Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གསར་པ་དབུ་འབྱེད་རབ་གནང་མཛད་པ།

༸གོང་ས་མཆོག་གིས་གདན་ས་དགའ་ལྡན་དུ་བསྐྱང་རྒྱུའི་མཛད་འཆར་ལ་འགྱུར་བ་ཕྱིན་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་སྐྱོང་བཞིན་པའི་ཆོས་འབྲེལ་མཛད་འཆར་ཉིན་མཐའ་མ་ཕྱི་ཚེས་ ༡༦ དང་༡༧ ཉིན་གཉིས་རིང་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དགེ་འདུན་པར་བསྙེན་རྫོག་སྒྲུབ་གནང་རྒྱུའི་མཛད་འཆར་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་དགའ་ལྡན་ཚོགས་ཆེན་དུ་ཕེབས་སྟོན་མཛད་སྒོའི་སྐབས་༸གང་ཉིད་མཆོག་༸སྐུ་ཐང་ཧ་ཅང་ཆད་བཞིན་ཡོད་སྟབས་དགའ་ལྡན་དུ་བསྙེན་རྫོགས་སྒྲུབ་རྒྱུ་དེ་ཕྱིར་འཐེན་གནང་སྟེ་དེའི་ཚབ་ཏུ་ཚེས་ ༡༦ ཉིན་སྔ་ཐོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་ཞིག་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་རེད། འོན་ཀྱང་༸སྐུའི་བླ་སྨན་པས་༸གང་ཉིད་མཆོག་ལ་༸སྐུའི་འཕྲོད་བཞེས་རྟག་དཔྱད་གནང་རྗེས་༸སྐུ་ངལ་གསོ་བཞུགས་མཛད་དགོས་པར་གསོལ་འདེབས་ཞུས་པ་བཞིན་ཁ་སང་ཕྱི་དྲོ་གློ་བུར་དུ་ཆོས་འབྲེལ་མཛད་རྒྱུ་དེ་ཡང་ཕྱིར་འཐེན་གནང་འདུག ཁ་སང་ཕྱི་དྲོ་གདན་ས་འབྲས་སྤུངས་དང་དགའ་ལྡན་གྱི་གྲྭ་ཚང་སོ་སོ་དང་ལྷག་པར་དུ་བླ་སྤྱིའི་ངོས་ནས་༸རྒྱལ་བའི་༸སྐུ་ཕྱྭའི་ཛ་དྲག་གི་ཞབས་རིམ་ཁག་ཅིག་སྒྲུབ་གནང་མུས་ཡོད་པ་དང་། གདན་ས་འབྲས་སྤུངས་ཚོགས་ཆེན་མདུན་ཐང་དུ་མཁན་ལས་ཟུར་དང་བླ་སྤྲུལ་དགེ་འདུན་ཡོངས་ནས་འཕགས་བསྟོད་སོགས་དམིགས་བསལ་ཞབས་རིམ་ཁག་ཅིག་གསོག་སྒྲུབ་གནང་བཞིན་འདུག དེ་དང་ཕྱོགས་མཚུངས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ངོ་ནས་ཀྱང་ལྷ་མོའི་སྤྲོས་གསོལ་དང་གྲྭ་མང་ནས་སྒྲོལ་མ་མཚན་འདོན་གནང་ཡོད་པ་མ་ཟད། ཤར་རྩེ་གྲྭ་ཚང་འདུས་མང་ནས་གནས་བརྟན་ཕྱག་མཆོད་དང་རྣམ་རྒྱལ་ཚེ་མཆོག་གི་ཆོ་གའི་སྒོ་ནས་ཞབས་རིམ་སྒྲུབ་གནང་ཡོད་པ་དང་། དེ་བཞིན་རྭ་སྟོད་གྲྭ་ཚང་ནས་འཕགས་བསྟོད་དང་༸རྒྱལ་བའི་ཞབས་བརྟན་སོགས་ཞབས་རིམ་སྒྲུབ་གནང་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་སང་ཉིན་ཚེས་ ༡༧ སྔ་དྲོ་ཚོུད་ ༩༌༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཚོགས་ཆེན་འདུ་ཁང་ནང་སེར་སྐྱ་མང་ཚོགས་ལ་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་གནང་རྒྱུའི་ཞལ་བཞེས་ཐོབ་འདུག་པ་ལྟར་མཛད་འཆར་བསྐྱང་གཏན་འཁེལ་འདུག གནངས་ཚེས་ ༡༨ ཉིན་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་ནས་ཆིབས་གྲུ་བརྒྱུད་ལམ་བར་དུ་མཚན་གཅིག་བཞུགས་ཞག་མཛད་དེ་ཕྱི་ཚེས་ ༡༩ ཉིན་སྦེལ་ཀོབ་བོད་མིའི་གཞིསས་ཆགས་སུ་རྟེན་གཞི་བྱས་པའི་སེ་ར་ཐེག་ཆེན་གླིང་དུ་༸ཞབས་སོར་བདེ་བར་འཁོད་གནང་གི་འདུག

༸གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གསར་པ་དབུ་འབྱེད་རབ་གནང་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡༢ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དགོན་པའི་ཡ་གྱལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གསར་པ་དབུ་འབྱེད་རབ་གནས་དང་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་སྟེགས་ཐོག་༸ཞབས་སོར་བདེ་བར་འཁོད་མཚམས་སུ་གྲྭ་ཚང་གིི་བླ་མ་གཞུང་ལེན་པ་དགེ་བཤེས་སྐལ་བཟང་ལགས་ནས་ཕེབས་བསུའི་གསུང་བཤད་གནང་བ་དང་གྲྭ་ཚང་གི་ཚན་རིག་ལས་བྱེད་དགེ་སློང་ཐུབ་བསྟན་ཚེ་རིང་ལགས་ཀྱིས་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་ངོ་སྤྲོད་དང་། ༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་ལྟེ་གནས་ཁང་དེའི་དམིགས་ཡུལ་དང་ལས་འཆར་སྐོར་སྙན་སྒྲོན་ཞུས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཚན་རིག་ལས་འཆར་དང་འབྲེལ་ཡོད་སློབ་ཁྲིད་གནང་མཁན་ཚང་མར་ལེགས་གསོའི་བསྔགས་བརྗོད་གནང་སོང་། དེ་བཞིན་མགོན་པོ་མཆོག་གིས་འཛམ་གླིང་གི་མི་འབོར་དུང་ཕྱུར་ ༧༠ ཡོད་པ་དེ་དག་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཡང་དུས་ཡུན་རིང་པོའི་ནང་དཔལ་འབྱོར་གྱི་འགྲན་རྩོད་དང་དམག་འཁྲུག མུ་གེ།  རྡུལ་ཕྲན་མཚོན་ཆའི་འཇིགས་སྣང་བཅས་ཀྱི་འོག་གནས་ཡོད་པ་དང་དེང་སྐབས་དུས་རབས་ ༢༠ པའི་རྗེས་ནས་མི་ཚང་མས་ཞི་བདེ་དོན་གཉེར་གནང་བཞིན་ཡོད་པ་རེད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག ཞི་བདེ་ནི་གཙོ་བོ་ནང་སེམས་ནས་ཡོང་དགོས་པ་དང་དེ་ཡང་དཔལ་ན་ལེནྡྲ་ནས་བརྒྱུད་པའི་རྒྱ་གར་མཁས་པའི་སེམས་ཁམས་རིག་པའི་རིག་གཞུང་ཐོག་ནས་ཡོང་རྒྱུར་རེ་བ་ཆེ་ཤོས་ཡིན་པར་བཀའ་བསྩལ་མཛད་ཡོད། ལྷག་པར་མགོན་པོ་༸གང་ཉིད་མཆོག་ནས་ངོས་རང་གིས་ད་བར་རྒྱ་གར་མཁས་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པར་བསླབ་པ་སློབ་གཉེར་བྱས་པར་བརྟེན་ལུས་པོ་འདི་བོད་མི་ཡིན་ཀྱང་སེམས་ཁམས་བརྒྱ་ཆ་ཕལ་ཆེ་བ་རྒྱ་གར་བ་ཆགས་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་རིང་༸གོང་ས་མཆོག་ལ་མགུལ་ཆམ་ཏོག་ཙམ་བཞེས་འདུག་པས་༸གང་ཉིད་མཆོག་གིས་ཞལ་ཤོབ་དང་སྦྲགས་ཏེ་མང་ཚོགས་སོགས་ནས་མགོན་པོ་༸གང་ཉིད་སྐུ་ཚེ་ཡུན་དུ་བརྟན་དགོས་པར་གསོལ་འདེབས་ཞུ་བཞིན་ཡོད་ཀྱང་ཕྱོགས་གཞན་ནས་ཕར་ཚུར་གང་སར་གདན་འདྲེན་ཞུ་བ་དང་ཕྱག་ལས་མང་པོ་སྐུལ་བཞིན་འདུག་སྟབས་༸སྐུ་ཚེ་ཡུན་དུ་བརྟན་དགོས་ན་ཕྱག་ལས་མང་པོ་སྐུལ་རྒྱུ་ཡོད་མ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་ནས་མུ་མཐུད་ཚན་རིག་དང་ནང་ཆོས་བར་ཐོག་མར་འབྲེལ་བ་བྱུང་བའི་བརྒྱུད་རིམ་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་དེ་སྔ་ ༡༩༥༤ ལོར་རྒྱ་ནག་ཏུ་ཕེབས་ཏེ་མའོ་དང་མཇལ་འཕྲད་སྐབས་མའོ་ཡིས་ཆོས་ནི་དུག་རེད་ཅེས་བཤད་པ་མ་ཟད་ཚན་རིག་ཡར་རྒྱས་ཕྱིན་ན་ཆོས་ལུགས་རང་བཞིན་གྱིས་མེད་པར་ཆགས་ཀྱི་རེད་ཅེས་བཤད་ཡོད་ཀྱང་། དེ་ལས་ལྡོག་ཏེ་དེང་སྐབས་ཚན་རིག་འཕེལ་རྒྱས་ཆེན་པོ་ཕྱིན་པའི་དུས་རབས་འདིར་ནང་ཆོས་ནི་ཚན་རིག་དང་མཐུན་པར་འགྲོ་ཐུབ་མཁན་གཅིག་པོ་དེ་ཆགས་ཡོད་པ་བཀའ་ནན་བསྩལ་ཡོད། ཁྱད་པར་དུ་བོད་མི་གཙོ་བོར་བྱས་པའི་ནང་པའི་རྗེས་འཇུག་པ་ཡོངས་ཀྱིས་ནང་ཆོས་ལ་སློབ་གཉེར་གནང་སྟེ་ཤེས་པའི་ཐོག་ནས་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། སང་ཉིན་ཕྱི་ཚེས་ ༡༥ ཉིན་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་བོད་་མིའི་གཞིས་ཁོངས་སུ་ཆགས་པའི་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་ཆོས་ར་གསར་པ་དབུ་འབྱེད་རབ་གནས་དང་བླང་དོར་བཀའ་སློབ་བསྩལ་གནང་གི་འདུག་

Latest news

- Advertisement -spot_img