ཉི་ཧོང་གི་ Hokkaido Shimizu ཧོཀ་ཀེའི་ཌོ་ཤི་མི་ཛུ་གྲོང་སྡེའི་སྤྱི་ཁྱབ་པ་ Yasuhiro Tsuji ཡ་སུ་ཧི་རོ་ཚུ་ཇི་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོ་ཁག་ཞིག་ཉེ་ལམ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་པ་བློ་བཟང་ཆོས་གྲགས་ལགས་དང་མཇལ་འཕྲད་ཀྱིས་ཁུལ་དེའི་ཞིང་པ་ཚོའི་ཚབ་བྱས་ཏེ་ས་གནས་ཀྱི་ལོ་ཏོག་ཐོན་སྐྱེད་ཐོག་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། སྟོན་ཐོག་འབུལ་བཞེས་ཀྱི་ལས་རིམ་དེ་བཞིན་གཟའ་འཁོར་སྔོན་མའི་རེས་གཟའ་ལྷག་པའི་ཉིན་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་དུ་གནང་ཡོད་པ་དང་། སྐབས་དེར་ཉི་ཧོང་གི་ཧོཀ་ཀེའི་ཌོ་ཤི་མི་ཛུ་གྲོང་སྡེའི་སྤྱི་ཁྱབ་པ་ཡ་སུ་ཧི་རོ་ཚུ་ཇི་ལགས་དང་ལྷན་དུ་ Shimizu JA Agriculture Cooperative ཤི་མི་ཛུ་སོ་ནམ་མཉམ་འབྲེལ་གྱི་ཚོགས་གཙོ་ Noriyuki Konno ནཱོ་རི་ཡུ་ཀི་ཀོན་ནཱོ་ལགས་དང་། སོ་ནམ་སློབ་སྟོན་པ་ Kazuyuki Togashi ཀ་ཛུ་ཡུ་ཀི་ཏོ་ག་ཤི་ལགས། སོ་ནམ་དང་ནགས་ཚལ་སྡེ་ཚན་གྱི་འགན་འཛིན་ Sato Kazunari ས་ཏོ་ཀ་ཛུ་ནཱ་རི་ལགས་བཅས་ཆེད་ཕེབས་ཀྱིས། ཁུལ་དེའི་གྲོ་དང་སྒོག་པའི་ལོ་ཏོག་ཐོན་སྐྱེད་ཐོག་མ་སྲོལ་རྒྱུན་གྱི་ཤིང་སྒམ་དང་རས་ཀྱི་ནང་བཏུམས་ཏེ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབུལ་བཞེས་གནང་འདུག
ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་བློ་བཟང་ཆོས་གྲགས་ལགས་ཀྱིས། ཧོཀ་ཀེའི་ཌོ་ཤི་མི་ཛུ་གྲོང་སྡེའི་ས་གནས་ཞིང་པ་ཚོའི་འབུལ་བ་རྣམས་བཞེས་ཏེ་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་སྐུའི་འཕྲོད་བཞེས་གསལ་ཐང་ཡིན་པ་སྙན་སེང་ཞུས་ཏེ། ས་གནས་ཞིང་པ་ཚོའི་སྟོན་ཐོག་འབུལ་བ་རྣམས་༸གོང་ས་༸སྐྱབས་མོགན་ཆེན་པོ་མཆོག་ལ་མགྱོགས་མྱུར་འབུལ་ཐུབ་པ་གནང་རྒྱུའི་ཁས་ལེན་ཞུས་པ་དང་ཆབས་ཅིག །སྐུ་ཚབ་ཚོ་ཁག་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གནང་བ་དང་། དེ་བཞིན་ཉི་ཧོང་གི་སྐད་དུ་ཡིག་བསྒྱུར་ཟིན་པའི་༸གང་ཉིད་མཆོག་གི་ལྗགས་རྩོམ་གནང་བའི་ཕྱག་དེབ་ Voice for the Voiceless བོད་དང་བོད་མིའི་མགྲིན་ཚབ་ཞེས་པ་དེ་རེ་རེ་བཞིན་ཕུལ་འདུག །འདི་ག་རླུང་འཕྲིན་ཁང་གི་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་བློ་བཟང་ཆོས་གྲགས་ལགས་སུ་བཀའ་འདྲི་ཞུས་ཡོད།

རྩ་བའི་སྔ་ལོ་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་ཡང་ཧོཀ་ཀེའི་ཌོ་ཤི་མི་ཛུ་གྲོང་སྡེའི་སྤྱི་ཁྱབ་པ་ Yasuhiro Tsuji ཡ་སུ་ཧི་རོ་ཚུ་ཇི་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོ་ཁག་ཞིག་ནས་སྐབས་དེའི་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་མཇལ་འཕྲད་ཀྱིས། ༸སྐུའི་གོ་སྟོན་ལ་རྟེན་འབྲེལ་ཞུ་ཆེད་ས་གནས་ཀྱི་ཐོན་སྐྱེད་སྲན་མ་སྣ་ག་མི་འདྲ་བ་ཁག་གཅིག་འབུལ་བ་ཚུལ་དུ་སྐུ་ཚབ་དོན་གཅོད་བརྒྱུད་༸གང་ཉིད་མཆོག་ལ་ཕུལ་ཡོད་པ་མ་ཟད། སྐབས་དེ་དུས་དམིགས་བསལ་གྱི་གོ་སྟོན་ལས་རིམ་དང་འབྲེལ་ནས། ཤི་མི་ཛུ་གྲོང་སྡེའི་བྱིས་པ་ཚོས་བྲིས་པའི་༸སྐུའི་འཁུངས་སྐར་གྱི་འཚམས་འདྲིའི་ཡིག་འཕྲིན་ཡང་མཉམ་དུ་ཕུལ་ཡོད་པ་རེད། ལྷག་པར་དུ་སྔ་ལོ་ཕྱི་ཟླ་ ༥ པའི་ཚེས་ ༤ ཉིན་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ཤི་མི་ཛུ་གྲོང་སྡེ་དང་ཁུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་དང་ལྷན་དུ་མཉམ་རུབ་ཐོག་༸སྐུའི་གོ་སྟོན་སྲུང་བརྩིའི་ལས་རིམ་གྱི་ཆ་ཤས་སུ་ཤི་མི་ཛུ་གྲོང་སྡེའི་སྐྱེད་ཚལ་ནང་ Cherry Trees སེའུ་སྡོང་པོ་ ༡༡༣ འདེབས་འཛུགས་གནང་ཡོད་པ་དང་། སྐབས་དེར་ཤི་མི་ཛུ་གྲོང་སྡེའི་སྤྱི་ཁྱབ་པ་ Yasuhiro Tsuji ཡ་སུ་ཧི་རོ་ཚུ་ཇི་མཆོག་གིས། སེའུ་སྡོང་པོ་ ༡༡༣ འདེབས་འཛུགས་བྱས་པ་དེས་ཉི་ཧོང་དང་བོད་མི་རིགས་དབར་གྱི་མཛའ་མཐུན་གྱི་འབྲེལ་བ་དུས་རྟུག་གནས་རྒྱུའི་མཚོན་རྟགས་ཡིན་པ་མ་ཟད། དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་དང་། བྱམས་སྙིང་རྗེ། འཚེ་བ་མེད་པའི་བཀའ་སློབ་ཁྱབ་སྤེལ་འགྲོ་བར་སྐུལ་འདེད་ཅིག་ཏུ་འགྱུར་བའི་རེ་བ་ཡོད་པ་གསུངས་ཡོད་པ་རེད།
སྤྱིར་ཉི་ཧོང་ཤི་མི་ཛུ་གྲོང་སྡེའི་སྤྱི་ཁྱབ་པ་ Yasuhiro Tsuji ཡ་སུ་ཧི་རོ་ཚུ་ཇི་མཆོག་གིས་ས་གནས་ཀྱི་ལོ་ཏོག་ཐོན་སྐྱེད་འབུལ་བཞེས་ཀྱི་ཐོག་མའི་དམིགས་ཡུལ་དེ། ཁུལ་དེའི་སོ་ནམ་ཞིང་ལས་པ་ཚོའི་སྤུས་ཚད་ལྡན་པའི་ལོ་ཏོག་ཐོན་སྐྱེད་རྒྱལ་སྤྱིའི་ཁྲོད་དྲིལ་བསྒྲགས་ཡོང་ཆེད་དང་། ཕྱོགས་ཕན་ཚུན་འབྲེལ་ལམ་གོང་མཐོར་གཏོང་རྒྱུ། དེ་བཞིན་ཤི་མི་ཛུ་གྲོང་སྡེའི་སྟོན་ཐོག་གི་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུ་སོགས་ཡིན་པ་དང་། སྔ་ལོར་འགོ་འཛུགས་གནང་བའི་སྟོན་ཐོག་འབུལ་བཞེས་ཀྱི་ཐོག་མའི་འབུལ་ཡུལ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་བླ་ཆེན་ Pope གཉིས་ཡིན་པ་རེད།







