རྒྱ་ནག་གི་༼བརྒྱད་གཅིག་དམག་དོན་དུས་ཆེན་༽ཟེར་བའི་ཉིན། ལི་ཐང་དུ་འཚོགས་པའི་སྤྱི་ལེ་ ༤༢ ཅན་གྱི་རྟ་རྒྱུགས་མཛད་སྒོའི་སྐབས། རྒྱ་ནག་གི་རྒྱལ་དར་འཕྱར་བ་དང་། རྒྱུགས་རྟ་ཞིག་དབུགས་ཆད་ནས་ཤི་བའི་གནས་ཚུལ་ཐོན་པར་བོད་མི་མང་པོས་སྐྱོན་བརྗོད་དང་བློ་ཕམ་གྱི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་པ་རེད་འདུག

དེ་ཡང་ཉེ་ཆར་ཟླ་བ་འདིའི་ཚེས་ ༡ ཉིན། རྒྱ་ནག་གི་བརྒྱད་གཅིག་དམག་དོན་དུས་ཆེན་ཟེར་བ་དང་བསྟུན་ནས། ཁམས་ལི་ཐང་ནང་དུ་སྤྱི་ལེ་ ༤༢ ཅན་གྱི་རྟ་རྒྱུགས་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། དེའི་ཐོག་འགྲན་ཞུགས་པ་ཁ་ཤས་ཀྱིས་རྒྱ་ནག་གི་རྒྱལ་དར་འཕྱར་ནས་མཛད་སྒོ་འགོ་བཙུགས་པའི་བརྙན་ཐུང་དྲྭ་ལམ་དུ་ཁྱབ་སྤེལ་ཕྱིན་འདུག་ཅིང་། ཐེངས་འདིའི་རྟ་རྒྱུགས་སྐབས་རྒྱུགས་རྟ་ཞིག་དབུགས་ཆད་ནས་ཤི་བའི་གནས་ཚུལ་ཡང་ཁྱབ་སྤེལ་བྱུང་བར་བོད་མི་མང་པོས་སྐྱོན་བརྗོད་དང་བློ་ཕམ་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་འདུག
གནད་དོན་དེ་དང་འབྲེལ་བའི་བརྙན་ཐུང་དྲྭ་ལམ་དུ་ཁྱབ་སྤེལ་ཤུགས་ཆེ་འགྲོ་བཞིན་པའི་ནང་། རྒྱུགས་རྟ་དེ་དབུགས་ཆད་གྲབས་ཡོད་པའི་སྐབས་སུ་རྟ་གཞོན་མཁན་གྱི་རྒྱུག་པ་ཤར་བཞིན་པ་མངོན་རྒྱུ་ཡོད་པ་དང་འབྲེལ། བོད་ནང་གི་སྤྱི་ཚོགས་དྲྭ་ལམ་ཐོག་སྐྱོན་བརྗོད་དང་བློ་ཕམ་གྱི་འཕྲིན་ཐུང་སྤེལ་བ་མ་ཟད། དེ་ནི་མི་སྤྱོད་ལས་འདས་པ་དང་། དངུལ་དང་མཚན་སྙན་གྲགས་རང་ལ་དམིགས་པའི་ལས་རིམ་ཞིག་ཡིན་སྐོར་དང་འབྲེལ། སྤྱི་ལེ་ ༤༢ ཀྱི་རྟ་ཡིས་ཚེ་སྲོག་འཕྲོག་མཁན་གྱི་རྟ་རྒྱུགས་འགྲན་རྩོད་འདི་འཚོགས་རྒྱུ་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་འདོན་བཞིན་འདུག
གནས་ཚུལ་མཁོ་སྤྲོད་པས་གསུངས་ན། སྔོན་ཆད་དེང་སང་ལྟ་བུའི་མཐུན་རྐྱེན་མེད་ནའང་ས་གཙང་ཡུལ་གྱི་རྟ་རྒྱུགས་གཙང་མ་མཐོང་གིན་ཡོད། ཡིན་ནའང་དེང་སང་མཐུན་རྐྱེན་ལྡབ་འགྱུར་ཡག་ཏུ་སོང་ནའང་མིག་ལ་མི་མཛེས་པ་ཡིད་མི་འཚམ་པ་མང་པོ་མཐོང་རྒྱུ་འདུག་ཅེས་འགྲེལ་བརྗོད་གནང་སོང་།
རྩ་བའི་ལི་ཐང་གི་རྟ་རྒྱུགས་ནི་བོད་ཁུལ་དུ་སྐད་གྲགས་ཆེ་བའི་སྲོལ་རྒྱུན་རྩེད་འགྲན་ཞིག་ཡིན་པ་དང་། ལོ་ལྟར་བོད་ཀྱི་ས་ཁུལ་མང་པོ་ནས་རྟ་རྒྱུགས་ལ་ཞུགས་མཁན་དང་གཟིགས་མོ་བ་མང་པོ་འཛོམས་ཀྱི་ཡོད། ཉེ་བའི་ལོ་ཤས་ནང་མཛད་སྒོ་དེའི་ཐོག་རྒྱ་རིགས་གཟིགས་མོ་བ་དང་ཕྱི་རྒྱལ་ནས་ཡོང་བའི་སྐུ་མགྲོན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
ད་ལྟ་སྤྱི་ཚོགས་དྲྭ་ལམ་ཐོག་དེའི་སྐོར་གླེང་སློང་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད། བོད་ནང་གི་སྤྱི་ཚོགས་དཔྱད་བརྗོད་པ་ཞིག་གིས། འཛམ་གླིང་གི་རྟ་རྒྱུགས་འགྲན་སྡུར་མང་པོའི་ནང་། མྱུར་ཚད་རྟ་རྒྱུགས་ཀྱི་རྒྱུག་ཐག་རིང་ཤོས་སྤྱིར་བཏང་སྨི་ ༨༠༠༠ ལས་མི་བརྒལ་བ་དང་། རྟ་ལ་མུ་མཐུད་དུ་མྱུར་རྒྱུག་བཙན་གྱིས་བྱེད་བཅུག་ན། རུས་ཆག་པ་དང་གློ་བའི་ཁྲག་ཐོན་པ་སོགས་ཀྱི་རྨས་སྐྱོན་བྱུང་སྲིད་ཅེས་བརྗོད་འདུག
ཁོང་གིས་ད་དུང་རྟ་ཡིས་མྱུར་ཚད་མཐོ་བའི་གནས་བབ་ཏུ་སྤྱི་ལེ་ ༡༠ ལས་བརྒལ་ནས་རྒྱུགས་ན། ལུས་ཀྱི་དྲོད་ཚད་ ༤༠°C ཡན་དུ་འཕར་སྲིད་ལ། མུ་མཐུད་དུ་རྒྱུགས་ན་ཚ་ནད་དང་། ཆུ་ཤོར་བ། ནང་ཁྲོལ་ཉམས་པ་སོགས་བྱུང་ནས་སྲོག་ལ་ཉེན་ཁ་ཡང་འབྱུང་སྲིད་པ་དེ་ནི་རང་བྱུང་གི་ལུས་ཁམས་ཀྱི་སྒྲིག་ལམ་ཡིན་པ་ལས། སེམས་ཤུགས་ཀྱིས་བརྒལ་ཐུབ་པ་ཞིག་མ་རེད་ཅེས་བརྗོད་འདུག
ཡིན་ནའང་བོད་ནང་གི་རྩོམ་པ་པོ་ཞིག་གིས། རྟ་རྒྱུགས་ནི་བོད་མིའི་མི་རིགས་རིག་གནས་ཀྱི་གལ་ཆེའི་ཆ་ཤས་ཤིག་ཡིན་པ་དང་། དེ་དང་འབྲེལ་བའི་མཚོན་རྟགས་དང་དར་ཆ་འཕྱར་ན་གཟི་བརྗིད་ཡོད་པ་ལས། མི་རིགས་རིག་གནས་དང་མི་མཐུན་པའི་རྣམ་པ་མང་པོ་མཐོང་བ་ནི་བློ་ཕམ་བྱེད་གཞི་ཞིག་རེད་ཅེས་བརྗོད་འདུག
རྟ་རྒྱུགས་གོ་སྒྲིག་བྱེད་མཁན་ཞིག་གིས་ཀྱང་། བོད་ཁུལ་གྱི་རྟ་རྒྱུགས་ནི་མེས་པོའི་རིག་གནས་ཀྱི་ཤུལ་བཞག་དང་མི་རིགས་ཀྱི་སེམས་ཤུགས་མཚོན་རྟགས་ཡིན་ནའང་། འགྲན་སྡུར་གོ་སྒྲིག་ནང་ཚད་ལས་བརྒལ་བའི་རྒྱུག་ཐག་དང་རྟའི་བདེ་ཐང་ལ་གནོད་པའི་གནས་སྟངས་ལ་དོ་སྣང་ཆེན་པོ་བྱེད་དགོས་ཞེས་བརྗོད་འདུག
ཁོང་གིས་འགྲན་ཞུགས་སྔོན་ལ་རྒྱུགས་རྟའི་ལུས་ཁམས་ལ་ཆེད་ལས་ཀྱི་ཞིབ་བཤེར་ནན་ཏན་བྱས་ཏེ། སྙིང་འཕར་ཚད་དང་། དབུགས་རྒྱུ། ལུས་ཀྱི་དྲོད་ཚད་སོགས་ཚད་གཞི་ལོན་པའི་རྟ་ཁོ་ན་འགྲན་ཞུགས་བྱེད་ཆོག་པ་དང་། འགྲན་སྡུར་ལ་མི་འཚམ་པའི་རྟ་རྣམས་ཞུགས་མི་ཆོག་ཅེས་བསམ་འཆར་བཏོན་འདུག
“བརྒྱད་གཅིག་དམག་དོན་དུས་ཆེན” ཞེས་པ་ནི། ཕྱི་ལོ་ ༡༩༢༧ ཟླ་ ༨ ཚེས་ ༡ ཉིན་ནན་ཁྲང་ངོ་ལོག་ (南昌起义) བྱུང་བ་དེ་རྒྱ་ནག་གུང་ཁྲན་ཏང་གི་དམག་དཔུང་གསར་འཛུགས་ཀྱི་གལ་ཆེའི་འགོ་འཛུགས་སུ་རྩིས་པའི་རྗེས་སུ། ཟླ་ ༨ ཚེས་ ༡ ཉིན་དེ་དམག་དཔུང་བཙུགས་པའི་དྲན་གསོའི་ཉིན་མོར་གཏན་འབེབས་བྱས་པ་ཞིག་ཡིན། ལི་ཐང་གི་རྟ་རྒྱུགས་ཆེན་པོ་ཡང་ཉེ་བའི་ལོ་ཤས་ནས་ཟླ་ ༨ ཚེས་ ༡ ཉིན་ལ་གཞུང་འབྲེལ་དུ་གཏན་ཁེལ་བྱས་པ་ཞིག་རེད་འདུག

གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཀྱི་སྲོལ་རྒྱུན་བྱེད་སྒོ་ཁག་ལ་དམ་དྲག་དང་དེར་རྒྱ་ནག་གི་ཁྱད་ཆོས་གྱི་བཟོ་ལྟ་སྤྲད་ཐབས་དང་། བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་གཏང་ཆེད་བོད་མིའི་ཆོས་དང་རིག་གཞུང་གིས་ལྟེ་གནས་དང་བྱེད་སྒོ་ཁག་འགྲེམས་སྟོན་གྱི་ཚུལ་དུ་སྟོན་ཐབས་བྱེད་བཞིན་པའི་གནས་ཚུལ་རིམ་པ་ཐོན་པའི་ཁྲོད། ཉེ་ཆར་ཁམས་ཡུལ་ཤུལ་ཁུལ་གྱི་རྟ་རྒྱུགས་དུས་སྟོན་སྐབས་དུས་སྟོན་གྱི་སྒོ་བྱང་ཡོངས་རྫོགས་རྒྱ་ཡིག་ཁོ་ནའི་ཐོག་བྲིས་པར་བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་ཚོགས་ནས་སྐྱོན་བརྗོད་ཀྱིས་བློ་ཕམ་གསལ་སྟོན་གནང་བ་བྱུང་ཡོད་པ་མ་ཟད། དེ་སྔ་ཕྱི་ལོ་ ༢༠༡༧ ལོའི་ཡུལ་ཤུལ་རྟ་རྒྱུགས་དུས་ཆེན་གྱི་སྐབས་སུ་ས་གནས་བོད་མིས་རྒྱ་གཞུང་གི་རྟ་རྒྱུགས་དུས་ཆེན་དེ་ཆབ་སྲིད་དྲིལ་བསྒྲགས་དུས་ཆེན་དུ་འགྱུར་བཞིན་པ་གསུངས་ཡོད་པ་རེད།
མ་ཟད་ཉེ་བའི་ཆར་ CNN གསར་ཁང་དང་བོད་གནས་ལྟ་ཞིབ་ཁང་གཉིས་ཀྱིས་བོད་ཁམས་ཕྱོགས་ནས་བཙན་བྱོལ་ལ་འབྱོར་བའི་བོད་མི་ཞིག་ལ་དམིགས་བསལ་བཅར་འདྲི་ཞུས་པའི་གནས་ཚུལ་སྤེལ་བའི་ནང་དུ། ཁོང་གིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོའི་ལོ་མཇུག་ཙམ་ལ་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་གླིང་དགོན་དུ་སྨིད་ ༩༩ ཅན་གྱི་སྟོན་པའི་སྐུ་བརྙན་དང་མ་ཎི་འཁོར་ལོ་གྲངས་ ༤༥ དེ་བཞིན་ཉེ་འཁྲིས་སུ་ཡོད་པའི་ཐོག་བརྩེགས་གསུམ་ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་དང་གཙུག་ལག་ཁང་གཏོར་བཤིག་བཏང་རྗེས། ད་ཆ་ས་ཚིགས་དེ་བཞིན་རྟ་རྒྱུགས་ཐང་དུ་བསྒྱུར་ཡོད་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་གཞུང་གིས་བོད་ནང་དུ་མི་རིགས་མཉམ་བསྲེས་ཀྱི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཁྲོད། ད་ལྟའི་ཆར་བོད་པའི་ལོ་ཆུང་བྱིས་པ་རྣམས་བོད་སྐད་ཡང་རྒྱག་ཐུབ་ཀྱི་མེད་པའི་གནས་སྟངས་འོག་ལྷུང་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།




