Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་ཀྱི་ན་གཞོན་ལས་འགུལ་བས་ལྡི་ལིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་གནང་བ།

བོད་ཀྱི་ན་གཞོན་ལས་འགུལ་བས་ལྡི་ལིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་གནང་བ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་རྣམས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་དོན་སྐོར་སྐྱོད་ལ་འབྱོར་བ་དང་བསྟུན་ཁོ་པར་ངོ་རྒོལ་གྱིས་སྐད་འབོད་གནང་འདུག ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་ Galwan ཁུལ་དུ་ཆགས་པའི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་དབར་གདོང་ཐུག་ཤུགས་ཆེ་བྱུང་སྟེ་ཕྱོགས་གཉིས་ཀྱི་དབར་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་རྗེས་སུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཁ་སང་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་དོན་སྐོར་སྐྱོད་ལ་འབྱོར་བ་དང་། དེ་རིང་སྔ་དྲོ་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ Ajit Doval མཆོག་དང་། དེ་རྗེས་ཕྱི་སྲིད་བློན་ཆེན་སྐུ་ཞབས་ S Jaishankar མཆོག་དང་ལྷན་མཇལ་འཕྲད་ཀྱིས་ས་མཚམས་ཀྱི་གནད་དོན་དང་ཡུཀ་རེན་ཐོག་འཛིན་པའི་ལངས་ཕྱོགས་བཅས་ཀྱི་ཐོག་གཞུང་འབྲེལ་གྱི་གྲོས་མོལ་གནང་ཡོད་པ་རེད། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ལ་བོད་མི་ལས་འགུལ་བ་མི་གྲངས་ ༡༠ ལྷག་ནས་གློ་བུར་དུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་གནང་ཡུལ་ Hyderabad House ཞེས་པའི་གསོལ་སྟོན་ཁང་གི་ཕྱི་ཕྱོགས་སུ་ངོ་རྒོལ་གྱིས་སྐད་འབོད་གནང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བཅས་ཁྱོན་ལས་འགུལ་བ་མི་གྲངས་བརྒྱད་ཀྱིས་སྐབས་དེར་རྒྱ་ནག་ནི་བོད་གཙོས་འཛམ་གླིང་ཡོངས་ལ་བཙན་གནོན་དང་། མི་བདེན་རྫུན་སྒྲིག། ཧམ་བཤད་བཅས་བྱེད་མཁན་གྱི་རྒྱལ་ཁབ་གཏེ་པོ་དེ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་མ་ཟད། དེ་རིང་གི་ལས་འགུལ་གོ་སྒྲིག་ཞུ་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དགོས་འདུན་དོན་ཚན་ ༣ ཆེད་བཏོན་གནང་འདུག་པ་དང་། དེའང་ནང་བོད་གཙོ་གྱུར་ཡུ་གུར་དང་ཐེ་ཝན། ཧོང་ཀོང། ནང་སོག་བཅས་ལ་དྲག་པོའི་བཙན་གནོན་བྱེད་བཞིན་པའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ནས་ཁུར་དགོས་པ་དང་། རྒྱ་དཀར་ནག་གི་ས་མཚམས་དཀའ་རྙོག་སེལ་བའི་ཐབས་ཤེས་གཅིག་པོ་ནི་བོད་ཡིན་པར་ངོས་འཛིན་དགོས་པ་དང་ལྷག་པར་བོད་མི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ་བཅས་ཀྱི་དགོས་འདུན་ཆེད་བཏོན་གནང་འདུག  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་དྲུང་སྤེན་པ་ལགས་ཀྱིས་གཙོས་པའི་བོད་མི་ལས་འགུལ་བ་མི་གྲངས་བཅུ་པོ་དེ་དག་གིས་གསོལ་སྟོན་ཁང་གི་མདུན་དུ་སྐད་འབོད་གནང་ཐུབ་ཡོད་ཀྱང་། སྐར་མ་ཁ་ཤས་རྗེས་སུ་ས་གནས་སྐོར་སྲུང་བས་ལས་འགུལ་བ་ཚང་མ་འཛིན་བཟུང་བྱས་ཡོད་སྟབས་ད་ལྟའི་ཆར་ཁོང་རྣམས་ Mandir Marg སྐོར་སྲུང་ལས་ཁུངས་སུ་བཀག་ཉར་གནང་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་ཝང་ཡི་རྒྱ་གར་ནང་གི་ལྟ་སྐོར་དེ་ནི་རྒྱ་དཀར་ནག་གཉིས་དབར་མཐའ་མཚམས་ཀྱི་རྩོད་རྙོག་བྱུང་ནས་ལོ་གཉིས་ཙམ་ཕྱིན་པའི་རྗེས་སུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་རྒྱ་གར་དུ་རྒྱལ་དོན་སྐོར་སྐྱོད་ཡོང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ཁོ་པ་རྒྱ་གར་ལ་མ་ཡོང་བའི་སྔོན་དུ་པ་ཀིསྟན་དང་ཨཕ་གྷ་ནིསྟན་གཉིས་སུ་ཕྱིན་པ་མ་ཟད། དེ་རིང་རྒྱལ་ས་ལྡི་ལི་ནས་བལ་ཡུལ་ལ་བསྐྱོད་འཆར་ཡོད་པ་རེད། ཁོ་པས་པ་ཀིསྟན་ནང་གི་ལྟ་སྐོར་སྐབས་ཀཱཤ་མིར་གྱི་གནད་དོན་ཐོག་འགྲེལ་བརྗོད་བྱེད་སྟངས་མཐུན་མིན་དབང་གིས་རྒྱ་གར་གཞུང་གིས་ཁོ་པའི་མིང་དངོས་འབོད་ཀྱིས་སྐྱོན་བརྗོད་གནང་སྟེ་ཇ་མུ་དང་ཀཱཤ་མིར་ས་ཁུལ་དང་འབྲེལ་བའི་གནད་དོན་རྣམས་རྒྱ་གར་གྱི་ནང་སྲིད་ཀྱི་གནད་དོན་ཡིན་པ་དང་། རྒྱ་ནག་གཙོས་རྒྱལ་ཁབ་གཞན་རྣམས་ལ་དེའི་སྐོར་ཐེ་བྱུས་གནང་རྒྱུའི་ཐོབ་ཐང་མེད་པ་མ་ཟད། རྒྱ་གར་གྱི་ངོས་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་གནད་དོན་ཐོག་ཐེ་བྱུས་གནང་གི་མེད་པ་དེའང་ཚང་མས་ཤེས་དགོས་ཀྱི་རེད་ཅེས་དྲན་སྐུལ་གནང་ཡོད་པ་རེད།

Latest news

- Advertisement -spot_img