Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་གཞས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་བརྒྱུད་འཛམ་གླིང་རོལ་དབྱངས་ཉིན་མོ་སྲུང་བརྩི།

Tibetan News Headlines

  • US Religious Freedom report highlights China’s persecution of Tibetan Buddhism in Tibet
  • Representative Kelsang Gyaltsen meets deputy minister of Taiwan’s ministry of the interior
  • Thousands of Chinese tech workers fails to get Indian visa over security concerns
  • ORTC holds training on organic agriculture and watershed management for Tibetan settlement officers

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༧

  • རྒྱ་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ།
  • ཐའེ་ཝན་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་ནང་སྲིད་བློན་ཆེན་དང་ལྷན་དུ་མཇལ་འཕྲད་གནང་བ།
  • རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་ཁྲོད་རྒྱ་ནག་གི་འཕྲུལ་རིགས་ལས་མི་སྟོང་ཕྲག་མང་པོར་རྒྱ་གར་གྱི་མཐོང་མཆན་རག་གི་མེད་པ།
  • སོ་ནམ་གཞིས་ཆགས་ཁག་ ༡༢ ཡི་ས་གནས་འགོ་འཛིན་རྣམས་ལ་སོ་ནམ་དང་ས་ཆུ་བདག་གཅེས་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་བ།

ལོ་ལྟར་ཕྱི་ཟླ་  ༦ ཚེས་ ༢༡ དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་ World Music Day འམ་འཛམ་གླིང་རོལ་དབྱངས་ཉིན་མོ་ཞེས་སྲུང་བརྩི་ཞུ་ཡི་ཡོད་པ་ལྟར། བཞུགས་སྒར་དུ་དེ་ཉིན་བཙན་བཀག་གི་གཞས་ཞེས་པའི་དགོང་ཚོགས་ཤིག་བསྐོང་ཚོགས་གནང་བའི་བརྒྱུད་བོད་ནང་གི་གཞས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཏེ། ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པས་གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་གྱི་དགོང་དྲོ་ཕྱག་ཚོད་ ༧།༣༠ ཡོལ་ཙམ་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Bhagsu གསོལ་མགྲོན་ཁང་གི་མདུན་ཐང་དུ་ Banned Music འམ་བཙན་བཀག་གི་གཞས་ཞེས་པའི་རོལ་དབྱངས་འདུ་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པའི་ཐོག་བཙན་བྱོལ་ནང་གི་གཞས་པ་བཀྲས་ཆུང་ལགས་དང་ཁ་རག་སྤེན་པ་ལགས་རྣམ་གཉིས་གདན་ཞུས་ཀྱིས་ཁོང་རྣམས་ནས་བོད་ཀྱི་ཐུན་མིན་རིག་གཞུང་འཁྲབ་སྟོན་དང་། བཞུགས་སྒར་དུ་གནས་བཞུགས་བོད་མི་ཁག་གཅིག་ནས་གླུ་གཞས་གཏོང་བ་སོགས་གནང་འདུག

ལས་རིམ་འདིའི་ཐོག་རོལ་དབྱངས་དང་ཟློས་གར་ལ་དགའ་མོས་གནང་མཁན་དང་། བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་རྒྱ་གར་བ་སོགས་ནས་ཀྱང་མཉམ་ཞུགས་གནང་འདུག

འདི་ག་རླུང་འཕྲིན་ཁང་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འབྲེལ་མཐུད་པ་རིན་ཆེན་རྡོ་རྗེ་ལགས་སུ་ལས་གཞིའི་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། རོལ་དབྱངས་འདུ་ཚོགས་ཀྱི་གོ་སྐབས་འདིའི་བརྒྱུད་ནས་མང་ཚོགས་ཁྲོད། རྒྱ་གཞུང་གིས་བོད་ནང་གི་གླུ་བ་གླུ་མ་རྣམས་ཀྱི་གླུ་ཚིག་སོགས་ལ་ཞིབ་བཤེར་བརྒྱུད་གླུ་གཞས་སྒྱུ་རྩལ་བ་ཚོར་སྟངས་འཛིན་དང་བཙན་གནོན་ཇི་ཙམ་བྱེད་ཀྱི་ཡོད་མེད་དང་། ལྷག་པར་རྒྱ་གཞུང་ནས་ཁོང་རྣམ་པའི་སྨྲ་བརྗོད་རང་དབང་ལ་བརྩི་མེད་ཀྱིས་གླུ་གཞས་དེ་དག་འདོན་སྤེལ་དང་དྲ་རྒྱ་གཙོས་བརྒྱུད་ལམ་ཁག་གི་ཐོག་བརྒྱུད་སྤེལ་བྱ་རྒྱུར་བཀག་སྡོམ་ཙམ་མ་ཟད། ལ་རྒྱ་དང་ཆིག་སྒྲིལ་སྐོར་གླུ་ལེན་མཁན་གཞས་པ་གཞས་མ་ཚོར་ཉེས་མིང་སྣ་ཚོགས་གཡོག་ཏེ། ཁྲིམས་དོན་ཉེས་ཆད་བཀལ་བ་སོགས་ཀྱི་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་སྐོར་གོ་རྟོགས་སྤེལ་ཐུབ་ཡོད་པ་གསུངས་སོང་།

ད་དུང་དུས་ཐུང་རོལ་དབྱངས་འདུ་ཚོགས་དེ་བཞིན་བོད་ནང་གི་རྒྱལ་གཅེས་གླུ་བ་དང་གླུ་མ་རྣམས་ལ་སྨྲ་བརྗོད་རང་དབང་མེད་པ་མ་ཟད། རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་གནད་དོན་རྣམས་ལ་ཞི་རྒོལ་གནང་སའི་ཁོར་ཡུག་མེད་པ་དེ་ལྟར་ཡང་། གནས་སྟངས་དེ་འདྲའི་འོག་གཞས་ཀྱི་ལམ་ནས་ཞི་རྒོལ་གྱི་རྣམ་པ་སྟོན་མཁན་ཚོའི་སྙིང་སྟོབས་ལ་ཡི་རང་བསྔགས་བརྗོད་མཚོན་ཆེད་དང་འབྲེལ། བོད་མི་རྣམས་ལ་བོད་ནང་གི་གཞས་པ་གཞས་མ་ཚོ་དྲན་གསོ་བརྒྱུད་ཁོང་རྣམ་པའི་བརྡ་ལན་ངོ་སྤྲོད་དང་དྲིལ་བསྒྲགས་ཡོང་ཐབས་བཅས་ལ་ཆེད་དམིགས་གནང་ཡིན་སྐོར་གསུངས་སོང་།

རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་ཆེས་དམ་བསྒྲགས་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བརྒྱུད་བོད་ནང་གི་བོད་མིར་སྡུག་རྩུབ་ཚད་མེད་བཏང་དང་གཏོང་བཞིན་ཡོད་ཅིང་། ལྷག་པར་བོད་ནང་གི་དངོས་ཡོད་གནས་སྟངས་དང་༸གོང་ས་མཆོག་ལ་བསྟོད་པ་དང་བཀུར་བསྟིའི་ལས་དོན་སྤེལ་མཁན་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་ཅན། དེ་བཞིན་སྒྱུ་སྩལ་བ་སོགས་ལ་གསང་བའི་ཉུལ་ཞིབ་དང་ཉེས་མིང་སྣ་ཚོགས་གཡོག་ནས་འཛིན་བཟུང་བཙོན་འཇུག་དང་ཉེས་ཆད་འདྲ་མིན་བཅད་པ་སོགས་ཀྱི་གནས་ཚུལ་བྱུང་མུས་ཁྲོད།  ཉེ་བའི་ལོ་ཤས་ནང་བོད་ཀྱི་གླུ་བ་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེ་བསྲེགས་གནང་ཡོད་པ་དང་། མགོ་ལོག་ཁུལ་གྱི་གླུ་བ་བདེ་རབ་ལགས་དང་ཁོང་གི་གཞས་ཚིག་རྩོམ་པ་པོ། བོད་ནག་ཆུ་འབྲི་རུ་རྫོང་ནས་ཡིན་པའི་ན་གཞོན་གླུ་བ་ལྷུན་གྲུབ་གྲགས་པ། དེ་བཞིན་གླུ་བ་པདྨ་རིག་འཛིན་དང་། ཨ་མཚོག་ཕུལ་བྱུང་། ཆོས་མགོན་སོགས་གླུ་བ་གླུ་མ་མང་པོ་ཞིག་སྔ་རྗེས་སུ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཕྱོགས་མཚུངས་ཉེ་བའི་ཆར་བོད་སྨད་མགོ་ལོག་ནས་ཡིན་པའི་གཞས་པ་དཔལ་ལྡན་ལགས་ཀྱིས་རང་གིས་བཏང་བའི་ལ་རྒྱའི་གླུ་གཞས་ཤིག་སྒེར་གྱི་མགྱོགས་འཕྲིན་སྟེང་དུ་བཞག་པར་བརྟེན། རྒྱ་གཞུང་གིས་ལོ་གསུམ་བཙོན་འཇུག་ཁྲིམས་ཆད་བཏང་བའི་གནས་ཚུལ་དང་། བོད་རྔ་བ་ཁུལ་ཁྱུང་མཆུ་རྫོང་ནས་ཡིན་པའི་གཞས་པ་བགེགས་འཇོམས་རྡོ་རྗེ་ལགས་ཀྱིས་སྐྱོ་གླུ་མཆི་མ་དགུ་འཁྱིལ་ཞེས་པའི་གླུ་གཞས་ཤིག་བཏང་བར་བརྟེན། རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ལྟའང་གར་སོང་ཆ་མེད་དུ་གྱུར་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།