Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

སྐུ་ཞབས་ Liu Xiaobo ལགས་བཙོན་གྲོལ་ཐོབ་ཀྱང་ཁོང་གི་འཕྲོད་བསྟེན་ཐོག་བློ་ཚབས་ཆེན་པོ་གནང་བཞིན་འདུག

ཁ་སང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་སྨན་བཅོས་ཀྱི་ཐོབ་ཐང་འོག་བཙོན་ཁང་ནས་གློད་བཀྲོལ་བཏང་པའི་གནས་ཚུལ་ཡོངས་ཁྱབ་གནང་ཡོད་པ་མ་ཟད། ཁོང་གི་གཅེན་པོ་ Liu Xiaoguang ལགས་དང་ཁྲིམས་རྩོད་པ་ Mo Shaoping ལགས་རྣམ་གཉིས་ཀྱིས་གསར་ཁང་ཁག་གི་བཅར་འདྲིར་དང་ལེན་གནང་པར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་སྐུ་ཞབས་ Liu Xiaobo ལགས་ལ་མཆིན་པའི་སྐྲན་ནད་ཕོག་ཡོད་པ་ཤེས་རྗེས་རྒྱ་གཞུང་གིས་ཁོང་ལ་སྨན་བཅོས་ཀྱི་ཐོབ་ཐང་འོག་གློད་བཀྲོལ་བཏང་དོན་ལྟར་ད་ལྟའི་ཆར་ཁོང་རྒྱ་ནག་གི་ Liaoning ཞིང་ཆེན་གྱི་གྲོང་ཁྱེར་ Shenyang ནང་དུ་སྨན་བཅོས་གནང་བཞིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། སྐུ་ཞབས་ Liu Xiaobo ལགས་ལ་འབྲས་ནད་ཕོག་ནས་བཙོན་ཁང་ནས་གློད་བཀྲོལ་བཏང་པའི་གནས་ཚུལ་དང་འབྲེལ། ཁ་སང་ནོར་ཝེ་རྒྱལ་ས་ཨོས་ལོ་ནང་དུ་རྟེན་གཞི་བྱས་པའི་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་དོན། སྐུ་ཞབས་ Liu Xiaobo ལགས་བཙོན་ཁང་ནས་གློད་བཀྲོལ་ཐོབ་པར་དགའ་དགོས་པའི་གནས་སྟངས་ཤིག་ཡིན་ཀྱང་། རྒྱ་གཞུང་གིས་ཁོང་ནད་གཞི་དྲག་པོ་དེ་འདྲ་ཞིག་མ་ཕོག་གི་བར་དུ་གློད་བཀྲོལ་མ་གཏང་པ་དེ་ནི་བློ་འགྱོད་ཅན་གྱི་བྱེད་སྟངས་ཤིག་ཡིན་པ་མ་ཟད། གལ་སྲིད་རྒྱ་གཞུང་གིས་ཁོང་གི་སྨྲ་བརྗོད་རང་དབང་སོགས་ལ་དམ་དྲག་གིས་བཙོན་འཇུག་བྱས་མེད་ཚེ་གནས་སྟངས་དེ་ལྟར་ཡོང་མི་སྲིད་པ་ཞིག་ཀྱང་རེད་ཅེས་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་ནས་སྐུ་ཞབས་ Liu Xiaobo ལགས་ཀྱི་སྨན་བཅོས་ཐད་ལ་མཐུན་འགྱུར་གང་ལེགས་གནང་དགོས་པ་མ་ཟད། ལྷན་ཚོགས་དེའི་ངོས་ནས་སྐུ་ཞབས་ Liu Xiaobo ལགས་གང་མགྱོགས་ཨོས་ལོ་ནང་དུ་དེ་སྔ་ ༢༠༡༠ ལོར་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ནས་ཁོང་ལ་ཕུལ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་དེ་བཞེས་པར་ཕེབས་རྒྱུའི་མགྲོན་བརྡ་ཡང་བཏང་འདུག གཞན་ཡང་ཁ་སང་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་ཀྱང་ཡོངས་ཁྱབས་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨ་རིའི་སྲིད་འཛིན་སྐུ་ཞབས་ཊམ་མཆོག་ནས་སྐུ་ཞབས་ལི་ཞའོ་བོ་ལགས་དང་ཁོང་གི་སྐུ་ཟླ་ Liu Xia ལགས་རྣམ་གཉིས་འཕྲོད་བསྟེན་དང་བདེ་འཇགས་སོགས་ལ་དམིགས་ཏེ་འཕྲལ་མར་ཨ་རིར་སྨན་བཅོས་ཆེད་དུ་གཞི་སྤེས་ཐུབ་ཐབས་གནང་དགོས་པ་གསུངས་པ་མ་ཟད། ལྷག་པར་དུ་ད་ལྟའི་ཆར་སྐུ་ཞབས་ Liu Xiaobo ལགས་ལ་མཆིན་པའི་འབྲས་ནད་ཕོག་པས་སྨན་བཅོས་ཆེད་གློད་བཀྲོལ་བཏང་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་སྨན་བཅོས་ཀྱི་དུས་ཡུན་དང་། ཁོང་ལ་ནད་གཞི་ནམ་ཕོག་ཡོད་མེད། དེ་བཞིན་ཁོང་གི་སྐུ་ཟླ་བཟང་བཙོན་འོག་ནས་གློད་བཀྲོད་གཏང་མིན་གྱི་གནས་སྟངས་ཐོག་གསལ་ཁ་གང་ཡང་མེད་སྟབས་དེ་ནི་དྲི་བ་གནད་ཆེ་ཞིག་ཆགས་ཡོད་སྐོར་སོགས་གསུངས་སོང་། ད་དུང་ཁོང་གིས་སྐུ་ཞབས་ Liu Xiaobo ལགས་བཙོན་ཁང་ནང་འདས་གྲོངས་སུ་འགྱུར་རྒྱུའི་ནག་ཉེས་ནས་མཐར་ཐབས་བྱས་པའི་གཡོ་སྒྱུ་ཞིག་རེད་ཅེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་ཆོས་སྒྲོན་ལགས་ཀྱིས་སྐུ་ཞབས་ Liu Xiaobo ལགས་ཀྱི་གནས་སྟངས་དེ་ཡིད་སྐྱོ་དགོས་པ་ཞིག་དང་། ཁོང་ཡུན་རིང་འཚོ་ཐུབ་མིན་ཐད་ལ་སེམས་ཚབས་ཆེན་པོ་ཡོད་པ་གསུངས་སོང་། དེ་བཞིན་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་ལ་སྐུ་ཞབས་ Liu Xiaobo ལགས་ཀྱི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་འདོན་སྤེལ་གནང་ཡོད་སྟབས། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་སྐུ་ཞབས་ Liu Xiaobo ལགས་ཀྱི་གནས་སྟངས་ཐད་ལ་གདུང་སེམས་མཉམ་བསྐྱེད་དང་རེ་བ་བཟང་ས་ནས་གནང་བཞིན་ཡོད་པ་གསུངས་ཡོད། ཞི་རྩའི་སྐུ་ཞབས་ Liu Xiaobo ལགས་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ཀྱི་ཐད་ལ་ཕྱག་ལས་བསྟུད་མར་གནང་སྟབས། རྒྱ་གཞུང་གིས་ ༢༠༠༩ ལོར་ཁོང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་འོག་ལོ་ངོ་བཅུ་གཅིག་རིང་བརྩོན་འཇུག་གི་ཁྲིམ་ཐག་བཅད་ཡོད་པ་དང་། རྒྱ་གཞུང་གིས་ཁོང་གི་བཟའ་ཟླ་ Liu Xia ལགས་ཀྱང་བཟང་བཙོན་འོག་ཏུ་བཞག་ཡོད་པ་རེད།

སྐུ་ཞབས་ Liu Xiaobo ལགས་ལ་འབྲས་ནད་ཕོག་པའི་འོག་བཙོན་གྲོལ་བཏང་འདུག

དེ་རིང་ཟླ་ ༦ ཚེས་ ༢༦ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་ལ་སྨན་བཅོས་ཀྱི་ཐོབ་ཐང་འོག་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག ཁོང་གི་གཅེན་པོ་ Liu Xiaoguang ལགས་དང་ཁྲིམས་རྩོད་པ་ Mo Shaoping ལགས་རྣམ་གཉིས་ཀྱིས་གསར་ཁང་ཁག་ཏུ་འགྲེལ་བརྗོད་གནང་དོན། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་སྐུ་ཞབས་ Liu Xiaobo ལགས་ལ་མཆིན་པའི་འབྲས་ནད་ཕོག་ཡོད་པ་ཤེས་གཏོགས་ཐུབ་རྗེས། ཁོང་གི་སྨན་བཅོས་དེ་བཞིན་རྒྱ་གཞུང་གི་བཙོན་ཁང་ནང་དུ་གནང་པ་མ་ཡིན་པར་ཕྱི་ཕྱོགས་སུ་བྱ་རྒྱུའི་འབོད་སྐུལ་ཞུས་པ་ལྟར། རྒྱ་གཞུང་གིས་ཁོང་ལ་སྨན་བཅོས་ཀྱི་ཐོབ་ཐང་འོག་གློད་བཀྲོལ་བཏང་དོན་ལྟར་ད་ལྟའི་ཆར་ཁོང་རྒྱ་ནག་གི་ Liaoning ཞིང་ཆེན་གྱི་གྲོང་ཁྱེར་ Shenyang ནང་དུ་སྨན་བཅོས་གནང་བཞིན་ཡོད་པ་རེད་འདུག དེ་རིང་སྐུ་ཞབས་ Liu Xiaobo ལགས་ལ་མཆིན་པའི་འབྲས་ནད་ཕོག་པའི་གནས་ཚུལ་ཕྱིར་གྱར་བྱུང་མ་ཐག་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་གིས་སྐུ་ཞབས་ Liu Xiaobo ལགས་ལ་སྨན་བཅོས་གནང་དགོས་པའི་ཐད་ལ་དགོས་ངེས་ཀྱི་མཐུན་རྐྱེན་དང་རོགས་རམ་ཁག་གནང་དགོས་པ་མ་ཟད། ད་ལྟ་རྒྱ་གཞུང་གི་བཙོན་ཁང་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་ཐོངས་དགོས་ཞེས་གསུངས་འདུག གཞི་རྩའི་སྐུ་ཞབས་ Liu Xiaobo ལགས་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ཀྱི་ཐད་ལ་ཕྱག་ལས་བསྟུད་མར་གནང་སྟབས། རྒྱ་གཞུང་གིས་ ༢༠༠༩ ལོར་ཁོང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་འོག་ལོ་ངོ་བཅུ་གཅིག་རིང་བརྩོན་འཇུག་གི་ཁྲིམ་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་ཁོང་གིས་གནང་ཁག་ལ་རྒྱལ་སྤྱའི་ཐོག་ནས་ཆེ་བསྟོད་དང་སྦྲགས་ནོ་སྦེལ་ཞི་བདེའི་གཟེངས་སྟགས་ཕུལ་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་པོ་ཁྱོན་ཡོངས་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེས། ཁོང་གིས་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡང་གནང་མྱོང་ཡོད་པ་མ་ཟད། ༸གོང་ས་མཆོག་ནས་ཀྱང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་མི་སྣ་གཞན་ཁག་ཅིག་དང་ལྷན་དུ་ཁོང་བཙོན་ཁང་ནས་མགྱོགས་མྱུར་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་མྱོང་ཡོད་པ་རེད།  

རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་ཁག་སྦས་གསང་བྱེད་ཐུབ་ཀྱི་མ་རེད།

ཉེ་ཆར་ཟླ་ ༥ པའི་ནང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ཚེ། རིང་མིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་ཚོགས་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་ལོ་འདི་ཟླ་ ༥ ནས་འགོ་འཛུགས་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཞེས་མང་ཚོགས་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་བྱེད་དགོས་པ་དང། དམར་ཤོག་ཚོགས་པའི་གཞུང་འཛིན་ལ་རྒྱབ་སྐྱོར་བྱེད་དགོས་པའི་བྱེད་སྒོ་སྤེལ་མུས་ཡིན་པ་དང། དེའི་ཁྲོད་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་ལོ་རིམ་དང་པོའི་ལོ་ཆུང་བྱིས་པ་རྣམས་ལ་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པ་བསུ་བ་ཞུ་ཕྱིར་ཚོན་མདོག་ཟིང་སྐྱ་ཅན་གྱི་སྙིང་རིས་ཆེན་པོའི་སྟེང་དུ་བྱིས་པ་རྣམས་ལ་སྦོ་བོ་ཞི་ཅིང་ཕིང་ལ་སེམས་ནང་གི་སྐད་ཆ་ཞེས་ཤོག་ཆུང་ཐོག་བྲིས་པ་རྣམས་སྦྱར་བཅུག་པའི་ལས་རིམ་སྣ་མང་ཞིག་སྤེལ་བཞིན་ཡོད་འདུག ཁ་སང་ཨ་རིར་རྟེན་གཞི་བྱས་པའི་ Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲ་གནས་ཐོག་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་པའི་ནང་དུ་རྒྱ་གཞུང་གིས་སྙིང་ཟིང་སྐྱ་སོགས་ཀྱི་ལས་རིམ་ཇི་ཙམ་སྤེལ་བཞིན་ཡོད་ཀྱང་། དེ་དག་གིས་རྒྱ་གཞུང་ནས་བོད་ནང་དྲག་གནོན་ཇི་ཙམ་བྱེད་པའི་གནད་དོན་ཁག་སྦས་གསང་བྱེད་ཐུབ་ཀྱི་མ་རེད་ཅེད་གསུངས་གསུངས་འདུག ཚོགས་པ་དེའི་རྒྱ་ནག་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་དེང་སྐབས་བོད་ནང་སྤེལ་བཞིན་པའི་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱ་རྒྱུ་དང། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱ་རྒྱུ། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱ་རྒྱུ་དང། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱ་རྒྱུ་སོགས་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཞེས་རེ་རེ་བཞིན་མིང་འབོད་ཀྱིས་གོ་དོན་གཙོ་བོ་མངོན་རྒྱུ་ཡོད་པ་ནི། མང་ཚོགས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་དང་དཔོན་རིགས་རྣམས་ལ་གནད་དོན་གང་ཡིན་ལ་མ་ལྟོས་པར་ཡར་སྐྱོན་བརྗོད་བྱེད་རྒྱུ་མེད་པ་དང། དམར་ཤོག་ཚོགས་པ་དང་དེའི་འགོ་ཁྲིད་ཞི་ཅིང་ཕིང་ལ་བློ་རྩེ་གཅིག་བཅོལ་དགོས་པ། གཅིག་སྒྲིལ་ལ་གནོད་འཚེ་བཟོ་མཁན་ཚོར་གདོང་ལེན་བྱེད་དེ་རྒྱལ་ཁབ་ལ་དགའ་ཞེན་བྱེད་དགོས་ཟེར་བའི་དོན་གནད་འོག་རང་བཙན་དང་རང་སྐྱོང་གི་གནད་དོན་གང་ཡིན་ཐོག་གྲོས་བསྡུར་ཙམ་ཡང་བྱེད་རྒྱུ་མེད་པ་སོགས་གཙོས་རྒྱ་ནག་དམར་ཤོག་ཚོགས་པའི་ཐག་གཅོད་གང་བྱེད་ལ་ལྟོས་དགོས་ཀྱི་ཡོད་སྐོར་སོགས་མངོན་གསལ་གནང་འདུག གཞན་ཡང་ལྕམ་ Richardson ལགས་ཀྱིས་འདས་པའི་ལོ་ཤས་ནང་རྒྱ་གཞུང་གིས་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་བོད་མི་རྣམས་ཕྱིར་ཕུད་གཏོང་བཞིན་ཡོད་པ་མ་ཟད། བོད་ཀྱི་འབྲོག་པའི་སྤྱི་ཚོགས་ཁག་ཏུ་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད་སྐོར་གསུངས་ཏེ་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་གསུངས་འདུག རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་བློ་སེམས་ལ་དུས་རྟག་ཏུ་དོགས་ཟོན་བྱེད་པའི་ཁྲོད་བོད་ནང་དམ་དྲག་དང་ལྟ་སྲུང་གི་ལས་རིམ་རྣམས་རིམ་བཞིན་ཤུགས་ཆེ་རུ་གཏོང་བཞིན། བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་གཞུང་གིས་ཆེས་བཏང་འཛིན་དང་ཐེ་གཏོགས་བྱེད་མུས་ཡིན་པ་རེད། ལྷག་དོན་བོད་མི་དང་རྒྱ་ནག་གི་མི་སེར་མང་པོ་ཞིག་ལ་དོན་དངོས་ཐོག་རང་ཉིད་ཀྱི་མི་ཚེ་དང་འབྲེལ་བའི་སྲིད་བྱུས་ཁག་ལ་བསྒྱུར་བཅོས་གཏོང་རྒྱུའི་ནུས་པ་མེད་སྐོར་མངོན་བཏོན་གནང་འདུག རྒྱ་གཞུང་གིས་ཚིག་འཇམ་པོ་དང་གཟུགས་དབྱིབས་སྙིང་མོ་བྲིས་ཏེ་བོད་ནང་དྲག་གནོན་བྱེད་ཁག་སྦས་གསང་བྱེད་ཐུབ་ཀྱི་མ་རེད། དེས་ན་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ན་ཕུགས་རྒྱང་རིང་པོར་ཕན་འབྲས་ཡོང་རྒྱུ་ཡིན་པ་གསུངས་འདུག

བོད་ནང་གི་རྒྱ་གཞུང་ལས་བྱེད་ལ་རྒྱལ་ཞེན་ཡོད་མེད་བརྟག་ཞིབ་བྱེད་བཞིན་འདུག

ཉེ་ཆར་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཅིག་གི་ཐོག་ལ་རྒྱ་ནག་གཞུང་ནས་ Lie Detection ཞེས་དེང་དུས་ཀྱི་འཕྲུལ་ཆས་རིགས་སྤྱོད་ནས་བོད་ཁམས་དཀར་མཛེས་གཙོས་པའི་ཤར་ཕྱོགས་ཀྱི་ས་ཁུལ་ཁག་ཏུ་ཡོད་པའི་རྒྱ་གཞུང་ལས་བྱེད་རྣམས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་གཞི་རྩའི་ལངས་ཕྱོགས་དང་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ཡོད་མེད་དང་། ལྷག་དོན་རྒྱ་ནག་རྒྱལ་ཁབ་ལ་རྒྱལ་ཞེན་ངོ་མ་ཡོད་མེད་སོགས་བརྟག་ཞིབ་བྱེད་བཞིན་འདུག དེ་ཡང་ཁ་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་ནས་འདོན་སྤེལ་གནང་པའི་ Inside Tibet ཞེས་པའི་སྙན་ཐོ་ནང་གསལ་ལྟར་ན། རྒྱ་ནག་གཞུང་ནས་བོད་ཁམས་དཀར་མཛེས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་ཡོད་པའི་རྒྱ་གཞུང་ལས་བྱེད་རྣམས་ལ་ཆེད་མངགས་རྒྱ་ནག་རྒྱལ་ཁབ་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་ཡིད་ཆེས་དང་རྒྱལ་ཞེན་ངོ་མ་ཡོད་མེད་སོགས་བརྟག་ཞིབ་ཀྱི་ལམ་ནས་འདྲི་རྩད་བྱེད་བཞིན་པ་དེས་བོད་ས་སྤྱི་ལ་ཡོད་པའི་རྒྱ་རིགས་ལས་བྱེད་ཙམ་མ་ཟད། བོད་རིགས་གཙོ་བོར་འགྱུར་པའི་གཞི་རིམ་མང་ཚོགས་ཀྱི་སྒེར་གྱི་མི་ཚེ་ལ་ཐེ་བྱུས་དང་། བསམ་བློའི་རང་དབང་ལ་བཙན་འཛུལ་བྱ་རྒྱུའི་ཐབས་ལམ་གསར་པ་ཞིག་ཆེད་བཏོན་བྱས་པ་རེད་ཅེས་གསུངས་འདུག དེ་བཞིན་ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་གི་སྒྲིག་ཁྲིམས་ཞིབ་གཤེར་ལས་ཁུངས་ཀྱི་དྲུང་ཆེ་ Wang Yongjun ཟེར་བ་དེས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་ཆེད་འཛུགས་བྱས་པའི་རྒྱ་གཞུང་གི་ལས་ཁུངས་དང་སྒྲིག་འཛུགས་ཁག་གི་ལས་བྱེད་ཁག་གཅིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་གཞི་རྩའི་ལངས་ཕྱོགས་ལ་བརྩི་སྲུང་མ་བྱས་པར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཙོས་པའི་ཕྱི་ཕྱོགས་སུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ལ་ཆབ་སྲིད་ཀྱི་གནད་དོན་དང་མ་དངུལ་སོགས་མཁོ་སྤྲོད་ཀྱིས་རྒྱལ་ཁབ་ཁ་བྲལ་བར་རྒྱབ་སྐྱོར་བྱས་ཡོད་སྐོར་བརྗོད་པ་མ་ཟད། རྒྱ་ནག་གཞུང་ནས་རང་སྐྱོང་མངའ་ས་ཁུལ་གྱི་རྒྱ་གཞུང་ལས་བྱེད་རྣམ་པའི་ལས་དོན་བྱེད་ཕྱོགས་ཐད་ལ་དོ་དམ་ནན་པོ་དགོས་པའི་འདུན་པ་བཏོན་པ་རྣམས་ལུང་འདྲེན་དང་སྦྲགས། ད་རེས་རྒྱ་ནག་གཞུང་ནས་རྒྱ་གཞུང་ལས་བྱེད་རྣམས་ལ་རྒྱལ་ཞན་ཡོད་མེད་བརྟག་ཞིབ་བྱེད་བཞིན་པ་དེ་ཡོངས་ཁྱབ་བྱས་པ་དེས་རིམ་བཞིན་བོད་མི་ཚོས་རང་ཉིད་ཀྱི་རྩ་བའི་བླ་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་ཡིད་ཆེས། དེ་བཞིན་འབུལ་བ་ཕུལ་བ་སོགས་གནང་པ་དེ་ནི་བོད་མིའི་རྒྱུན་ལྡན་གྱི་ཆོས་ཕྱོགས་བྱེད་སྒོ་ཞིག་ཡིན་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་ནས་བོད་མི་རྣམས་ལ་རྒྱལ་ཁབ་ཁ་བྲལ་བ་དང་། ངན་བྱུས་སྤེལ་མཁན་སོགས་ཀྱི་ཉེས་འཛུགས་འོག་ཚོད་འཛིན་དམ་དྲག་དང་། ཉེས་ཆད་སོགས་ཀྱང་གཏང་སྲིད་པ་བརྗོད་འདུག རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་ནས་འདོན་སྤེལ་གནང་པའི་སྙན་ཐོ་དེའི་ནང་དུ་བོད་ཁམས་དཀར་མཛེས་དེ་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་འགོག་རྒོལ་དང་གདོང་ལེན་བྱེད་མཁན་གྱི་ས་ཚིགས་གཙོ་གྲས་ཤིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། ད་ལྟའི་ཆར་རྒྱ་ནག་གཞུང་ནས་ས་ཁུལ་དེའི་རྒྱ་གཞུང་ལས་བྱེད་རྣམས་ལ་བརྟག་ཞིབ་རིགས་བྱས་པ་ཙམ་མ་ཟད། གཞི་རིམ་མང་ཚོགས་ཀྱི་ལས་དོན་ལ་ཚོད་འཛིན་དང་དམ་དྲག་སོགས་ཐུབ་ཐབས་སུ་ས་ཁུལ་དེར་རྒྱ་གཞུང་ཉེན་རྟོག་ལས་ཁུངས་དང་། གསང་བའི་ལྟ་སྲུང་གི་འཕྲུལ་ཆས་འདྲ་མིན་རིགས་ཆེད་འཛུགས་བྱེད་བཞིན་པ་སོགས་ཀྱང་ཆེད་བཀོད་ཀྱིས་མངོན་གསལ་གནང་འདུག རྒྱ་ནག་གཞུང་ནས་བོད་དཀར་མཛེས་ཁུལ་ཙམ་མ་ཟད། རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་ཡོད་པའི་རྒྱ་གཞུང་གི་ལས་བྱེད་རྣམ་པའི་ལས་དོན་སྟངས་འཛིན་ཐུབ་ཐབས་སུ་ཁུལ་དེར་ཚད་དང་ལྡན་པའི་རྟོག་ཞིབ་ཀྱི་ལས་དོན་རིགས་ཆེད་འཛུགས་བྱེད་བཞིན་ཡོད་པ་དང་།  བོད་མཚོ་སྔོན་ཁུལ་དུ་ཡང་བོད་མི་གནས་སྡོད་བྱེད་སའི་ས་ཁུལ་ཁག་ཏུ་རྒྱ་ནག་གཞུང་ནས་གཞི་རིམ་མང་ཚོགས་ཀྱི་ལས་དོན་ལ་སྟངས་འཛིན་དང་དམ་དྲག་ནན་པོ་ཐུབ་ཐབས་སོགས་ལ་དམིགས་ཏེ། འདི་ལོའི་ཕྱི་ཟླ་གསུམ་པ་ཙམ་ནས་ཁུལ་དེའི་རྒྱ་གཞུང་ལས་བྱེད་སྟོང་ཕྲག་བརྒལ་བ་ལ་ཆབ་སྲིད་དོ་དམ་དང་རྟོག་ཞིབ་བྱེད་ཕྱོགས་སོགས་ཀྱི་ཐད་ལ་ཟབ་སྦྱོང་སྤྲོད་བཞིན་པ་མ་ཟད།  ཟབ་སྦྱོང་དེ་བཞིན་རིམ་པས་རྒྱ་གཞུང་གིས་དབྱེ་བའི་ཞིང་ཆེན་གཞན་ཁག་ཏུ་ཡང་སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་འདུག དེ་དེ་བཞིན་རྒྱ་ནག་གཞུང་ནས་བོད་མདོ་སྨད་རྔ་བ་ཁུལ་དུ་ས་གནས་མང་ཚོགས་རྣམས་ལ་རྒྱལ་ཞེན་གྱི་སློབ་གསོ་དང་འབྲེལ། ས་གནས་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་གསོ་ལ་བསྒྱུར་བཅོས་བཏང་པ་ཙམ་མ་ཟད། སློག་གྲྭ་དེ་དག་གི་ནང་ལ་རྒྱལ་ཞེན་གྱི་སློབ་གསོ་སྤེལ་གྱི་ཡོད་མེད་སོགས་རྟོག་ཞིབ་བྱ་ཕྱིར་གསང་བའི་འཕྲུལ་རིགས་ཀྱང་ཆེད་འཛུགས་བྱས་ཡོད་པ་མ་ཟད། ས་གནས་སློབ་གྲྭ་དང་མཐོ་སློབ་ཁག་ཏུ་རྒྱ་གཞུང་ཉེན་རྟོག་པ་ཆེད་འཛུགས་བྱེད་བཞིན་ཡོད་པ་སོགས་བཀོད་ཡོད་པ་རེད། གཞི་རྩའི་ཟླ་ ༤ ཚེས་ ༧ ཙམ་ནས་རྒྱ་གཞུང་གིས་བོད་དཀར་མཛེས་ཁུལ་གྱི་གཞུང་འབྲེལ་ལས་བྱེད་རྣམས་ལ་ Lie Detection test ཞེས་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱོད་བརྒྱུད་རྒྱ་ནག་ལ་རྒྱལ་ཞེན་དང་འབྲེལ་བའི་བརྟག་ཞིབ་རིགས་བྱེད་སྐབས་གཙོ་བོ་ལས་བྱེད་རྣམས་ནས་རྒྱ་གཞུང་གྱི་སྲིད་བྱུས་དང་ཆབ་སྲིད་ལངས་ཕྱོགས་སོགས་ཀྱི་ཐད་ལ་ཡིད་ཆེས་དང་དགོངས་ཚུལ་གང་ཡོད་མེད་ཐོག་འདྲི་རྩད་བྱས་པ་མ་ཟད། ལན་འདེབས་དེ་དག་བདེན་རྫུན་གང་ཡིན་མིན་སོགས་ཀྱང་འཕྲུལ་ཆས་ཐོག་ནས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་ཏུ་འདོན་སྤེལ་བྱས་པའི་གྲངས་ཐོར་གཞིགས་ན། འདི་ལོ་ཁོ་ནའི་ནང་ལ་རྒྱ་ནག་གཞུང་གིས་རྒྱ་གཞུང་ལས་བྱེད་ ༡༦༨ ཙམ་ལ་འདྲི་རྩད་བྱས་འདུག    

རྒྱ་གར་གྱིས་བོད་ཀྱི་གསོ་བ་རིག་པ་དེ་རྒྱལ་ཚོགས་ཀྱི་དངོས་མེད་གཅེས་ནོར་རིག་གཞུང་ཁོངས་སུ་ཚུད་ཐབས་གནང་བཞིན་པར་རྒྱ་གཞུང་གིས་སྐྱོན་བརྗོད།

ཉེ་ཆར་རྒྱ་གར་གྱིས་བོད་ཀྱི་གསོ་བ་རིག་པ་དེ་རྒྱལ་ཚོགས་ཀྱི་དངོས་མེད་གཅེས་ནོར་རིག་གཞུང་ཁོངས་སུ་ངོས་འཛིན་ཡོང་ཐབས་ཀྱི་གྲོས་འཆར་ཞིག་བཏོན་གནང་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག དེ་ཡང་ཉེ་དུས་ཟླ་ ༣ པའི་ནང་རྒྱ་གར་གྱིས་བོད་ཀྱི་གསོ་བ་རིག་པ་དེ་ UNESCO འམ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྡེ་ཚན་གྱི་སྲུང་སྐྱོབ་འོག་ཏུ་ཡོད་པའི་ Intangible Cultural Heritage ཞེས་མངོན་མེད་གཅེས་ནོར་རིག་གནས་ཁོངས་སུ་ངོས་འཛིན་ཡོང་ཐབས་ཀྱི་གྲོས་འཆར་ཞིག་བཏོན་གནང་པ་ལྟར། ཁ་སང་རྒྱ་ནག་གཞུང་འབྲེལ་གྱི་ Global Times བརྒྱུད་ལམ་ཐོག་རྒྱ་རིགས་སྤྱི་ཚོགས་ཚན་རིག་ཉམས་ཞིབ་པ་ Qin Yongzhang ཡིས་རྒྱ་གར་ནང་ལ་ཡོད་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱིས་བོད་ཀྱི་གསོ་རིག་དེ་དག་ལག་བསྟར་བྱེད་གནང་ནས་རྒྱ་གར་ལ་ཕན་ཐོགས་ཇི་ཙམ་བྱུང་ཡོད་ཀྱང་། དོན་དངོས་ཐོག་བོད་ཀྱི་གསོ་བ་རིག་པ་དེ་བོད་ནས་བྱུང་བ་དང་རིམ་བཞིན་རྒྱ་ནག་གི་ལྷོ་ནུབ་ཏུ་ཡོད་པའི་བོད་དང་མཚོ་བོད་མཐོ་སྒང་ནང་ཆེས་དར་སྲོལ་བྱུང་བ་ཅིག་རེད་ཅེས་ནན་བརྗོད་བྱས་འདུག ད་དུང་ཁོ་པས་རྒྱ་གར་གཞུང་གིས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐད་ལ་བདག་དབང་ཡོད་ཚུལ་བཤད་ནས་དེ་རྒྱལ་ཚོགས་ཀྱི་དངོས་མེད་གཅེས་ནོར་རིག་གཞུང་ཁོངས་སུ་ཚུད་ཐབས་བྱེད་བཞིན་པ་ནི་གཙོ་བོ་རྒྱ་གར་གི་ནུས་པ་གོང་འཕེལ་གཏོང་ཐབས་བརྒྱུད་རྒྱལ་ཁབ་དེར་དཔལ་འབྱོར་གྱི་ཁེ་ཕན་བསྐྲུན་རྒྱུ་ཁོ་ནར་དམིགས་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག  བོད་སྨན་དེ་རྒྱ་ནག་ནས་བྱུང་བ་ཙམ་མ་ཡིན་པར་རྒྱལ་ཁབ་དེ་ཉིད་ནང་གོང་སྤེལ་ཕྱིན་ཡོད་ཅེས་ནན་བརྗོད་དང་ཆབས་ཅིག བོད་སྨན་གྱི་དབྱེ་བ་མང་པོ་ཞིག་བོད་མཚོ་སྔོན་དང་ཟི་ཁྲོན་དེ་བཞིན་ཡུ་ནན་ཞིང་ཆེན་བཅས་ནས་དར་སྲོལ་བྱུང་ཡོད་པ་དང་ཁྱད་པར་དུ་རྒྱ་ནག་རང་གི་ནང་དུ་བོད་ཀྱི་གསོ་བ་རིག་པའི་སྨན་ཁང་མང་པོ་མངོན་རྒྱུ་ཡོད་ཚུལ་སོགས་བརྗོད་ཡོད་པ་རེད། རྩ་བའི་རྒྱ་དཀར་ནག་གཉིས་ཀྱིས་བོད་ཀྱི་གསོ་བ་རིག་པ་དེ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་འོག་དངོས་མེད་གཅེས་ནོར་རིག་གཞུང་གི་ཁོངས་སུ་ངོས་འཛིན་ཡོང་བའི་གྲོས་འཆར་གྱི་ཞུ་སྙན་རེ་རེ་ཕུལ་ཟིན་ཡོད་པ་དང་། དེའི་ཐག་གཅོད་དེ་ཕྱི་ལོ་ ༢༠༡༨ ལོའི་ནང་ UNESCO ལྷན་ཚོགས་སྐབས་སུ་གནང་རྒྱུ་ཡིན་འདུག འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་དང་འབྲེལ་རྒྱལ་ཚོགས་སུ་ཕུལ་བའི་སྙན་ཞུ་དེར་རྒྱབ་གཉེར་གནང་མཁན་ཁོངས་སུ་ཡོད་པ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་རྒྱ་གར་གཞུང་ནས་བོད་ཀྱི་གསོ་བ་རིག་པ་འདི་གཅེས་ནོར་གྱི་རིག་གཞུང་ཞིག་ལ་ངོས་འཛིན་གྱིས་དེར་རྒྱལ་སྤྱིའི་ཁྲོད་ནས་ངོས་འཛིན་ཡོང་ཐབས་གནང་བཞིན་པར་རྒྱབ་སྐྱོར་གནང་པ་དང་འབྲེལ། དེང་རབས་སྨན་གྱི་ལམ་ལུགས་ཁྲོད་བོད་སྨན་དེ་སྨན་ལུགས་གཞན་དང་མི་འདྲ་བར་ནད་གཞི་ཆེས་ཛ་དྲག་ཅན་མང་པོ་བཅོས་ཐུབ་པའི་དམིགས་བསལ་གྱི་ནུས་པ་ཁྱད་པར་ཞིག་ཡོད་སྟབས། དེ་ནི་ངེས་པར་དུ་རྒྱལ་སྤྱིའི་གཅེས་ནོར་རིག་གཞུང་གི་གྲས་སུ་ངོས་འཛིན་ཞུ་དགོས་པའི་རང་བཞིན་ཅན་ཞིག་ཆགས་ཡོད་སྐོར་སོགས་གསུངས་སོང་།

རྒྱ་གཞུང་གིས་མུ་མཐུད་སྲོག་ཐོག་ཉེས་ཆད་ཐོག་ཆེས་གསང་རྒྱ་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག

རྒྱ་ནག་ནང་ལ་སྲོག་ཐོག་གི་ཁྲིམས་ཕོག་པ་ཉུང་དུ་ཕྱིན་ཡོད་ཀྱང་འཛམ་གླིང་རྒྱལ་ཁབ་གཞན་དང་བསྡུར་ན་རྒྱ་ནག་དེ་ད་ལྟའང་སྲོག་ཐོག་ཉེས་ཆད་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན་གནང་འངུག དེ་ཡང་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྲོག་ཐོག་ཉེས་ཆད་དང་འབྲེལ་བའི་ཤོག་གྲངས་ ༤༤ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག དེའི་ནང་རྒྱ་ནག་གཞུང་གི་ངོས་ནས་སྲོག་ཁྲིམས་གཅོད་རྒྱུ་ཉུང་དུ་བཟོ་རྒྱུ་ཡིན་པར་ཁས་ལེན་དམ་བཅའ་བཞག་ཡོད་ཀྱང་། རྒྱ་གཞུང་གིས་གནད་དོན་དེའི་ཐད་ཆེས་གསང་རྒྱ་བྱས་པར་བརྟེན་ཡུལ་དེའི་ནང་གི་སྲོག་ཁྲིམས་ཀྱི་ཁྱབ་ཚད་ཇི་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པར་འགྲེལ་བརྗོད་གནང་འདུག་པ་མ་ཟད། ལྷག་དོན་རྒྱ་གཞུང་གིས་བྱེད་ཕྱོགས་དེས་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་དང་ཡོངས་སུ་འགལ་གྱི་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཕྱི་རྒྱལ་ཉམས་ཞིབ་ཁག་ཅིག་གིས་རྒྱ་ནག་ནང་དུ་སྲོག་ཁྲིམས་ཀྱི་ཉེས་ཆད་ཕོག་པའི་གྲངས་འབོར་དེ་སྔར་ལས་ཉུང་དུ་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་ཡང་དོན་དངོས་ཐོག་རྒྱ་གཞུང་གིས་ཡུལ་དེའི་ནང་སྲོག་ཁྲིམས་ཕོག་པའི་གྲངས་འབོར་གྱི་གནས་ཚུལ་འཐུས་ཚང་བ་ཞིག་མཁོ་སྤྲོད་མི་བྱེད་པར་བརྟེན། སྲོག་ཁྲིམས་ཀྱི་ཉེས་ཆད་ཕོག་པའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་ཚུལ་གྱི་འགྲེལ་བརྗོད་དེ་ཇི་ཙམ་བདེན་མིན་གྱི་བདེན་པོ་གནང་ཐུབ་ཀྱི་མེད་སྐོར་བརྗོད་འདུག དེ་བཞིན་ཚོགས་པ་དེས་རྒྱ་ནག་ཁྲིམས་ཁང་གིས་ཐག་གཅོད་བྱས་པའི་གནད་དོན་ཁག་དྲ་རྒྱའི་ཐོག་བཀོད་གསལ་ལྟར་ན། རྒྱ་ནག་གོང་རིམ་མི་དམངས་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ ལོ་མཇུག་བར་བཙོན་པ་ ༧༠༡ ལ་སྲོག་ཁྲིམས་བཅད་ཡོད་པ་འཁོད་ཀྱང་། དངོས་ཀྱི་གྲངས་འབོར་དེ་ལོ་ལྟར་སྟོང་ཕྲག་བརྒལ་བ་ཆགས་ཀྱི་ཡོད་ཅེས་གསུངས་འདུག ཚོགས་པ་དེའི་སྙན་ཐོ་འབྲི་མཁན་ཁོངས་སུ་ཡོད་པའི་ཧོང་ཀོང་དུ་གནས་སྡོད་རྒྱ་རིགས་ཉམས་ཞིབ་པ་སྐུ་ཞབས་ William Nee ལགས་ཀྱིས་གོང་གསལ་གྲངས་ཐོ་དེར་གཞིགས་ཚེ་རྒྱ་གཞུང་གིས་ཡུལ་དེའི་ནང་གི་སྲོག་ཁྲིམས་དང་འབྲེལ་བའི་གནད་དོན་ཐད་ཕྱི་གསལ་ནང་གསལ་བྱ་རྒྱུའི་ཁས་ལེན་ཁག་དང་ཡོངས་སུ་འགལ་སྐོར་མངོན་གསལ་གནང་འདུག ད་དུང་ཁོང་གིས་གནད་དོན་དེ་ནི་རྒྱ་ནག་འཛིན་སྐྱོང་ནས་འཐུས་ཤོར་ཙམ་ཞིག་མིན་པར་དེ་ནི་ཆེད་མངགས་འཆར་གཞི་དང་ལྡན་པའི་གསང་རྒྱའི་རྣམ་པ་ཞིག་མངོན་ཐུབ་ཀྱི་འདུག་ཅེས་བརྗོད་གནང་ཡོད་པ་རེད།    

མོན་རྟ་དབང་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་༸སྐུའི་ཡང་སྲིད་ཚོལ་རྒྱུའི་བདག་དབང་དེའང་རྒྱ་ནག་ལ་ཡོད།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གིས་མོན་རྟ་དབང་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང། རྒྱ་གར་དབུས་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྩོད་རྙོག་ཡོད་པའི་ས་ཁུལ་དེར་ཆིབས་བསྒྱུར་བསྐྱང་བཅུག་རྒྱུ་མེད་སྐོར་བརྗོད་པ་མ་ཟད།  ལྷག་དོན་དགོས་གལ་བྱུང་ཚེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལའང་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་དེ་རྒྱ་ནག་ལ་མ་གཏོགས་མེད་སྐོར་བརྗོད་འདུག མཛད་འཆར་ལྟར་ན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆཚེན་པོ་མཆོག་ཟླ་ ༤ ཚེས་ ༡ ཉིན་ཐོག་མར་རྒྱ་གར་གྱི་ཨ་སམ་མངའ་སྡེ་དང་དེ་རྗེས་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་གཙོས་པའི་ས་གནས་ཁག་ཅིག་ཏུ་ཆིབས་བསྒྱུར་གྱིས་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག་བསྐྱང་གི་ཡོད་པ་དང། རྒྱ་ནག་གཞུང་གིས་གནད་དོན་དེའི་ཐོག་རྒྱ་གར་ལ་ཉེན་བརྡ་མང་དག་ཞིག་བཏང་དང་གཏོང་མུས་ཡིན་པ་རེད། རྒྱ་གར་གྱི་ Hindustan Times གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རེས་གཟའ་ཕུར་བུ་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་མཁས་དབང་བརྒྱད་གཙོ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང། སྐབས་དེར་ལྟེ་གནས་ཁང་དེའི་གཙོ་འཛིན་Lian Xiangmin  ཡིས་མོན་རྟ་དབང་དེ་བོད་ཀྱི་ཆ་ཤས་ཤིག་ཡིན་པ་དང། བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་སྟབས། ཁུལ་དེ་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་ཀྱི་ཡོད་པར་ཐེ་ཚོམ་གང་ཡང་མེད་ཅེས་དང། རྒྱ་གར་གཞུང་གིས་ཉེ་བའི་ལོ་ཤས་ནས་ཏཱ་ལའི་བླ་མ་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུའི་ཐད་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བཞིན་པ་དེ་ནི་འོས་འཚམས་ཞིག་མིན་པ་དང། རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གནད་དོན་ཐད་དེ་སྔ་ནས་དཀའ་ངལ་ཞིག་ཡོད་པའི་ཁར། ༸གོང་ས་མཆོག་རྙོག་གཞི་ཅན་གྱི་ཁུལ་དེའི་ནང་དུ་ཆེད་ཕེབས་ཀྱིས་ཚོར་བ་རྣོ་བའི་བཀའ་མོལ་རིགས་གནང་ན་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་ངེས་རེད་བཅས་བརྗོད་འདུག ཁོང་པས་ད་དུང་༸གོང་ས་མཆོག་ནས་ཁུལ་དེར་ཆིབས་བསྒྱུར་མཐའ་མའི་སྐབས་རྟ་དབང་དེ་རྒྱ་གར་གྱི་ཆ་ཤས་ཡིན་ཅེས་བརྗོད་ཡོད་པ་དེ་ནི་བདེན་པ་མིན་པ་མ་ཟད། དེས་དངོས་ཀྱི་གནད་དོན་མཚོ ན་ཐུབ་ཀྱི་མེད་སྐོར་བརྗོད་པ་དང་སྦྲགས། རྟ་དབང་དགོན་པ་དེ་བོད་ནང་ཡོད་པའི་འབྲས་སྤུངས་དགོན་པའི་ཆ་ཤས་ཤིག་ཡིན་པ་དང་དེའང་བོད་ཀྱི་དགོན་སྡེ་ཆེ་གྲས་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་མ་ཟད། རྟ་དབང་དགོན་པའི་དགེ་འདུན་པ་ཚོས་འབྲས་སྤུངས་དགོན་པར་བསླབ་པ་སློབ་གཉེར་གནང་པར་ཕེབས་སྲོལ་ཡོད་པ་འགྲེལ་བརྗོད་བྱས་འདུག Lian Xiangmin  ཡིས་གཞན་ཡང་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ། ཏཱ་ལིའི་བླ་མའི་ཡང་སྲིད་ཚོལ་ཞིབ་བྱ་རྒྱུ་དེ་ལོ་རྒྱུས་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ལྟར་བྱ་དགོས་གལ་ཡིན་པ་འབྲེལ་བརྗོད་བྱས་འདུག་པ་དང་། ཁོ་པས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དེ་༸གང་ཉིད་ཀྱི་འཁྲུངས་ཡུལ་རྒྱ་ནག་ནང་དུ་འཁྲུངས་དགོས་ཞེས་བཤད་འདུག བོད་ནང་ལ་བོད་མི་ས་ཡ་དྲུག་ཡོད་པ་དང་། དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཧ་ཅང་མང་པོ་ཡོད་པར་བརྟེན་ཁོང་ཚོའི་རེ་འདོད་ལ་གུས་བརྩི་ཞུས་པའི་ཐོག་ངའི་ངོས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པའི་ཡང་སྲིད་དེ་རྒྱ་ནག་ནང་དུ་འཁྲུངས་པར་རེ་བ་ཡོད་ཅེས་ཀྱང་བརྗོད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལན་ཨ་རུ་ནཱ་ཅལ་མངའ་སྡེར་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་ཐོས་མ་ཐག་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར་སྐྱོན་བརྗོད་བྱས་པ་མ་ཟད། མགོན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུར་དགག་པ་ཡོད་ཅེས་བརྗོད་པ་ལན་འགའ་བྱས་པ་འབྲེལ།  རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་ཆེ་རུ་མི་གཏོང་བའི་རེ་བ་ཡོད་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུས་ནང་ཆོས་དེ་ཚོང་གི་ངོ་བོར་བསྒྱུར་བཞིན་པར་བརྗོད་འདུག

རྒྱ་གཞུང་གིས་བདམས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་འགྱོད་གདུང་ཆེན་པོས་ད་སྐབས་རྒྱ་ནག་ནང་ནང་ཆོས་དེ་ཚོང་གི་ངོ་བོ་བསྒྱུར་ནས་བོད་པའི་དགོན་ཁག་དང་དགེ་འདུན་པ་རིམ་བཞིན་ཉམས་རྒུད་འགྲོ་བཞིན་པའི་ཉེན་ཚབས་ཡོད་པ་བརྗོད་འདུག དེའང་པཎ་ཆེན་རྒྱལ་མཚན་ནོར་བུས་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་ཐེངས་ ༡༢ ཐོག་ལ་དགོན་ཁག་གི་དགེ་འདུན་པ་ཚོས་ནང་པའི་ལྟ་གྲུབ་གཙོས་པའི་བཞེས་འདོད་ཁག་རྒྱབ་ཏུ་བསྐྱུར་ནས་དཔལ་འབྱོར་དང་དབང་གི་ཆེད་དུ་རྒྱུགས་བཞིན་ཡོད་པ་བརྗོད་འདུག་པ་མ་ཟད། དེའང་དགེ་འདུན་པ་ཡོངས་རྫོགས་ཀྱིས་དེ་ལྟར་གནང་གི་མེད་ཀྱང་། མི་རེ་ཟུང་གིས་ཆོས་མིན་ལས་ལ་སྙེག་བཞིན་པ་དེས་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་ཚབས་ཆེན་པོ་བཟོ་བཞིན་ཡོད་པ་དང་། དེ་བཞིན་དགོན་ཁག་དང་དགེ་འདུན་པ་གསོ་སྐྱོང་ཐོག་ཐུགས་ཁུར་དང་འབྲེལ་དགོན་པ་ཁག་ཏུ་དགེ་འདུན་པ་ཡོད་ཀྱང་སློབ་སྟོན་པ་མེད་པ་དང་། སངས་རྒྱས་ཀྱི་བཀའ་བསྟན་ཡོད་ཀྱང་དཔེ་ཁྲིད་པ་མེད་པ། ལྷག་དོན་དཔེ་ཁྲིད་པ་མེད་པ་ཡིན་ན་ནང་ཆོས་སློབ་སྟོན་པ་འཐུས་ཚང་ཡོང་དཀའ་བ་ཡིན་པ་བརྗོད་ཡོད། དེ་བཞིན་དགོན་པ་ཁ་ཤས་ནང་དུ་སྟོན་པའི་སྐུ་བརྙན་དང་འདུ་ཁང་བཞེངས་རྒྱུར་བྲེལ་འཚུབ་བྱེད་པ་ལས་དོན་དངོས་སྟོན་པའི་གང་བཀའ་བསྩལ་བ་དེ་བརྗེད་ཀྱི་འདུག་ཅེས་གསུངས་འདུག ཁྱད་པར་དུ་ང་ཚོའི་དུས་ཀྱི་དམིགས་ཡུལ་ནི་རྒྱལ་གཞེན་དང་ཆོས་ལུགས་ལ་དགའ་བ། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་རྒྱུ་དེ་དག་ཡིན་པ་མ་ཟད། འགྲོ་བ་མི་བཟང་པོ་ཞིག་བྱ་རྒྱུ་དེ་ཡིན་སྐོར་གསུངས་ཡོད་པ་རེད། གཞན་ཡང་ཁོང་གིས་དགེ་འདུན་པ་ཚོ་དང་དེའི་རྗེས་འབྲང་པ་རྣམས་ཟུང་འབྲེལ་གྱིས་སངས་བསྟན་པ་སྤྱིའི་ཐོག་ལ་འབད་བརྩོན་ཞུ་ཐུབ་པ་ཡིན་ན། རྒྱ་ནག་རྒྱལ་ཁབ་ཡར་རྒྱས་འགྲོ་རྒྱུ་གཙོས་པའི་རྒྱ་ནག་འགོ་ཁྲིད་ཀྱི་ནུས་པ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སོགས་ལ་ཕན་རླབས་ཆེན་པོ་ཡོད་སྐོར་འཁོད་འདུག  

བོད་ཀྱི་ལོ་གསར་སྐབས་ཆོས་ཕྱོགས་ཀྱི་གནང་སྒོར་དམ་བསྒྲགས་དང་ཁ་བྲལ་བར་སྔར་ལྷག་གདོང་ལེན་བྱ་དགོས་པའི་གཏམ་བཤད་སྤེལ་བ།

འདི་ལོ་རབ་གནས་མེ་བྱའི་བོད་ཀྱི་གནམ་ལོ་གསར་བཞད་སྐབས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་པའི་ས་ཁུལ་ཁག་གཙོ་བོར་གྱུར་པའི་བོད་ཀྱི་ས་གནས་ཁག་ཏུ་ཆབ་སྲིད་ཀྱི་དམ་བསྒྲགས་དང་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོར་ཚོད་འཛིན་བྱས་པ་དང་། ས་གནས་རྒྱ་གཞུང་འགོ་ཁྲིད་རྣམས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་སོགས་ཀྱི་མིང་བྱང་འོག་བོད་མི་ཚོས་ཁ་བྲལ་བའི་ལས་འགུལ་སྤེལ་ཁག་ལ་སྔར་ལྷག་གདོང་ལེན་བྱ་དགོས་པ་སོགས་ཀྱི་གཏམ་བཤད་ཤུགས་ཆེ་བྱས་འདུག ཁ་སང་ཟླ་ ༣ ཚེས་ ༧ ཉིན་ཨ་མི་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་རྒྱ་གཞུང་གིས་འདི་ལོའི་བོད་ཀྱི་ལོ་གསར་སྐབས་བོད་མི་ཚོར་དམ་བསྒྲགས་ཀྱིས་ཚོད་འཛིན་བྱས་པ་དང་འབྲེལ་བའི་བོད་ནང་འམ་ Inside Tibet ཞེས་པའི་དཔྱད་གཏམ་ཞིག་སྤེལ་འདུག དཔྱད་གཏམ་དེའི་ནང་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༧ དང་བོད་ཀྱི་གནམ་ལོ་གསར་བཞད་ཀྱི་བོད་ཚེས་ ༡ ཉིན་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་མངལ་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie ཡིས་ལོ་གསར་གྱི་གཏམ་བཤད་སྤེལ་བའི་ཁྲོད། ས་གནས་དགོན་སྡེ་ཁག་གི་གྲྭ་བཙུན་དང་། གཞུང་འབྲེལ་མི་སྣ་རྣམས་ལ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོབ་སོགས་ལ་འགན་འཁྲི་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། གྲྭ་བཙུན་རྣམས་ཀྱིས་གནད་དོན་བཟང་ཉེས་དབྱེ་འབྱེད་བྱས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་གཅིག་བསྒྲིལ་དང་བདེ་འཇགས་སོགས་ལ་གཏོར་རྒོལ་དང་ངན་བྱུས་རིགས་སྤེལ་མཁན་རྣམས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས་པ་མ་ཟད། རང་ཉིད་སློབ་མ་དང་མང་ཚོགས་ལ་རྒྱལ་ཁབ་བརྟན་ལྷིང་དང་འབྲེལབའི་སློབ་གསོ་བསྐྲུན་དགོས་གལ་ཡིན་པ་སོགས་ཆབ་སྲིད་ཀྱི་གཏམ་བཤད་ཤུགས་ཆེ་བྱས་འདུག Wu Yingjie ཡིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་སྤྱི་སྡེ་ལས་ཁུངས་ཀྱི་ལས་བྱེད་རྣམས་ལ་ཡང་ལོ་གསར་གྱི་དུས་སྐབས་ཙམ་མ་ཟད། དུས་རྒྱུན་དུ་རྒྱལ་ཁབ་བརྟན་ལྷིང་ཐུབ་ཐབས་སུ་དགོན་སྡེ་ཁག་དང་མང་ཚོགས་ཀྱི་ལས་དོན་རིགས་ལ་དམ་འཛིན་ནན་པོ་བྱ་དགོས་པའི་གཏམ་བཤད་ཀྱང་བྱས་འདུག གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་མ་བསླེབ་གོང་ནས་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་བསང་བའི་ལྟ་སྲུང་གི་མི་སྣ་དང་ཉེན་རྟོག་པ་སོགས་མང་དག་ཞིག་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ས་གནས་ཉེན་རྟོག་པའི་སྤྱི་ཁྱབ་པདྨ་དབང་འདུས་ཟེར་བ་དེས་ས་གནས་དགོན་སྡེ་ཁག་ཏུ་ཆེད་བསྐྱོད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་བརྩི་སྲུང་ཞུ་དགོས་སྐོར་སོགས་ཀྱི་གཏམ་བཤད་ཀྱང་བྱས་ཡོད་པ་རེད། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་དཔྱད་གཏམ་དེའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་སྐབས་བོད་གཞིས་ཀ་རྩེ་ས་ཁུལ་དང་འབྲས་སྤུངས་དགོན་པ་སོགས་ལ་ཆེད་བསྐྱོད་ཀྱིས་གྲྭ་པ་དང་འཛིན་སྐྱོང་ལས་བྱེད་རྣམས་ནས་སྲིད་འཛིན་ཞི་ཅིང་ཕིང་གི་གཏམ་བཤད་ཁག་ལ་སློབ་གཉེར་བྱ་དགོས་པ་དང་། ས་གནས་རྒྱ་གཞུང་གི་ལས་བྱེད་ཚོས་མུ་མཐུད་ཞི་ཅིང་ཕིང་གི་གཏམ་བཤད་བྱས་ཁག་ལག་བསྟར་བྱ་དགོས་སྐོར་བཙན་བཀའ་བཏང་འདུག དེ་བཞིན་རྒྱ་གཞུང་རང་ཉིད་ཀྱིས་ངོ་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུའི་ལོ་གསར་གྱི་འཚམས་འདྲི་ཁྱབ་སྤེལ་གྱིས་ས་གནས་བོད་མི་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་ཤུགས་ཆེ་སྤེལ་དགོས་སྐོར་ཡང་བཀོད་འདུག

Latest news