བརྩི་ཞུས་པའི་ཐོག་ངའི་ངོས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པའི་ཡང་སྲིད་དེ་རྒྱ་ནག་ནང་དུ་འཁྲུངས་པར་རེ་བ་ཡོད་ཅེས་ཀྱང་བརྗོད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལན་ཨ་རུ་ནཱ་ཅལ་མངའ་སྡེར་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་ཐོས་མ་ཐག་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར་སྐྱོན་བརྗོད་བྱས་པ་མ་ཟད། མགོན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུར་དགག་པ་ཡོད་ཅེས་བརྗོད་པ་ལན་འགའ་བྱས་པ་འབྲེལ།  རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་ཆེ་རུ་མི་གཏོང་བའི་རེ་བ་ཡོད་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུས་ནང་ཆོས་དེ་ཚོང་གི་ངོ་བོར་བསྒྱུར་བཞིན་པར་བརྗོད་འདུག

རྒྱ་གཞུང་གིས་བདམས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་འགྱོད་གདུང་ཆེན་པོས་ད་སྐབས་རྒྱ་ནག་ནང་ནང་ཆོས་དེ་ཚོང་གི་ངོ་བོ་བསྒྱུར་ནས་བོད་པའི་དགོན་ཁག་དང་དགེ་འདུན་པ་རིམ་བཞིན་ཉམས་རྒུད་འགྲོ་བཞིན་པའི་ཉེན་ཚབས་ཡོད་པ་བརྗོད་འདུག དེའང་པཎ་ཆེན་རྒྱལ་མཚན་ནོར་བུས་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་ཐེངས་ ༡༢ ཐོག་ལ་དགོན་ཁག་གི་དགེ་འདུན་པ་ཚོས་ནང་པའི་ལྟ་གྲུབ་གཙོས་པའི་བཞེས་འདོད་ཁག་རྒྱབ་ཏུ་བསྐྱུར་ནས་དཔལ་འབྱོར་དང་དབང་གི་ཆེད་དུ་རྒྱུགས་བཞིན་ཡོད་པ་བརྗོད་འདུག་པ་མ་ཟད། དེའང་དགེ་འདུན་པ་ཡོངས་རྫོགས་ཀྱིས་དེ་ལྟར་གནང་གི་མེད་ཀྱང་། མི་རེ་ཟུང་གིས་ཆོས་མིན་ལས་ལ་སྙེག་བཞིན་པ་དེས་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་ཚབས་ཆེན་པོ་བཟོ་བཞིན་ཡོད་པ་དང་། དེ་བཞིན་དགོན་ཁག་དང་དགེ་འདུན་པ་གསོ་སྐྱོང་ཐོག་ཐུགས་ཁུར་དང་འབྲེལ་དགོན་པ་ཁག་ཏུ་དགེ་འདུན་པ་ཡོད་ཀྱང་སློབ་སྟོན་པ་མེད་པ་དང་། སངས་རྒྱས་ཀྱི་བཀའ་བསྟན་ཡོད་ཀྱང་དཔེ་ཁྲིད་པ་མེད་པ། ལྷག་དོན་དཔེ་ཁྲིད་པ་མེད་པ་ཡིན་ན་ནང་ཆོས་སློབ་སྟོན་པ་འཐུས་ཚང་ཡོང་དཀའ་བ་ཡིན་པ་བརྗོད་ཡོད། དེ་བཞིན་དགོན་པ་ཁ་ཤས་ནང་དུ་སྟོན་པའི་སྐུ་བརྙན་དང་འདུ་ཁང་བཞེངས་རྒྱུར་བྲེལ་འཚུབ་བྱེད་པ་ལས་དོན་དངོས་སྟོན་པའི་གང་བཀའ་བསྩལ་བ་དེ་བརྗེད་ཀྱི་འདུག་ཅེས་གསུངས་འདུག ཁྱད་པར་དུ་ང་ཚོའི་དུས་ཀྱི་དམིགས་ཡུལ་ནི་རྒྱལ་གཞེན་དང་ཆོས་ལུགས་ལ་དགའ་བ། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་རྒྱུ་དེ་དག་ཡིན་པ་མ་ཟད། འགྲོ་བ་མི་བཟང་པོ་ཞིག་བྱ་རྒྱུ་དེ་ཡིན་སྐོར་གསུངས་ཡོད་པ་རེད། གཞན་ཡང་ཁོང་གིས་དགེ་འདུན་པ་ཚོ་དང་དེའི་རྗེས་འབྲང་པ་རྣམས་ཟུང་འབྲེལ་གྱིས་སངས་བསྟན་པ་སྤྱིའི་ཐོག་ལ་འབད་བརྩོན་ཞུ་ཐུབ་པ་ཡིན་ན། རྒྱ་ནག་རྒྱལ་ཁབ་ཡར་རྒྱས་འགྲོ་རྒྱུ་གཙོས་པའི་རྒྱ་ནག་འགོ་ཁྲིད་ཀྱི་ནུས་པ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སོགས་ལ་ཕན་རླབས་ཆེན་པོ་ཡོད་སྐོར་འཁོད་འདུག  

བོད་ཀྱི་ལོ་གསར་སྐབས་ཆོས་ཕྱོགས་ཀྱི་གནང་སྒོར་དམ་བསྒྲགས་དང་ཁ་བྲལ་བར་སྔར་ལྷག་གདོང་ལེན་བྱ་དགོས་པའི་གཏམ་བཤད་སྤེལ་བ།

འདི་ལོ་རབ་གནས་མེ་བྱའི་བོད་ཀྱི་གནམ་ལོ་གསར་བཞད་སྐབས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་པའི་ས་ཁུལ་ཁག་གཙོ་བོར་གྱུར་པའི་བོད་ཀྱི་ས་གནས་ཁག་ཏུ་ཆབ་སྲིད་ཀྱི་དམ་བསྒྲགས་དང་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོར་ཚོད་འཛིན་བྱས་པ་དང་། ས་གནས་རྒྱ་གཞུང་འགོ་ཁྲིད་རྣམས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་སོགས་ཀྱི་མིང་བྱང་འོག་བོད་མི་ཚོས་ཁ་བྲལ་བའི་ལས་འགུལ་སྤེལ་ཁག་ལ་སྔར་ལྷག་གདོང་ལེན་བྱ་དགོས་པ་སོགས་ཀྱི་གཏམ་བཤད་ཤུགས་ཆེ་བྱས་འདུག ཁ་སང་ཟླ་ ༣ ཚེས་ ༧ ཉིན་ཨ་མི་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་རྒྱ་གཞུང་གིས་འདི་ལོའི་བོད་ཀྱི་ལོ་གསར་སྐབས་བོད་མི་ཚོར་དམ་བསྒྲགས་ཀྱིས་ཚོད་འཛིན་བྱས་པ་དང་འབྲེལ་བའི་བོད་ནང་འམ་ Inside Tibet ཞེས་པའི་དཔྱད་གཏམ་ཞིག་སྤེལ་འདུག དཔྱད་གཏམ་དེའི་ནང་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༧ དང་བོད་ཀྱི་གནམ་ལོ་གསར་བཞད་ཀྱི་བོད་ཚེས་ ༡ ཉིན་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་མངལ་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie ཡིས་ལོ་གསར་གྱི་གཏམ་བཤད་སྤེལ་བའི་ཁྲོད། ས་གནས་དགོན་སྡེ་ཁག་གི་གྲྭ་བཙུན་དང་། གཞུང་འབྲེལ་མི་སྣ་རྣམས་ལ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོབ་སོགས་ལ་འགན་འཁྲི་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། གྲྭ་བཙུན་རྣམས་ཀྱིས་གནད་དོན་བཟང་ཉེས་དབྱེ་འབྱེད་བྱས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་གཅིག་བསྒྲིལ་དང་བདེ་འཇགས་སོགས་ལ་གཏོར་རྒོལ་དང་ངན་བྱུས་རིགས་སྤེལ་མཁན་རྣམས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས་པ་མ་ཟད། རང་ཉིད་སློབ་མ་དང་མང་ཚོགས་ལ་རྒྱལ་ཁབ་བརྟན་ལྷིང་དང་འབྲེལབའི་སློབ་གསོ་བསྐྲུན་དགོས་གལ་ཡིན་པ་སོགས་ཆབ་སྲིད་ཀྱི་གཏམ་བཤད་ཤུགས་ཆེ་བྱས་འདུག Wu Yingjie ཡིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་སྤྱི་སྡེ་ལས་ཁུངས་ཀྱི་ལས་བྱེད་རྣམས་ལ་ཡང་ལོ་གསར་གྱི་དུས་སྐབས་ཙམ་མ་ཟད། དུས་རྒྱུན་དུ་རྒྱལ་ཁབ་བརྟན་ལྷིང་ཐུབ་ཐབས་སུ་དགོན་སྡེ་ཁག་དང་མང་ཚོགས་ཀྱི་ལས་དོན་རིགས་ལ་དམ་འཛིན་ནན་པོ་བྱ་དགོས་པའི་གཏམ་བཤད་ཀྱང་བྱས་འདུག གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་མ་བསླེབ་གོང་ནས་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་བསང་བའི་ལྟ་སྲུང་གི་མི་སྣ་དང་ཉེན་རྟོག་པ་སོགས་མང་དག་ཞིག་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ས་གནས་ཉེན་རྟོག་པའི་སྤྱི་ཁྱབ་པདྨ་དབང་འདུས་ཟེར་བ་དེས་ས་གནས་དགོན་སྡེ་ཁག་ཏུ་ཆེད་བསྐྱོད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་བརྩི་སྲུང་ཞུ་དགོས་སྐོར་སོགས་ཀྱི་གཏམ་བཤད་ཀྱང་བྱས་ཡོད་པ་རེད། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་དཔྱད་གཏམ་དེའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་སྐབས་བོད་གཞིས་ཀ་རྩེ་ས་ཁུལ་དང་འབྲས་སྤུངས་དགོན་པ་སོགས་ལ་ཆེད་བསྐྱོད་ཀྱིས་གྲྭ་པ་དང་འཛིན་སྐྱོང་ལས་བྱེད་རྣམས་ནས་སྲིད་འཛིན་ཞི་ཅིང་ཕིང་གི་གཏམ་བཤད་ཁག་ལ་སློབ་གཉེར་བྱ་དགོས་པ་དང་། ས་གནས་རྒྱ་གཞུང་གི་ལས་བྱེད་ཚོས་མུ་མཐུད་ཞི་ཅིང་ཕིང་གི་གཏམ་བཤད་བྱས་ཁག་ལག་བསྟར་བྱ་དགོས་སྐོར་བཙན་བཀའ་བཏང་འདུག དེ་བཞིན་རྒྱ་གཞུང་རང་ཉིད་ཀྱིས་ངོ་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུའི་ལོ་གསར་གྱི་འཚམས་འདྲི་ཁྱབ་སྤེལ་གྱིས་ས་གནས་བོད་མི་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་ཤུགས་ཆེ་སྤེལ་དགོས་སྐོར་ཡང་བཀོད་འདུག

རྒྱ་གཞུང་གི་དཔོན་རིགས་ཤིག་གིས་རྒྱ་གཞུང་ནས་དྲ་རྒྱར་དམ་བསྒྲགས་བྱེད་བཞིན་པར་སྐྱོན་བརྗོད།

རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འགན་འཛོན་གཞོན་པ་ Luo Fuhe ཡིས་རྒྱ་གཞུང་གིས་དྲ་རྒྱའི་ཐོག་དམ་བསྒྲགས་དང་ཚོད་འཛིན་བྱེད་བཞིན་པ་དེས་ཁུལ་དེའི་ནང་གི་ཞིབ་འཇུག་པ་ཚོའི་གྲུབ་དོན་དང་དཔལ་འབྱོལ་གོང་འཕེལ་གྱི་ལས་དོན་ཁག་ལ་འགོག་རྐྱེན་ཆེན་པོ་བཟོ་བཞིན་འདུག་ཅེས་སྐྱོན་བརྗོད་བྱས་འདུག དེ་ཡངཟླ་ ༣ ཚེས་ ༣ དང་ ༥ ཉིན་སོ་སོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱ་ནག་ཆབ་སྲིད་གྲོས་ཚོགས་འཚོགས་བཞིན་ཡོད་པ་དང་། ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་ད་ལན་པེ་ཅིང་གྱི་ཚོགས་འདུའི་ཐོག་སླེབས་པའི་མི་དམངས་ཀྱི་འཐུས་མི་ཁག་ཅིག་ལ་བཅར་འདྲི་ཞུས་པར་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འགན་འཛོན་གཞོན་པ་ Luo Fuhe ཡིས་རང་ཉིད་ཀྱི་ཚོགས་འདུ་ཐོག་གླེང་རྒྱུའི་གནད་དོན་འགྲེལ་བརྗོད་དང་འབྲེལ། རྒྱ་རིགས་མང་ཚོགས་ཚོས་ཕྱིའི་རྒྱལ་ཁབ་ཁག་གི་ཤེས་ཡོན་དང་འབྲེལ་བའི་དྲ་རྒྱ་ཁག་རྒྱ་ནག་རང་གི་ནང་དུ་ལྟ་སྤྱོད་བྱེད་སྐབས་དྲ་རྒྱ་དེ་དག་ལ་རྒྱ་ནག་གཞུང་གིས་དམིགས་བསལ་གྱི་དམ་བསྒྲགས་དང་ཚོད་འཛིན་བྱེད་བཞིན་ཡོད་པར་སྐྱོན་བརྗོད་བྱས་པ་མ་ཟད། རྒྱ་གཞུང་གིས་དྲ་རྒྱའི་ཐོག་དམ་བསྒྲགས་དང་ཚོད་འཛིན་བྱེད་བཞིན་པ་དེས་ཁུལ་དེའི་ནང་གི་ཞིབ་འཇུག་པ་ཚོའི་གྲུབ་དོན་དང་དཔལ་འབྱོལ་གོང་འཕེལ་གྱི་ལས་དོན་ཁག་ལ་འགོག་རྐྱེན་ཆེན་པོ་བཟོ་བཞིན་འདུག་ཅེས་སྐྱོན་བརྗོད་བྱས་འདུག ཁོང་གིས་རྒྱ་གཞུང་གི་གཞུང་འབྲེལ་དཔོན་རིགས་མ་བྱེད་པའི་གོང་ལ་དེ་སྔ་རང་ཉིད་ཀྱིས་ཞིབ་འཇུག་བྱས་པའི་ལས་དོན་དང་འབྲེལ།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟས་རིགས་དང་ཞིང་ལས་ལས་དོན་ཁང་གི་དྲ་རྒྱ་བསྔོག་ཚེ་ལམ་སེང་ཁ་ཕྱེ་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཁག་གི་འཚོལ་ཞིབ་བྱ་ཡུལ་གྱི་དྲ་རྒྱའི་མ་ལག་ཆེ་ཤོས་གྷུ་གལ་ Google ལ་སོགས་པ་མང་པོ་ཞིག་རྒྱ་ནག་རང་གི་ནང་ལྟ་སྔོག་ཐུབ་ཀྱི་མེད་པ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་མེད་པའི་ཕྱིའི་རྒྱལ་ཁབ་ཁག་གི་དྲ་རྒྱ་རྣམས་རྒྱ་ནག་ནང་གི་མང་ཚོར་རང་དབང་ངང་ལྟ་ཀློག་བྱ་རྒྱུ་ཡོད་པ་བཟོ་དགོས་ཞེས་ནན་བརྗོད་བྱས་ཡོད། རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འགན་འཛོན་གཞོན་པ་ Luo Fuhe ཡིས་བརྒྱུད་ལམ་ཐོག་ཏུ་རྒྱ་གཞུང་གིས་དྲ་རྒྱར་དམ་འཛིན་བྱེད་བཞིན་སྐོར་ཐེར་བཏོན་བྱས་པའི་གནས་ཚུལ་དེ་ཟླ་ ༣ ཚེས་ ༡ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་སྤེལ་བ་དང་། ཕྱི་ཉིན་དེར་གནས་ཚུལ་དེ་ཕྱིར་འགྱར་བྱུང་སྟབས་ད་ལྟའི་ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་ཐོག་ལ་ཁྱབ་སྤེལ་འགྲོ་བཞིན་འདུག གཞི་རྩའི་རྒྱ་ནག་གཞུང་གིས་དུས་རྒྱུན་དུ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱིའི་རྒྱལ་ཁབ་ཁག་གི་དྲ་རྒྱར་དམ་བསྒྲགས་དང་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་བོད་དང་ཐེ་ཝན་སོགས་ཀྱི་ཆབ་སྲིད་གནད་དོན་དང་འབྲེལ་བའི་དྲ་རྒྱར་ཆེས་དམ་བསྒྲགས་བྱེད་མུས་ཡིན་པ་རེད། ཉེ་སྔོན་ཁེ་ན་ཊའི་ནང་ཡོད་པའི་ཊོ་རན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་ Munk School of Global Affairs ཞེས་པའི་སྡེ་ཚན་གྱི་ཞིབ་འཇུག་སྙན་ཐོ་ནང་ཏཱ་ལའི་བླ་མ་དང། དྲུག་བཞིའི་དོན་རྐྱེན། བོད་རང་བཙན། བོད་མིའི་རང་ལུས་མེར་སྲེག། རྒྱ་ནག་ནང་གི་ལྐོག་ས་རུལ་སུངས་གནད་དོན་གཙོས་པའི་ཚོར་བ་རྣོ་བའི་ཚིག་ཁྲི་གཉིས་ལྷག་མང་ཚོགས་ཚོས་ལྟ་སྔོག་བྱ་རྒྱུ་མེད་པ་བཟོས་ཡོད་སྐོར་གསལ་བཏོང་བྱས་ཡོད་པ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་མང་ཚོགས་ཀྱི་དྲ་རྒྱའི་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པར་སྐྱོན་བརྗོད་གནང་དོན་ལྟར། ཉེ་སྔོན་རྒྱ་གཞུང་གིས་མང་ཚོགས་ནས་དྲ་རྒྱ་སྔོག་བཤེར་བྱ་རྒྱུའི་རང་དབང་ཆེ་རུ་གཏོང་རྒྱུ་ལས་ལྡོག་སྟེ་དྲ་རྒྱའི་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་རེད།

རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་གཏོང་བཞིན་པར་འདྲི་རྩད་གནང་དགོས་པའི་འབོད་སྐུལ།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། Tibet Justice Center དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཞིས་གཙོས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོང་ཐང་ལྟ་ཞིབ་ཚོགས་པ། འཛམ་གླིང་ཡུ་གུར་ལྷན་ཚོགས་སོགས་ཁྱོན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ ༡༨ ཙམ་ནས་མཉམ་རུབ་ཀྱིས་རྒྱ་གཞུང་གིས་རྒྱ་ནག་དང་བོད། ཤིན་ཅང་དང་ཧོང་ཀོང་སོགས་ཀྱི་ནང་ཆོས་དད་འདྲ་མིན་དང་གྲངས་ཉུང་མི་རིགས། སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་ཡོད་སྟབས། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྟེང་གནད་དོན་དེ་དག་གི་ཐོག་རྒྱ་གཞུང་ལ་འདྲི་རྩད་ནན་པོ་གནང་དགོས་པའི་ཞུ་འབོད་བྱས་འདུག དེ་ཡང་ཚོགས་པ་ ༡༨ དེ་དག་གི་ངོས་ནས་ཟླ་ ༢ ཚེས་ ༡༦ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་རྒྱལ་ཁབ་ཀྱི་སྐུ་ཚབ་རྣམ་པའི་མཚན་ཐོག་ལ་ཞུ་སྙན་ཕུལ་འདུག དེའི་ནང་ཚོགས་པ་དེ་དག་གིས་སྔར་ལོ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་གིས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་གླེང་སློང་གནང་པ་དང་འབྲེལ། རྒྱ་གཞུང་ལ་རང་རྒྱལ་ཁབ་ཀྱི་ཁྲིམས་རྣམས་ལག་བསྟར་བྱེད་དགོས་པ་དང། རྒྱལ་སྤྱིའི་ཐོག་ཁས་ལེན་ཞུས་པ་ཁག་ལག་བསྟར་དོན་འཁྱོལ་གནང་སྟེ་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་ལས་འགུལ་བ་རྣམས་འཕྲལ་མར་གློད་བཀྲོལ་ཐོངས་དགོས་པའི་འབོད་སྐུལ་གནང་དོན་བཞིན། སྔ་ལོའི་ཕྱི་ཟླ་ ༣ པའི་ནང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ཚོགས་མི་རྒྱལ་ཁབ་ ༡༢ སྐུ་ཚབ་རྣམས་ཚོས་གཙོ་འཛིན་མཆོག་གིས་ཞུ་དོན་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་འཛིན་བཟུང་དང་གར་སོང་ཆ་མེད་དུ་བཏང་བ་མ་ཟད། མང་ཚོགས་ལ་ཁྲིམས་ཀྱི་འགྲོ་ལུགས་ཀྱི་ཐོབ་ཐང་མ་སྤྲད་པ་སོགས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་ཡོད་པ་ཐེར་བཏོན་དང་ཆབས་ཅིག རིང་མིན་ཟླ་ ༢ ཚེས་ ༢༧ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ པའི་ཐོག་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་གཞུང་ཚོགས་ཁག་གི་ལྷན་དུ་ཟུངའབྲེལ་གྱིས་རྒྱ་ནག་ནང་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱ་ནག་དང་མཉམ་དུ་གླེང་སློང་གནང་དགོས་པའི་ཞུ་འབོད་ཀྱང་གནང་འདུག ཞུ་སྙན་དེའི་ནང་གཞན་ཞིག་ལ་སྔར་ལོ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བསྒྲགས་གཏམ་དེའི་བརྒྱུད་ནས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་དང་དེ་དག་གི་ནང་མི་རྣམས་ལ་སེམས་འགུལ་ཤུགས་ཆེ་ཐེབས་ཡོད་ཀྱང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་གང་ཡང་ཕྱིན་མེད་པ་མ་ཟད། དོན་གནད་ཁ་ཤས་ཐོག་གནས་སྟངས་ད་དུང་སྡུག་ཏུ་ཕྱིན་ཡོད་སྐོར་གསུངས་ཏེ་རྒྱ་གཞུང་གིས་དོན་དག་དེར་སྣང་མེད་དུ་བཞག་པའི་རྣམ་པ་ཆེས་མངོན་གསལ་ཡིན་པ་ཐེར་བཏོན་གནང་འདུག དེ་བཞིན་རྒྱ་ནག་གཞུང་གི་བཙོན་འཇུག་འོག་ཡོད་པའི་རྒྱ་རིག་ཁྲིམས་རྩོད་པ་རྣམས་གློག་བཀྲོལ་བཏང་མེད་པ་དང། ལ་ལ་ཞིག་བཙོན་ གྲོལ་བཏང་ཡོད་ཀྱང་སྡིགས་ར་དང་སུན་གརྩེར་བཟོ་རྐྱེན་རང་གི་ཕྱག་ལས་མུ་མཐུད་གནང་མ་ཐུབ་པ་དང་། དེ་མིན་རྒྱལ་ཁབ་གཞན་གྱི་མི་སེར་ཡིན་པ་ཧོང་ཀོང་ནང་དུ་དཔེ་དེབ་ཚོང་འགྲེམས་པ་ཁག་གཅིག་འཛིན་བཟུང་གིས་ཟླ་བ་མང་པོ་གར་སོང་ཆ་མེད་དུ་ཕྱིན་པ། ཧོང་ཀོང་ནང་གི་མང་གཙོའི་ལས་དོན་ལ་རྒྱ་གཞུང་གི་ཐེ་བྱུས་བྱས་པ། བཙོན་འཇུག་འོག་ཡོད་པའི་ཁྲིམས་རྩོད་པ་རྣམས་ལ་ཁྲིམས་ལུགས་ལྟར་ཐོབ་ཐང་མ་སྤྲད་པ། ཡུ་གུར་ཤེས་ལྡན་མི་སྣ་ Ilham Tohti མུ་མཐུད་བཙོན་ཁང་ནང་ཚེ་བཙོན་མྱོང་བཞིན་ཡོད་པ་དང། བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་མུ་མཐུད་བཀག་ཉར་བྱེད་བཞིན་པ་མ་ཟད། གསེར་རྟ་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་མུ་མཐུད་གཏོང་བཞིན་ཡོད་སྐོར་སོགས་ཀྱི་གནད་དོན་མང་དག་ཞིག་ཐེར་བཏོན་གནང་འདུག ཚོགས་པ་དེ་དག་ནས་སྙན་ཞུ་དེའི་བརྒྱུད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་མནར་གཅོད་གཏོང་བཞིན་པ་འཕྲལ་མར་མཚམས་འཇོག་དང་དོན་འཁྱོལ་གྱི་ལག་བསྟར་དགོས་པ། རྒྱ་ནག་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་འབྲེལ་བའི་སྲིད་བྱུས་དང། འཇིགས་སྐུལ་བར་གདོང་ལེན་གྱི་སྲིད་བྱུས་ལ་བསྐྱར་ཞིབ། དེ་བཞིན་རྒྱ་ནག་གི་ཆོས་དོན་དང་འབྲེལ་བའི་སྒྲིག་གཞི་ཁག་གིས་ཡུ་གུར་དང་བོད་མི་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པའི་གནད་དོན་ར་འཕྲོད་བྱེད་དགོས་པ་དང་། དེ་བཞིན་བོད་མི་དང་ཡུ་གུར་བ་དབུས་པའི་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་ལྷོད་ཡངས་དགོས་པ་སོགས་ཀྱི་གནོན་ཤུགས་སྤྲོད་དགོས་པའི་དོན་གནད་ཁག་ ༥ བཏོན་གནང་འདུག

རྒྱ་ནག་དེ་རྒྱལ་སྤྱི་ཐོག་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་བརྩི་མེད་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན།

སྲིད་འཛིན་ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་རྒྱལ་ཁབ་དེ་རྒྱལ་སྤྱི་ཐོག་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆབ་སྲིད་ཀྱི་རང་དབང་དང་སྤྱི་དམངས་ཀྱི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན་གནང་འདུག དེ་ཡང་ཁ་སང་ཚེས་ ༣༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་ Freedom House འམ་རང་དབང་ཁང་པས་སྤྱི་ལོ་ ༢༠༡༡༦ ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོ་དེའི་ནང་སྤྱི་ལོ་ ༢༠༡༢ ལོར་ཞི་ཅིང་ཕིང་གིས་རྒྱ་ནག་གི་སྲིད་འཛིན་བྱས་པ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དབང་འཛིན་ལ་བརྩི་སྲུང་རྩ་བ་ནས་མ་བྱས་པར་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་འདི་བཞིན་སྔར་ལས་རྒྱ་སྐྱེད་ཆེད་གཏོང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆབ་སྲིད་ཀྱི་རང་དབང་གཙོ་བོར་གྱུར་པའི་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་། དེ་བཞིན་ཆོས་དད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིར་དགོས་ངེས་ཀྱི་ཐོབ་ཐང་ཁག་སྔར་ལས་ཆེས་སྟུག་ཏུ་གཏོང་བཞིན་པ་ཐེར་བཏོན་གནང་འདུག ལྷག་པར་དུ་འདས་པའི་ལོ་དུས་དེའི་ནང་རྒྱ་ནག་གཞུང་གིས་ཆོས་ཕྱོགས་དང་འབྲེལ་བའི་ཚོགས་པ་ཁག་གི་ལས་དོན་ཁག་ལ་དམ་བསྒྲགས་སྔར་ལྷག་བྱ་རྒྱུའི་ཐག་གཅོད་བྱས་པ་མ་ཟད། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ལ་དམ་བསྒྲགས་ཚོད་འཛིན་ཤུགས་ཆེ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། གཞི་རྩའི་རང་དབང་ཁང་པའི་སྙན་ཐོ་དེའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༡༨ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་བཏོན་གནང་ཡོད་པ་དང་། ཁྱད་པར་དུ་དེའི་ནང་ལ་རྒྱ་ནག་དེ་སྤྱི་ཡོངས་ནས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་ ༡༥ ཡིན་པ་བཀོད་འདུག་ཀྱང་། ཆབ་སྲིད་ཀྱི་རང་དབང་དང་སྤྱི་དམངས་ཀྱི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན་གནང་འདུག སྙན་ཐོ་དེའི་ནང་གཞི་རིམ་མང་ཚོགས་ཀྱི་རང་དབང་དང་འབྲེལ་ཏེ་རྒྱ་གཞུང་གིས་དེ་སྔ་སྤྱི་ལོ་ ༢༠༡༥ ལོར་འཛིན་བཟུང་བྱས་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་དང་ཞི་རྒོལ་བ་ཁག་ཅིག་ལ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་སྐོར་ཉེས་མིང་གཡོགས་ནས་བཙོན་འཇུགས་ཁྲིམས་ཐག་བཅད་པའི་གནས་ཚུལ་འགྲེལ་བརྗོད་གནང་འདུག རྒྱ་གཞུང་གི་བྱ་སྤྱོད་དེ་ནི་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་ནང་རྒྱལ་ཞེན་གྱི་བསམ་བློ་སྔར་ལྷག་གོང་སྤེལ་ཡོང་ཆེད་མང་ཚོགས་ཀྱི་བསམ་བརྗོད་རང་དབང་ལ་ཚོད་འཛིན་ཤུགས་ཆེ་བྱས་པ་ཞིག་རེད་ཅེས་བཀོད་འདུག གཞི་རྩའི་རང་དབང་ཁང་པ་ནི་སྤྱི་ལོ་ ༡༩༤༡ ལོར་གསར་འཛུགས་གནང་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་སྤྱི་ལོ་ ༡༩༧༢ ལོ་ནས་བཟུང་སྟེ་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དཔྱད་ཞིབ་འདྲ་མིན་གནང་པའི་བརྒྱུད་ལོ་ལྟར་ Freedom in the world འམ་རྒྱལ་སྤྱིའི་རང་དབང་ཞེས་པའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་གི་ཡོད་པ་རེད།

རྒྱ་རིགས་འགོ་ཁྲིད་ཚོས་གོང་ས་མཆོག་ཁ་བྲལ་བ་ཡིན་ལུགས་སོགས་བརྗོད་པ་ནི་བདེན་པ་མ་རེད་ཅེས་གསུངས་འདུག

རྒྱ་རིགས་ན་གཞོན་སློབ་ཕྲུག་ཚོགས་པ་དང་རྒྱ་ནག་མང་གཙོ་ཚོགས་པའི་གཞོན་སྐྱེས་ལྷན་ཚོགས་ཀྱི་ཚོགས་མི་ Rui Gong ལགས་ཀྱིས་འདས་པའི་ལོ་དུས་མང་པོ་ཞིག་གི་ནང་ལ་རྒྱ་རིགས་ཤེས་ཅན་དང་འགོ་ཁྲིད་མང་དག་ཞིག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཞིག་ཡིན་ལུགས་སོགས་བརྗོད་བཞིན་པ་ནི་ཁས་ལེན་བྱེད་ཐབས་མེད་པའི་རྫུན་གཏམ་ཞིག་རེད་ཅེས་གསུངས་འདུག ཁ་ཉིན་ཚེས་ ༥ ཉིན་ Rui Gong ལགས་ཀྱིས་རྒྱ་ནག་གི་གྲོང་ཁྱེར་ཁྲན་ཏུ་ནས་ཉེ་ཆར་ཁོང་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དངོས་སུ་མཇལ་འཕྲད་བྱུང་བའི་མྱོང་ཚོར་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གི་དགོངས་བཞེས་སོགས་དང་འབྲེལ་ཡོད་ ’’ངའི་༸གོང་ས་མཆོག་ལ་མཐོང་ཚུལ་ངོ་མ་’’ ཞེས་པའི་སྒེར་གྱི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་འདུག དེའི་ནང་ཁོང་རང་ཉིད་ཆུང་དུས་འཚར་ལོངས་བྱེད་བཞིན་པའི་སྐབས་ནས་རྒྱ་རིགས་ཤེས་ཡོན་ཅན་དང་འགོ་ཁྲིད་མང་དག་ཞིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་མཐུན་དོན་ཚན་ ༡༧ བརྩི་མེད་བཏང་པ་མ་ཟད། རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་རྗེས་རང་ཉིད་ཀྱི་གཞུང་གསར་འཛུགས་གནང་པ་སོགས་འགྲེལ་བརྗོད་འདྲ་མིན་བྱེད་པའི་བརྒྱུད། མགོན་པོ་༸གང་ཉིད་མཆོག་ནི་རྒྱལ་ཁབ་ཁ་བྲལ་བ་ཞིག་ཡིན་ལུགས་སོགས་སྐྱོན་བརྗོད་བྱེད་བཞིན་པ་ཐོས་མྱོང་ཡོད་ཀྱང་། ད་ལྟའི་ཆར་༸གོང་ས་མཆོག་གི་མཛད་རྗེས་དང་། ལྷག་པར་དུ་༸གང་ཉིད་མཆོག་དང་དངོས་སུ་མཇལ་འཕྲད་བྱུང་སྐབས་རྒྱ་ནག་ཕྱོགས་ནས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་དེ་དག་དོན་དངོས་དང་ལྡོག་ཟླ་ཡིན་པ་མ་ཟད། དུས་ནམ་ཡང་ཁས་ལེན་བྱེད་ཐབས་མེད་པའི་རྫུན་གཏམ་ཁོ་ན་རེད་འདུག་ཅེས་བཀོད་ཡོད་པ་རེད། ཁོང་གིས་རྒྱ་ནག་ནང་དར་ཁྱབ་ཆེ་བའི་དྲ་རྒྱ་ Baidu སོགས་ཀྱི་ཐོག་༸གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་ངོ་མ་གཅིག་རང་གཅིག་མཇལ་རྒྱུ་ཡོད་པ་དེ་ནི་སྤྱི་ལོ་ ༡༩༨༩ ལོར་༸གང་ཉིད་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་གནས་ཚུལ་དེ་ཡིན་པ་མངོན་གསལ་གནང་འདུག ཁོང་གི་དཔྱད་རྩོམ་དེའི་ནང་ཁོང་རང་ཉིད་ཀྱི་ངོས་ནས་རྒྱུན་དུས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྗོད་དཀའ་བའི་ཚོར་སྣང་དང་སྦྲགས། ༸གང་ཉིད་མཆོག་གི་བཀའ་སློབ་དང་མཛད་རྗེས་ཁག་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་མིན་པའི་ཐོག་ནས་གསན་གཟིགས་གནང་མུས་ཡིན་སྐོར་གསུངས་པ་དང་འབྲེལ་༸གོང་ས་མཆོག་གི་རླབས་ཆེ་བའི་མཛད་རྗེས་ལས་ཁོང་རང་ཉིད་ལ་སེམས་འགུལ་ཆེ་ཤོས་གསུམ་ཐེབས་ཡོད་པ་བཀོད་འདུག དང་པོ་ཁོང་རང་ཉིད་ནས་འདི་ལོའི་ཟླ་བཞི་པའི་ནང་དབྱིན་ཇིའི་ BBC གསར་ཁང་གིས་༸གང་ཉིད་མཆོག་ལ་༸སྐུའི་ཡང་སྲིད་འཚོལ་ཞིབ་གནང་ཕྱོགས་དང་འབྲེལ་བའི་བཅར་འདྲི་ཞུས་པར་མགོན་པོ་མཆོག་གིས་ཡང་སྤྲུལ་གྱི་གནད་དོན་དེ་མང་གཙོ་དང་མཐུན་པར་གནང་དགོས་གལ་ཡིན་པ་བཀའ་བསྩལ་མཛད་པ་དེས་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་མིན་ལ་མ་ལྟོས་པར་དམིགས་བསལ་གྱི་ཡིད་དབང་འཕྲོག་པ་ཞིག་དང་། མང་གཙོའི་འགན་དབང་ལ་ཆེ་མཐོང་གནང་མཁན་གྱི་སྐྱེས་བུ་ཞིག་ཡིན་པ་ཤེས་རྟོགས་བྱུང་བས་མགོན་པོ་མཆོག་གི་དགོངས་བཞེས་དེ་དག་ལ་གུས་བཀུར་ཆེན་པོ་ཞུ་བཞིན་ཡོད་ཅེས་གསུངས་འདུག ཁོང་རང་ཉིད་རྣམ་ཀུན་རྒྱལ་སྤྱིའི་གློག་བརྙན་ཁག་ལ་དོ་སྣང་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ་ཏེ་རྒྱ་གཞུང་གིས་རྒྱ་ནག་ཁྱོན་ཡོངས་སུ་བཀག་སྡོམ་བྱས་པའི་སྐུ་ཞབས་ Richard Gere ལགས་ཀྱི་གློག་བརྙན་ Red Corner དང་༸གོང་ས་མཆོག་དང་འབྲེལ་བའི་Seven Years In Tibet ཞེས་པའི་གློག་བརྙན་གཉིས་ཁོང་གི་གྲོགས་པོ་རྣམས་ནས་གཟིགས་ཚེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུ་ཡིན་མིན་ངོ་མ་དེ་ཤེས་ཐུབ་ངེས་རེད་ཅེས་གསུངས་འདུག འདི་ལོའི་ཕྱི་ཟླ་ ༡༠ ནང་ང་ཚོ་རྒྱ་རིགས་ན་གཞོན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་བཞུགས་སྒར་དུ་ཆེད་བཅར་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཤིག་བྱུང་སོང་། ༸གང་ཉིད་མཆོག་གི་ཞལ་རས་མཇལ་སྐབས་རང་ཉིད་ཀྱི་གྲོགས་པོ་རྙིང་པ་ཞིག་དང་རང་གི་ཕ་སླར་ཡང་ཐུག་འཕྲད་བྱུང་བ་ལྟར་དགའ་སྤྲོའི་ཚོར་སྣང་ཆེན་པོ་བྱུང་ཞེས་གསུངས་འདུག ཁྱད་པར་དུ་སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་ཁྲོད་མགོན་པོ་༸གང་ཉིད་མཆོག་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་མཐའ་ལ་རྒྱབ་སྐྱོར་གནང་མཁན་ཞིག་དང་། ལྷག་པར་དུ་སྲིད་འཛིན་ཞི་ཅིང་ཕིང་གི་ལྐོག་ཟ་རུལ་སུངས་གཙང་བཟོ་བྱེད་རྒྱུའི་སྲིད་བྱུད་དེས་རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་ཐེབས་རྒྱུར་ཐུགས་རེ་གནང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག  ཞི་ཅིང་ཕིང་གི་ངོས་ནས་ད་དུང་རྒྱ་ནག་ནང་འཚེ་བ་མེད་པའི་བྱམས་བརྩེའི་ཀུན་ནས་བླངས་ཏེ་རིག་གནས་གསར་བརྗེ་ཞིག་སྤེལ་དགོས་སྐོར་བཀའ་སྩལ་གནང་པ་དེ་ནི་རང་ཉིད་ཀྱི་ཡིད་ལ་ཆེས་ཐད་པོ་བྱུང་ཞེས་བཀོད་འདུག དཔྱད་རྩོམ་གྱི་མཇུག་མཐར་ Rui Gong ལགས་ནས་མཇའ་ཁ་དང་བཀའ་སློབ་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་སྐུ་པར་ལྷན་རྒྱས་སྒྲོན་སྐབས་ངའི་སེམས་ནང་ལ་༸གང་ཉིད་མཆོག་ལ་ཞུ་རྒྱུའི་ཚིག་མང་དག་ཞིག་ཡོད་ཀྱང་། གང་ཞུ་དགོས་མིན་བློ་ཐག་མ་ཆོད་པར་ལུས་སོང་། དེ་ནི་ངའི་མཇལ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ངོ་མ་དེ་རེད་ཅེས་བཀོད་ཡོད་པ་རེད།

Goa ནང་ཞི་ཅིང་ཕིང་བསླེབ་ཀྱི་ཡོད་པར་བརྟེན་རྒྱ་གར་ཉེན་རྟོག་པས་བོད་མི་ཐོག་དམིགས་བསལ་གྱི་དམ་དྲག་བྱེད་བཞིན་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་གྱི་གྲོང་ཁྱེར་ Goa ནང་ཚོགས་གཏན་འཁེལ་བའི་ BRICS ཚོགས་འདུ་ཐོག་བསླེབ་ཀྱི་ཡོད་སྟབས།  གྲོང་ཁྱེར་ Goa གཙོས་པའི་ཉེ་འཁོར་ས་གནས་ཁག་ནས་འགྲོ་འོང་བྱེད་མཁན་བོད་མི་དང་ལས་འགུལ་བའི་ཐོག་དམིགས་བསལ་གྱི་དམ་དྲག་བྱེད་བཞིན་འདུག་པ་མ་ཟད། ལྷག་པར་དུ་ཁ་སང་ཉེ་འཁོར་མངའ་སྡེ་ནས་ཡོང་མཁན་བོད་མི་ཁག་ཅིག་གྲོང་ཁྱེར་གྷོ་བའི་མཐའ་མཚམས་ནས་འཛིན་བཟུང་གིས་ས་གནས་སུ་ཕྱིར་སློག་བྱས་འདུག དེའང་ཟླ་ ༡༠ ཚེས་ ༡༥ དང་ ༡༦ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་ནུབ་ཕྱོགས་མངའ་སྡེ་ Goa ནང་དུ་བཞུགས་མོལ་ཚོགས་འདུ་ཐེངས་ ༨ འམ་ 8th BRICS summit ཞེས་པ་བྷར་ཛིལ་དང་ཨུ་རུ་སུ། རྒྱ་གར། རྒྱ་ནག དེ་བཞིན་ལྷོ་ཨ་ཧྥི་རི་ཀ་བཅས་འཛམ་གླིང་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔའི་མགོ་ཁྲིད་ལྷན་ཞུགས་ཀྱིས་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་རེས་ཀྱི་ཚོགས་འདུ་དེ་དང་བསྟུན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག འོན་ཀྱང་ད་ལྟའི་ཆར་མངའ་སྡེ་འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་སྤྲད་མེད་པ་མ་ཟད། རྒྱ་གར་ཉེན་རྟོག་མི་སྣས་གྲོང་ཁྱེར་གྷོོ་བའི་ནང་གནས་སྡོད་བྱེད་མཁན་བོད་མི་རྣམས་ཀྱི་རང་ཁྱིམ་དུ་སླེབས་ནས་ངོ་སྤྲོད་ལག་འཁྱེར་ཞིབ་བཤེར་བྱེད་མུས་ཡིན་འདུག  ཉེ་འཁོར་ས་གནས་ཁག་ནས་འགྲོ་འོང་བྱེད་མཁན་བོད་མི་དང་ལས་འགུལ་བའི་ཐོག་དམིགས་བསལ་གྱི་དམ་དྲག་བྱེད་བཞིན་འདུག་པ་མ་ཟད། ལྷག་པར་དུ་ཁ་སང་ཉེ་འཁོར་མངའ་སྡེ་ནས་ཡོང་མཁན་བོད་མི་ཁག་ཅིག་གྲོང་ཁྱེར་གྷོ་བའི་མཐའ་མཚམས་ནས་འཛིན་བཟུང་གིས་ས་གནས་སུ་ཕྱིར་སློག་བྱས་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གྷོ་བ་ནས་འགྲེལ་བརྗོད་གནང་དོན། ད་རེས་ Goa ས་གནས་ཉེན་རྟོག་པས་ཁུལ་དེའི་ནང་གི་བོད་མིའི་ཐོག་དམིགས་བསལ་གྱི་དམ་དྲག་དང། བོད་མི་རྣམས་ནས་ཞི་ཅིང་ཕིང་ལ་ཞི་རྒོལ་བྱ་རྒྱུར་ཆོག་མཆན་སྤྲད་མེད་སྐོར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་དང་། དེ་བཞིན་གྷོ་བའི་ས་གནས་ཀྱི་ཉེན་རྟོག་མགོ་དཔོན་  Vimal Gupta ལགས་ཀྱིས་ཉེ་སྔོན་ས་གནས་ཀྱི་ཉེན་རྟོག་མི་སྣ་ ༡༥༠༠ ལྷག་ལ་བདེ་འཇགས་དང་འབྲེལ་བའི་གནད་དོན་ཐད་བསྐོང་ཚོགས་ཤིག་གནང་སྐབས་བོད་མི་ལས་འགུལ་བའི་ཐོག་དམིགས་བསལ་གྱི་དོ་སྣང་དང་གཟབ་ནན་བྱེད་དགོས་པའི་ལམ་སྟོན་གནང་པ་དང་ཆབས་ཅིག བོད་མི་ཚོས་ཞི་རྒོལ་གྱི་ལས་འགུལ་སྤེལ་བ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་གདལ་དུ་སོང་ཚེ་རྒྱ་གར་གྱི་ཆེ་མཐོང་ལ་གནོད་ངེས་ཡིན་པས་དེར་གཟབ་ནན་བྱེད་དགོས་ཞེས་བརྗོད་སྐོར་གསུངས་སོང་། རྩ་བའི་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་ BRICS ཚོགས་འདུ་ཐེངས་བཞི་པ་ཚོགས་སྐབས་ལྡི་ལི་ནང་བོད་མིའི་ཚོས་རྒྱ་ནག་སྲིད་འཛིན་ཧོའུ་ཅིན་ཐོའི་ལ་ཞི་རྒོལ་ཤུགས་ཆེ་གནང་པ་མ་ཟད། སྐབས་དེར་བཙན་བྱོལ་ནང་བོད་མི་འཇམ་དཔལ་ཡེ་ཤེས་ལགས་དང། བོད་མདོ་སྨད་རྔ་བ་ཁུལ་ནས་གྲྭ་བློ་བཟང་ཤེས་རབ་ལགས་རྣམ་གཉིས་ཀྱིས་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་རང་ལུས་མེར་བསྲེགས་གནང་སྟབས་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།  

Latest news