- Advertisement -spot_img

TAG

༸གོང་ས་མཆོག་གིས་མོན་གྷོོ་གཏན་སློབ་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་བཀའ་སློབ་བསྩལ་བ།

༸གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གསར་པ་དབུ་འབྱེད་རབ་གནང་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡༢ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དགོན་པའི་ཡ་གྱལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གསར་པ་དབུ་འབྱེད་རབ་གནས་དང་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་སྟེགས་ཐོག་༸ཞབས་སོར་བདེ་བར་འཁོད་མཚམས་སུ་གྲྭ་ཚང་གིི་བླ་མ་གཞུང་ལེན་པ་དགེ་བཤེས་སྐལ་བཟང་ལགས་ནས་ཕེབས་བསུའི་གསུང་བཤད་གནང་བ་དང་གྲྭ་ཚང་གི་ཚན་རིག་ལས་བྱེད་དགེ་སློང་ཐུབ་བསྟན་ཚེ་རིང་ལགས་ཀྱིས་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་ངོ་སྤྲོད་དང་། ༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་ལྟེ་གནས་ཁང་དེའི་དམིགས་ཡུལ་དང་ལས་འཆར་སྐོར་སྙན་སྒྲོན་ཞུས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཚན་རིག་ལས་འཆར་དང་འབྲེལ་ཡོད་སློབ་ཁྲིད་གནང་མཁན་ཚང་མར་ལེགས་གསོའི་བསྔགས་བརྗོད་གནང་སོང་། དེ་བཞིན་མགོན་པོ་མཆོག་གིས་འཛམ་གླིང་གི་མི་འབོར་དུང་ཕྱུར་ ༧༠ ཡོད་པ་དེ་དག་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཡང་དུས་ཡུན་རིང་པོའི་ནང་དཔལ་འབྱོར་གྱི་འགྲན་རྩོད་དང་དམག་འཁྲུག མུ་གེ།  རྡུལ་ཕྲན་མཚོན་ཆའི་འཇིགས་སྣང་བཅས་ཀྱི་འོག་གནས་ཡོད་པ་དང་དེང་སྐབས་དུས་རབས་ ༢༠ པའི་རྗེས་ནས་མི་ཚང་མས་ཞི་བདེ་དོན་གཉེར་གནང་བཞིན་ཡོད་པ་རེད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག ཞི་བདེ་ནི་གཙོ་བོ་ནང་སེམས་ནས་ཡོང་དགོས་པ་དང་དེ་ཡང་དཔལ་ན་ལེནྡྲ་ནས་བརྒྱུད་པའི་རྒྱ་གར་མཁས་པའི་སེམས་ཁམས་རིག་པའི་རིག་གཞུང་ཐོག་ནས་ཡོང་རྒྱུར་རེ་བ་ཆེ་ཤོས་ཡིན་པར་བཀའ་བསྩལ་མཛད་ཡོད། ལྷག་པར་མགོན་པོ་༸གང་ཉིད་མཆོག་ནས་ངོས་རང་གིས་ད་བར་རྒྱ་གར་མཁས་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པར་བསླབ་པ་སློབ་གཉེར་བྱས་པར་བརྟེན་ལུས་པོ་འདི་བོད་མི་ཡིན་ཀྱང་སེམས་ཁམས་བརྒྱ་ཆ་ཕལ་ཆེ་བ་རྒྱ་གར་བ་ཆགས་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་རིང་༸གོང་ས་མཆོག་ལ་མགུལ་ཆམ་ཏོག་ཙམ་བཞེས་འདུག་པས་༸གང་ཉིད་མཆོག་གིས་ཞལ་ཤོབ་དང་སྦྲགས་ཏེ་མང་ཚོགས་སོགས་ནས་མགོན་པོ་༸གང་ཉིད་སྐུ་ཚེ་ཡུན་དུ་བརྟན་དགོས་པར་གསོལ་འདེབས་ཞུ་བཞིན་ཡོད་ཀྱང་ཕྱོགས་གཞན་ནས་ཕར་ཚུར་གང་སར་གདན་འདྲེན་ཞུ་བ་དང་ཕྱག་ལས་མང་པོ་སྐུལ་བཞིན་འདུག་སྟབས་༸སྐུ་ཚེ་ཡུན་དུ་བརྟན་དགོས་ན་ཕྱག་ལས་མང་པོ་སྐུལ་རྒྱུ་ཡོད་མ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་ནས་མུ་མཐུད་ཚན་རིག་དང་ནང་ཆོས་བར་ཐོག་མར་འབྲེལ་བ་བྱུང་བའི་བརྒྱུད་རིམ་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་དེ་སྔ་ ༡༩༥༤ ལོར་རྒྱ་ནག་ཏུ་ཕེབས་ཏེ་མའོ་དང་མཇལ་འཕྲད་སྐབས་མའོ་ཡིས་ཆོས་ནི་དུག་རེད་ཅེས་བཤད་པ་མ་ཟད་ཚན་རིག་ཡར་རྒྱས་ཕྱིན་ན་ཆོས་ལུགས་རང་བཞིན་གྱིས་མེད་པར་ཆགས་ཀྱི་རེད་ཅེས་བཤད་ཡོད་ཀྱང་། དེ་ལས་ལྡོག་ཏེ་དེང་སྐབས་ཚན་རིག་འཕེལ་རྒྱས་ཆེན་པོ་ཕྱིན་པའི་དུས་རབས་འདིར་ནང་ཆོས་ནི་ཚན་རིག་དང་མཐུན་པར་འགྲོ་ཐུབ་མཁན་གཅིག་པོ་དེ་ཆགས་ཡོད་པ་བཀའ་ནན་བསྩལ་ཡོད། ཁྱད་པར་དུ་བོད་མི་གཙོ་བོར་བྱས་པའི་ནང་པའི་རྗེས་འཇུག་པ་ཡོངས་ཀྱིས་ནང་ཆོས་ལ་སློབ་གཉེར་གནང་སྟེ་ཤེས་པའི་ཐོག་ནས་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། སང་ཉིན་ཕྱི་ཚེས་ ༡༥ ཉིན་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་བོད་་མིའི་གཞིས་ཁོངས་སུ་ཆགས་པའི་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་ཆོས་ར་གསར་པ་དབུ་འབྱེད་རབ་གནས་དང་བླང་དོར་བཀའ་སློབ་བསྩལ་གནང་གི་འདུག་

༸གོང་ས་མཆོག་གིས་མོན་གྷོ་འདོད་རྒུ་གླིང་དུ་མང་ཚོགས་ལ་ལམ་སྟོན་དང་ཆོས་འབྲེལ་མཛད་པ།

བོད་མིའི་བླ་ན་མེད་པའི་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དགའ་ལྡན་ལྔ་མཆོད་ཉིན་མོ་དང་བསྟུན་སྔ་ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་རའི་ནང་དུ་མོན་གྷོ་འདོ་རྒུ་གླིང་གཞིས་ཁོངས་སློབ་ཕྲུག་དང་སེར་སྐྱ་མི་མང་ཡོངས་ལ་འདི་ཕྱིའི་ལམ་སྟོན་བཀའ་སློབ་དང་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་བཀའ་ཆོས་བསྩལ་གནང་སོང་། ༸གོང་ས་མཆོག་གིས་ཐོག་མར་ང་ཚོ་བོད་མི་རྣམས་བཙན་བྱོལ་དུ་ཡོང་དགོས་དོན་ནི་རང་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་དང་། ཆོས་རིག་སྲུང་སྐྱོབ་ཆེད་དུ་ཡིན་པར་བཀའ་སློབ་བསྩལ་སོང་བ་མ་ཟད་བོད་མིའི་ཐོབ་ཐང་རྩོད་ལེན་དང་ཆོས་རིག་སྲུང་སྐྱོབ་ཆེད་བཙན་བྱོལ་ནང་བོད་མིའི་སློབ་གྲྭ་དང་གཞིས་ཆགས་ཁག་ཟུར་དུ་གསར་འཛུགས་གནང་སྐོར་སོགས་ངོ་སྤྲོད་གནང་བ་དང་ཆབས་ཅིག གཞིས་ཆགས་པ་ཚོས་ཀྱང་དེ་སྔའི་ཞིང་ལས་བྱེད་སྟངས་དེར་ཆོག་ཤེས་ནས་མ་བསྡད་པར་ཡར་རྒྱས་གྱི་རྣམ་པ་ཅན་དུ་བསྐྱོད་དགོས་གལ་ཡིན་པར་ལམ་སྟོན་བསྩལ་ཡོད། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་རྒྱུན་དུ་ཆོས་ལུགས་མཐུན་སྒྲིལ་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ། བོད་ཀྱི་ཆོས་རིག ཁོར་ཡུག་སྲུང་སྐྱོབ་བཅས་ཀུན་ཁྱབ་མཛད་ཁུར་གསུམ་གྱི་སྐོར་བཀའ་བསྩལ་གནང་པ་དང་སྦྲགས། ༸གང་ཉིད་མཆོག་ནས་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བཞག་ཟིན་ཀྱང་བོད་དང་བོད་མི་རིགས་ཀྱི་གནད་དོན་དེ་མགོན་པོ་མཆོག་གི་ཐུགས་ནས་ནམ་ཡང་བློས་གཏོང་གནང་སྲིད་ཀྱི་མ་རེད་ཅེས་བཀའ་བསྩལ་སོང་བ་དང་། དེ་བཞིན་མགོན་པོ་༸གང་ཉིད་ཀྱིས་བོད་ཀྱི་ཁོར་ཡུག་ཐོག་ཐུགས་སྣང་གནངབཞིན་པ་ལྟར་གཞིས་ཆགས་ནང་གཞོན་སྐྱེས་ཚོས་ཁོར་ཡུག་གཙང་སྦྲའི་ཐད་ལ་དོ་སྣང་བྱེད་དགོས་པར་ལམ་སྟོན་གནང་སོང་། ༸གོང་ས་མཆོག་གིས་རྣམ་དཔྱོད་ཁྱད་དུ་འཕགས་པའི་ང་ཚོའི་མེས་པོ་གོང་མ་ཚོས་རྒྱ་གར་འཕགས་པའི་ཡུལ་ནས་གདན་ཞུ་གནང་པའི་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་ཐོུང་མ་ཡིན་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཕྱུག་པོ་དེ་དག་ལ་གཞོན་སྐྱེས་ཕོ་མོ་ཁྱད་མེད་ཚོས་སློབ་གཉེར་གནང་ཐོག་རྒྱུན་འཛིན་གནང་དགོས་གལ་ཡིན་པར་བཀའ་ནན་བསྩལ་ཡོད། ༸གོང་ས་མཆོག་གིས་༸གང་ཉིད་མཆོག་དེང་སྐབས་དགུང་ལོའི་བབ་ལ་གཞིགས་ནས་སྔར་དང་མི་འདྲ་བའི་སྐུ་ཐང་ཆད་བཞིན་ཡོད་པར་བརྟེན་དེང་སྐབས་ཨ་རི་དང་ཡོ་རོབ་སོགས་ཕྱིའི་རྒྱལ་ཁབ་ཁག་་ལ་ཕྱོགས་ཕེབས་རྒྱུའི་མཛད་འཆར་ཁག་བསྐྱང་གནང་རྒྱུ་མིན་སྐོར་བཀའ་བསྩལ་སོང་། དེ་རྗེས༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་བཅས་ལ་ཐེག་ཆེན་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས། སྒྲོལ་མ་བཅས་ཀྱི་རྗེས་གནང་བསྩལ་ཡོད་པ་རེད། མཛད་འཆར་ལྟར་ན་སང་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་འབྲས་སྤུངས་དང་ར་བསྟོད་གྲྭ་ཚང་གི་དགེ་འདུན་པར་བསྙེན་རྫོགས་སྒྲུབ་གནང་རྒྱུ་རེད་འདུག

༸གོང་ས་མཆོག་གིས་མོན་གྷོ་གཏན་སློབ་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་བཀའ་སློབ་བསྩལ་བ།

ཁ་སང་ཚེས་ ༢༢ ཉིན་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ ༥༠ ཐམ་པ་འཁོར་བའི་དུས་དྲན་མཛད་སྒོའི་མགྲོན་གྱི་གཙོ་བོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག བཀའ་ཤག་སྐབས་ ༡༥ སློབ་སྟོན་པ་བཀའ་ཟུར་པདྨ་ཆོས་འབྱོར་མཆོག ཕྱོགས་བཞུགས་སྤྱི་འཐུས་ཁག་ཅིག ལྷོ་སྤྱིས་གཙོས་ལྷོ་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ། ཕྱི་ནང་གི་གནད་ཡོད་སྐུ་མགྲོན་རྣམ་པ། དགེ་སློབ་ཟུར་པ། མོན་གྷོ་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་ལྷན་འཛོམས་ཐོག་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་ ༥༠ ནང་སློབ་གྲྭ་དེར་ཞབས་འདེགས་སྒྲུབ་མཁན་རྣམས་ལ་དྲན་གསོ་དང་ལེགས་གསོའི་བསྔགས་བརྗོད་གནང་པ་དང་སྦྲགས། འདས་པའི་ལོ་ངོ་ ༥༠ རིང་ཐོག་མར་བཙན་བྱོལ་དུ་གྱར་བའི་འཚོ་བ་རྗེས་དྲན་མཛད་པ་དང་ཆབས་ཅིག...

Latest news

Monday 09/11/2026

- Advertisement -spot_img