Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་གལ་ཡིན་པ་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་དགོས་ཞེས་གསུངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འབུམ་སྡེ་ལ་གཙོ་བོར་གྱུར་པའི་ཉེ་འཁོར་གྱི་དད་ལྡན་ཆོས་ཞུ་བ་གཅིག་ཁྲི་ལྷག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་བཀྲིན་བསྩལ་བ་དང་འབྲེལ། ནུབ་ལ་རྒལ་ནས་ཤར་མོན་རྟ་དབང་བར་གྱི་ནང་པའི་དགོན་སྡེ་ཁག་ཏུ་བསླབ་པ་སློབ་གཉེར་གནང་བཞིན་པ་ཚོས་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་དགོས་ཞེས་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཨ་སམ་གྱི་གྷོ་ཧ་ཊིའི་གྲོང་ཁྱེར་ནས་ཕེབས་ལམ་བརྒྱུད་ཁ་སང་ཕྱི་དྲོ་འབུམ་སྡེ་ལར་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་ཅིང། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གི་བཞུགས་གནས་ཕོ་བྲང་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་དབུས་པའི་ས་གནས་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཐོག་གསུང་ཆོས་གནང་ཡུལ་གྱི་སངས་རྒྱས་སྐྱེད་ཚལ་དུ་ཞུ་བ་ཚོར་བཀའ་ཆོས་བཀྲིན་བསྩལ་གནང་སོང་། ༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་བཀའ་ཆོས་ཀྱི་དངོས་གཞི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་མ་བསྩལ་གོང་དུ་སྔོན་འགྲོ་ནང་ཆོས་ངོ་སྤྲོད་བསྩལ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ནུབ་ལ་དྭགས་ནས་ཤར་མོན་རྟ་དབང་བར་གྱི་ནང་པའི་དགོན་སྡེ་ཆེ་ཆུང་ཁག་གིས་སངས་རྒྱས་པའི་བསྟན་པ་ཡོངས་རྫོགས་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་དགོས་པ་དང། དེང་སྐབས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ལ་མི་གསོད་ཁྲག་སྦྱོར་རིགས་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་པ་དེ་ནི་གཙོ་བོ་བྱམས་བརྩེའི་བསླབ་བྱ་དང་དེའི་གོ་རྟོགས་ཉུང་དྲག་པའི་དབང་གིས་ཡིན་སྟབས། བྱམས་བརྩེ་ཟེར་བ་དེ་ནི་ཆོས་དད་ཡོད་མེད་ལ་ལྟོས་མེད་འགྲོ་བ་མི་ཚང་མར་དགོས་པ་ཞིག་རེད་ཅེས་བཀའ་སྩལ་བ་དང་འདི་བཞིན་ཚང་མས་བྱམས་བརྩེ་གོང་འཕེལ་གྱི་ཤུགས་སྣོན་བསྐྱོན་དགོས་ཞེས་ནན་སྐུལ་མཛད་ཡོད།

༸གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་ཕྱགས་སྲོལ་དེ་ཕན་ཚུན་གཅིག་གིས་གཅིག་ལ་སྤེལ་དགོས་པའི་བཀའ་བསྩལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཚང་མས་སྟོན་པའི་རྗེས་འབྲང་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་ཕ་མེས་ནས་བརྒྱུད་པའི་སངས་རྒྱས་པའི་ཆོས་ཀྱི་ཕྱགས་སྲོལ་དེ་ཕན་ཚུན་གཅིག་གིས་གཅིག་ལ་སྤེལ་རེས་གནང་དགོས་པའི་སྐུལ་ལྕག་གནང་སོང་། དེ་རིང་ཟླ་ ༨ ཚེས་ ༣༠ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་དུ་བྱ་བའི་གདུལ་བྱ་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ཁག་ཅིག་གཙོས་པའི་ཕྱི་ནང་གི་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ལ་དབུ་མའི་ཤིང་རྟ་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་དབུ་འཛུགས་མ་གནང་གོང་༸གང་ཉིད་མཆོག་གིས་ཆེས་ཐོག་མར་ཆོས་ཞུ་བ་ཚོར་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྟོན་པའི་བཀའ་དྲིན་གྱི་བསྟོད་ཕྱག་གསུང་དོན་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་མཛད་ཁག་སྙིང་བསྡུས་ངོ་སྤྲོད་དང་འབྲེལ། མཉམ་མེད་སྟོན་པ་ཤཱཀྱ་ཐུབ་པ་མཆོག་༸སྐུ་མྱ་ངན་ལས་འདས་ཟིན་ཀྱང་། སྟོན་པའི་གསུང་དེ་དག་དུས་ད་ལྟའང་འཛམ་གླིང་ཐོག་གནས་ཡོད་སྐོར་སོགས་སངས་རྒྱས་ཀྱི་ཁྱད་དུ་འཕགས་པའི་ལྟ་གྲུབ་བཀའ་འགྲེལ་མཛད་པ་དང་ཆབས་ཅིག འདས་པའི་ལོ་ཤས་རིང་ཨེ་ཤེ་ཡ་ནང་པའི་ཡུལ་གྲུ་ཁག་ནས་ཆོས་གྲོགས་མང་པོ་ཞིག་འདིར་ཆེད་བཅར་གྱིས་ནང་པའི་ཆོས་ཀྱི་ཐོག་གོ་བསྡུར་བྱ་རྒྱུའི་གོ་སྐབས་ཤིག་བྱུང་བཞིན་ཡོད་སྟབས། ང་ཚོ་ཚང་མས་གཅིག་གིས་གཅིག་ལ་སྤེལ་རེས་གནང་སྟེ་ཕན་ཚུན་སེམས་ཐག་ཉེས་པོ་ཞིག་ཆགས་ཐུབ་པ་གནང་གལ་ཡིན་སྐོར་བཀའ་སྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་སྟོན་པའི་རྗེས་འབྲང་གཅིག་གྱུར་གནང་སྟེ་ཤེས་གྲུབ་གཉིས་ཀྱི་ཐོག་ནས་ལུང་རྟོགས་གཉིས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་འཐུས་ཚང་ཞིག་གནང་དགོས་པ་ལས་ཕྱི་ལ་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་བཞེངས་པ་དེས་རང་ཉིད་ཀྱི་བསོད་ནམས་བསགས་པ་ཙམ་ལས། བསྟན་པ་རིན་པོ་འཛིན་སྐྱོང་སྤེལ་གསུམ་གསུམ་འཐུས་ཚང་ཞིག་གནང་ཐུབ་ཀྱི་མེད་པའི་བཀའ་སྩལ་དང་སྦྲགས་ཏེ་ཆོས་བརྒྱུད་འཛིན་མཁན་ཚང་མ་སྡེ་སྣོད་གསུམ་གི་ནང་དུ་བསྡུས་ཡོད་སྟབས། ཚང་མས་སྡེ་སྣོད་གསུམ་ལ་ཆེད་གཉེར་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་ཡོད་པ་རེད། ༸གོང་ས་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་དངོས་སུ་དབུ་འཛུགས་མཛད་སྐབས་བཀའ་ཆོས་ཀྱི་ཁྲོད་བཤད་ལས། དེ་སྔ་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་འགྲོ་སྟངས་དེ་ཚགས་ཚུད་པོ་བྱུང་མེད་པ་སོགས་ཀྱི་དཔེ་མཚོན་ཁག་ཅིག་ལུང་འདྲེན་དང་འབྲེལ། ད་ཆ་ང་ཚོ་བོད་གངས་ཅན་པའི་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་ཡག་པོ་གནང་ཚེ་དེ་ནི་དཔལ་ནཱ་ལེཎྡྲེའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཁོ་ན་ཉིད་ཡིན་པ་དང་། དེར་བོད་མི་གཙོས་པའི་ནང་པའི་ཡུལ་གྲུ་དང་དེ་མིན་ཡུལ་གྲུ་གཞན་ཚོའི་ནང་སྤོབས་པ་སྐྱེས་འོས་པ་ཞིག་ཆགས་ཡོད་པས་ནང་པ་ཚོས་དེར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་འཇུག་དགོས་གལ་ཡིན་པ་བཀའ་ནན་སྩལ་སོང་།

༸གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་གལ་ཡིན་པ་བཀའ་བསྩལ་འདུག

དེ་རིང་ཟླ་ ༥ ཕྱི་ཚེས་ ༡༠ ཉིན་སྔ་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉིན་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ཆེད་དུ་བྱ་བའི་འདུལ་བྱ་ཉི་ཧོང་ས་གནས་མི་དམངས་གཙོས། ཐེ་ཝན། སོག་པོ། སིན་གྷ་པུར་དང་ཀོ་རི་ཡ་བཅས་ཀྱི་དད་ལྡན་ཆོས་ཞུ་བ་ ༢༥༠༠ ལྷག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད། ༸གོང་ས་མཆོག་ནས་སྤྱོད་འཇུག་གི་བཀའ་ཆོས་དབུ་འཛུགས་མ་མཛད་གོང་སྔོན་འགྲོའི་ཆོས་བཤད་བཀའ་སློབ་བསྩལ་བའི་ཁྲོད་ཐོག་མར་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་ཆོས་ལུགས་གཞན་དང་ཐུན་མིན་གྱི་ཁྱད་པར་ཅན་ཞིག་ཆགས་ཡོད་སྐོར་ངོ་སྤྲོད་དང་འབྲེལ། ༸གང་ཉིད་མཆོག་གིས་དེ་སྔ་ནང་པ་ཚོར་བཀའ་ཆོས་བསྩལ་སྐབས་ཆོས་ཞུ་བ་ཕལ་མོ་ཆེས་མགོན་པོ་མཆོག་གིས་དྲུང་ནས་བཀའ་དབང་དང་རྗེས་སྣང་ཞུ་རྒྱུར་དོ་དབྱིངས་བྱས་པ་མ་ གཏོགས། གསུང་ཆོས་ཀྱི་བཀའ་འགྲེལ་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད་པ་བཀའ་སྩལ་དང་སྦྲགས། དེ་ནི་ནང་པ་ཚོས་ཤེས་ཡོན་ལ་དོ་སྣང་མ་བྱས་པའི་རྗེས་ལུས་ཀྱི་རྣམ་པ་ཞིག་ཡིན་སྐོར་བཀའ་གནང་སྟེ། དེས་ན་ཆོས་ལུགས་གང་ཞིག་ཡིན་རུང་དེར་སློབ་གཉེར་གནང་གལ་ཆེ་བས་དད་ལྡན་ཆོས་ཞུ་བ་ཚོས་ཀྱང་རང་ཉིད་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྤྱོད་ནས་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་བྱེད་དགོས་གལ་ཡིན་པར་བླང་དོར་ལམ་སྟོན་བསྩལ་འདུག ཉིན་རྒྱབ་ཏུ་༸གོང་ས་མཆོག་གིས་བཀའ་ཆོས་དངོས་གཞི་དབུ་འཛུགས་གནང་པ་དང་འབྲེལ། དད་ལྡན་ཆོས་ཞུ་བ་ཚོར་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་ལས་འཕྲོས་ཏེ་ད་ལྟའི་འཛམ་བུ་གླིང་འདིའི་ཐོག་ཆབ་སྲིད་དང་དཔལ་འབྱོར་གྱི་འགྱུར་གྲོས་རྐྱེན་པས་རྒྱལ་ཁབ་ཕན་ཚུན་དབར་འཁྲུག་འཛིན་དང་མི་གསད་ཁྲག་སྦྱོར་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་སོགས་ཆེས་ཐབས་སྡུག་བྱུང་ཡོད་པའི་གནས་སྟངས་ཁག་༸སྐུ་སྒེར་གྱི་མྱོང་བ་དང་སྦྲགས་ལུང་འདྲེན་གནང་པ་མ་ཟད། དེང་གི་ཆར་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་ཕན་ཚུན་ཞི་མོལ་གྱི་ལམ་ནས་ངལ་བ་དེ་དག་སེལ་དགོས་པ་ལས། དེ་སྔ་ལྟར་གཞན་ཕམ་ཉེས་ཐུབ་པ་བྱུང་ན་དེ་རྒྱལ་ཁ་ངོས་འཛིན་བྱེད་ཀྱི་ཡོད་པ་བཞིན། དེང་གི་དུས་ཚོད་ལ་གཞན་ཕམ་ཉེས་བཏང་པ་དེ་མཚུངས་རང་ཉིད་ཀྱང་མེད་པ་བཟོས་པ་ཞིག་ཆགས་ཡོད་ཅེས་བཀའ་ནན་པོ་བསྩལ་ཡོད་པ་རེད། རྩ་བའི་དེ་རིང་གི་ཆོས་འབྲེལ་ལེགས་གྲུབ་ཟིན་རྗེས་ཉིན་རྒྱབ་ཏུ་ཚོགས་ཁང་དེའི་ནང་ནང་པའི་དགེ་བཤེས་དང་ལོ་ཙཱ་བ་ཁག་ཅིག་བཀོད་སྒྲིག་གིས་ཆོས་ཞུ་བ་རྣམས་ནས་ཐེངས་འདིའི་ཆོས་འབྲེལ་དང་འབྲེལ་བའི་དོགས་འདྲི་དང་སྦྱང་བཤད་གནང་ཡོད་པ་རེད།

Latest news

- Advertisement -spot_img