Tibetan Royal Year of 2151 | Year of the Wood Dragon

བོད་དང་ཤིན་ཅང་གི་གནས་སྟངས་ལ་བློ་འཚབ་ཡོད་པར་བཀོད་འདུག

Tibetan News Headlines

  • Gangjong Sherig Norling Educational Institute’s Closure Signals Heightened Assimilation Efforts in Tibet:  Discussion

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༧

  • རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གལ་གནད་དང་སྒོ་བརྒྱབ་པའི་ཤུགས་རྐྱེན། རྒྱ་གཞུང་གིས་བོད་སྐད་ཡིག་བཙན་སྒྱུར་གྱི་སྲིད་བྱུས་སྐོར་གླེང་མོལ།

ཨི་ཛི་རལ་དང་ཧ་མ་སི་གཉིས་དབར་དམག་འཁྲུག་བྱུང་ནས་ཟླ་བ་གཅིག་ལྷག་དང་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་གྱིས་ཡུལ་གཉིས་དབར་དམག་འཁྲུག་བྱུང་ནས་ལོ་གཅིག་ལྷག་འགྲོ་བཞིན་ཡོད་པའི་དུས་སྐབས་འདིར་ G7 ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་རྣམས་ཀྱིས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲོད་འགན་འཁུར་ཡོད་པའི་རྒྱལ་ཁབ་ཅིག་བྱེད་དགོས་པའི་སྐུལ་མ་གནང་བར་མ་ཟད། རྒྱ་གཞུང་གི་དབང་བསྒྱུར་འོག་ཡོད་པའི་བོད་དང་ཤིན་ཅང་གི་གནས་སྟངས་ལ་བློ་འཚབ་ཡོད་པར་བཀོད་འདུག

G7 summit or meeting concept. Row from flags of members of G7 group of seven and list of countries, 3d illustration

ཉི་ཧོང་གཞུང་གི་གོ་སྒྲིག་འོག་འདི་ལོའི་ཕྱི་ཟླ་ ༥ ནང་ཡུལ་དེར་ G7 ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་ཉིན་གསུམ་རིང་ཚོགས་འདུ་ཞིག་ཚོགས་པ་དང་འབྲེལ་ཁ་སང་ཕྱི་ཚེས་ ༨ ཉིན་གཞུང་འབྲེལ་གྱི་སྤྱི་བསྒྲགས་ཤིག་སྤེལ་འདུག་པ་དང་། དེའི་ནང་གཙོ་བོར་ཨི་ཛི་རལ་དང་ཧ་མ་སི་གཉིས་དབར་གྱི་དམག་འཁྲུག་དང་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་ལ་དྲག་པོའི་བཙན་འཛུལ། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་གཙོས་རྒྱལ་སྤྱིའི་གལ་ཆེ་གནད་དོན་སྤྱི་དང་ལྷག་པར་རྒྱ་ནག་དང་འབྲེལ་བའི་དོན་ཚན་ཆེད་བཀོད་གནང་བའི་ནང་སྒྲིག་འཛུགས་དེའི་ངོས་ནས་རང་ཉིད་ཀྱི་ཁེ་ཕན་སྲུང་སྟེ་རྒྱ་ནག་དང་ལྷན་དུ་མཉམ་ལས་བྱ་རྒྱུའི་འདུན་པ་དང་ཆོད་སེམས་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་ཁྲོད་འགན་འཁུར་ཡོད་པའི་རྒྱལ་ཁབ་ཅིག་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་ལ་ཨུ་རུ་སུས་རྒྱབ་སྐྱོར་མཚམས་འཇོག་གནང་དགོས་པ་དང་རྒྱལ་ཚོགས་ཀྱི་འབྲུ་དོན་ཡོངས་ལ་བརྩི་བཀུར་ཞུ་དགོས་པའི་ནན་སྐུལ་གནང་འདུག

ཕྱི་སྲིད་བློན་ཆེན་རྣམ་པའི་སྤྱིར་སྒྲིག་འཛུགས་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་གཙོས་ཐེ་ཝན་ཐོག་འཛིན་པའི་བཞེངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་ཀྱང་། ཐེ་ཝན་མཚོ་གླིང་ཁུལ་གྱི་ཞི་བདེ་ལྷིང་འཇགས་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་སྤྱིའི་ཚོགས་སྡེ་ཡོངས་ཀྱི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པར་ཡིད་ཆེས་གནང་གི་ཡོད་སྐོར་གསུངས་པར་མ་ཟད། བོད་དང་ཤིན་ཅང་གཙོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་ཡོངས་ལ་མུ་མཐུད་ནས་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་འདུག

རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཁྲིམས་སྒྲིག་ལ་བརྩི་མེད་རྡོག་རོལ་གྱིས་ཐེ་ཝན་མཚོ་གླིང་དང་ལྷོ་རྒྱ་ནག་རྒྱ་མཚོར་དྲག་པོའི་དམག་སྦྱོང་བྱེད་བཞིན་པའི་གནད་དོན་སོགས་ལུང་འདྲེན་གྱིས་རྒྱ་ནག་གིས་རྒྱལ་སྤྱི་ནང་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་གནང་རྒྱུ་ཡིན་པར་ཁས་ལེན་བྱས་པ་ལྟར་དེ་ལྟར་གནང་དགོས་པའི་སྐུལ་མ་གནང་བར་མ་ཟད། ཧོང་ཀོང་གི་རང་སྐྱོང་གནས་བབ་དང་འབྲེལ་རྒྱ་ནག་གི་ངོས་ནས་ Sino-British Joint Declaration ཞེས་དེ་སྔ་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་སྐབས་བཞག་པའི་གྲོས་མཐུན་དང་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་བཅས་ཀྱི་འབྲུ་དོན་ལ་གུས་བརྩི་ཞུ་དགོས་པ་གསུངས་འདུག

འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་རྣམས་ཀྱིས་རྒྱ་གཞུང་གིས་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་འབྲེལ་ལམ་ལུགས་ལའང་རྡོག་རོལ་ཤུགས་ཆེར་གཏོང་བཞིན་ཡོད་པ་དང་། རྒྱ་ནག་གིས་རང་ཉིད་ཀྱི་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་ཆེད་དམིགས་ཀྱིས་གསང་མྱུལ་བྱེད་བཞིན་པར་སྐྱོན་བརྗོད་ནན་པོ་གནང་འདུག

ཕྱི་སྲིད་བློན་ཆེན་རྣམས་ཀྱིས་རྒྱ་ནག་དང་ལྷན་དོན་ཕན་ལྡན་པའི་འབྲེལ་ལམ་དམ་ཟབ་གནང་གལ་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་དང་འབྲེལ། གནམ་གཤིས་འགྱུར་ལྡོག་དང་ནད་ཡམས་སྔོན་འགོག དཔལ་འབྱོར་སྲ་བརྟན། དེ་བཞིན་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་ཐབས་དང་འབྲེལ་བའི་གནད་དོན་སོགས་ཀྱི་སྐོར་ལ་གསུངས་འདུག

གཞི་རྩའི་འདི་ལོའི་ཟླ་ ༥ ཚེས་ ༡༩ ནས་ ༢༡ བཅས་ཉིན་གྲངས་གསུམ་རིང་ཉི་ཧོང་གི་གྲོང་ཁྱེར་ karuizawa ནང་ཁེ་ན་ཌ་དང་ཧྥ་རན་སི། འཇར་མན་ནི། ཨི་ཊ་ལི། ཉི་ཧོང་། དབྱིན་ཡུལ། ཨ་རི། དེ་བཞིན་ཡོ་རོབ་མཐུན་ཚོགས་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུ་དེ་ཚོགས་ཐེངས་ ༤༩ པ་དེ་ཆགས་ཀྱི་ཡོད་པ་རེད།

ལྷག་དོན་སྐབས་དེར་ G7 ལྷན་ཚོགས་དང་འབྲེལ་བའི་གཞུང་འབྲེལ་གྱི་སྤྱི་བསྒྲགས་སྤེལ་བའི་ནང་ཕྱི་སྲིད་བློན་ཆེན་རྣམས་ཀྱིས་རྒྱ་གཞུང་གི་དབང་བསྒྱུར་འོག་ཡོད་པའི་བོད་དང་ཤིན་ཅང་ནང་གི་གནས་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་ཆེས་ཆེར་བསྟན་པ་དང་སྦྲགས་ཏེ། རྒྱ་གཞུང་གིས་སྤེལ་བཞིན་པའི་དྲག་གནོན་གྱི་ལས་གཞི་རྣམས་འཕྲལ་མར་མཚམས་འཇོག་དགོས་པའི་སྐུལ་མ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།