Tibetan Royal Year of 2151 | Year of the Wood Dragon

ལྷོ་ཨ་ཕི་རི་ཀའི་ཛུ་ལུའི་སྲས་འདས་གྲོངས་དང་མོ་རོ་ཀོར་ས་འགུལ་གྱི་གོད་ཆག་ཤུགས་ཆེར་བྱུང་བར་ཐུགས་གསོ།

Tibetan News Headlines

  • In conversation with Geshe Thupten Jinpa on current status and future prospects of Tibetan Buddhism

རེས་གཟའ་ཉི་མ། ༢༠༢༤།༠༦།༣༠

  • བོད་བརྒྱུད་ནང་བསྟན་གྱི་མ་འོངས་གནས་བབ་སོགས་དང་འབྲེལ་ནས་གླེང་མོལ།

ཁ་ཉིན་ཕྱི་ཚེས་ ༩ ཉིན་ ལྷོ་ཨ་ཕི་རི་ཀའི་ཛུ་ལུའི་སྲས་དང་ཡུལ་དེའི་གྲོས་ཚོགས་འཐུས་མི་ཡུན་རིང་གནང་མྱོང་ཡོད་པ་སྲས་སྐུ་ཞབས་ Mangosuthu Buthelezi མཆོག་དགུང་གྲངས་ ༩༥ ཐོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་སྐུ་འཁོར་ལྷན་རྒྱས་དང་གདུང་སེམས་མཉམ་བསྐྱེད་ཞུ་མཁན་ཡོངས་ལ་ཐུགས་གསོ་དང་ཐུགས་སྨོན་མཛད་འདུག

༸གོང་ས་མཆོག་གིས་གསུང་འཕྲིན་ནང། མགོན་པོ་༸གང་ཉིད་མཆོག་གིས་དམ་པ་ཁོང་དང་ཐེངས་ཁ་ཤས་མཇལ་འཕྲད་མཛད་མྱོང་ཡོད་པ་མ་ཟད། དམ་པ་ཁོང་ནི་མགོན་པོ་༸གང་ཉིད་མཆོག་དང་བོད་མི་རྣམས་ལ་སེམས་ཉེ་བའི་གྲོགས་པོ་ཞིག་ཡིན་ཞེས་བཀའ་སྩལ་བ་དང་ཆབས་ཅིག དམ་པ་ཁོང་དགུང་གྲངས་ ༩༥ བར་སྐུ་འཚོ་བཞུགས་གནང་བའི་རིང་ལ་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་ཡོད་ཅེས་བཀའ་སྩལ་འདུག

ད་དུང་༸གོང་ས་མཆོག་གིས་སྲས་སྐུ་ཞབས་ Mangosuthu དམ་པ་མཆོག་སྐུ་འཚོ་ཞིང་གཞེས་པའི་སྐབས་སུ་ཁོང་གིས་རྟག་ཏུ་བོད་ཀྱི་ཆེ་མཐོང་དང་རང་དབང་སླད་ཐུགས་སྣང་ཆེན་པོས་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ་ནས་ང་ཚོའི་ངོས་ནས་དུས་ད་ལྟའང་ཁོང་གི་བཀའ་དྲིན་དྲན་བཞིན་ཡོད་ཅེས་བཀའ་སྩལ་ཡོད།

གསུང་འཕྲིན་གྱི་མཇུག་ཏུ་༸གོང་ས་མཆོག་གིས་ལྷོ་ཨ་ཕི་རི་ཀའི་ཛུ་ལུའི་སྲས་དམ་པ་ཁོང་ལ་ཐུགས་གསོ་དང་བཅས་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

གཞན་ཡང་། ཉེ་ལམ་རེས་གཟའ་པ་སངས་ཀྱི་མཚན་མོར་གླིང་ཕྲན་ཨ་ཕི་རི་ཀ་བྱང་ཕྱོགས་སུ་ཆགས་པའི་ Morocco རྒྱལ་ཁབ་ནང་ས་འགུལ་རིམ་པ་ ༦༌༨ བརྒྱབ་ཏེ་ད་བར་མི་གྲངས་ ༢༡༠༠ ལྷག་གི་ཚེ་སྲོག་ཤོར་བ་དང་མང་ཚོགས་ཁྲི་ཚོ་བརྒལ་བར་རྨས་སྐྱོན་དང་སྡོད་ཁང་སོགས་གཏོར་བཅོམ་གྱིས་གོད་ཆག་གི་ངལ་བ་ཆེས་ཆེར་འཕྲད་པའི་གནས་ཚུལ་ཐོན་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོད་ཆག་ཕོག་ཡུལ་གྱི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་འདས་པོར་ཐུགས་སྨོན་བཅས་ཀྱི་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

ཐུགས་གསོའི་གསུང་འཕྲིན་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོ་རོ་ཀོ་གཞུང་གིས་ས་ཡོམ་ཕོག་ཡུལ་གྱི་ས་ཚིགས་གཙོ་ཁག་ཏུ་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་ཡོད་པ་མཁྱེན་རྟོགས་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག དེའི་ཐོག་རྒྱལ་སྤྱིའི་སྒྲིག་འཛུགས་གཞན་ཚོས་ཀྱང་རོགས་སྐྱོར་གནང་བཞིན་པ་ནི་སྙིང་སྟོབས་འཕེལ་ཞིག་ཀྱང་ཡིན་པར་བཀའ་སྩལ་འདུག

དེ་བཞིན་༸གོང་ས་མཆོག་གིས་ས་འགུལ་གྱི་འཇིག་པའི་ཁྲོད་བཟོད་གླགས་མེད་པའི་ངལ་བ་འཕྲད་པའི་མོ་རོ་ཀོ་མང་ཚོགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་ཆེད་ཞལ་འདེབས་གསོལ་སྩལ་མཛད་རྒྱུ་ཡིན་ཞེས་བཀའ་སྩལ་བ་དང་སྦྲགས་ཏེ་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།