Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་པ།

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་གནས་མཆོག་རྡོར་རྗེ་གདན་ཁུལ་གྱི་མཛད་འཆར་ཉིན་མཐའ་མར་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་པ་དང་འབྲེལ། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་དེ་ང་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སངས་རྒྱས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱ་དགོས་པའི་བཀའ་སློབ་ལམ་སྟོན་སྩལ་འདུག

དེའང་དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༧།༤༥ ཙམ་ལ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་བླ་ཆེན་ཁག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡོར་གདན་༸རྒྱལ་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་ནས་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༥ པར་ཆིབས་བསྒྱུར་གྱིས་ཚོགས་མགོན་དུ་དབུ་བཞུགས་མཛད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ད་རེས་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་འཁོར་བསྐོར་ས་དང་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་མཛད་སའི་གནས་ཁྱད་པར་ཅན་འདིར་ལྷན་འཛོམས་ཀྱིས་གསོལ་བ་སྨོན་ལམ་བཏབ་རྒྱུའི་གོ་སྐབས་གཟབ་མོ་བྱུང་བར་སྐལ་བ་བཟང་པོ་ཞིག་རེད་ཅེས་བཀའ་སྩལ་དང་འབྲེལ། ཇི་ལྟར་གསོལ་བ་བཏབ་པ་བཞིན་ཚེ་རབས་ནས་ཚེ་རབས་སངས་རྒྱས་ཀྱི་རྗེས་འབྲང་རྣལ་མ་ཞིག་ཡོང་ཐུབ་པའི་ཐུགས་སྨོན་གལ་ལེགས་གནང་དགོས་པ་མ་ཟད། གཙོ་བོ་ཉིན་ཞག་ཕྲུགས་གཅིག་གི་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དགོངས་དང་མི་འགལ་བར་བསམ་པ་རྣམ་དག་གི་ཆོས་པ་ཞིག་བྱ་དགོས་གལ་ཡིན་པར་ཡིད་འཇགས་དགོས་པའི་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་སྐུ་སྒེར་གྱི་ངོས་ནས་ཚེ་རབས་ནས་ཚེ་རབས་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་ཉམས་པར་སོར་ཆུད་མི་ཉམས་གོང་འཕེལ་སླད་ཐུགས་སྨོན་དང་ཐུགས་སྟོབས་སྐྱེད་བཞིན་ཡོད་ཅེས་བཀའ་སྩལ་དང་འབྲེལ། བསྟན་པར་ཞབས་འདེགས་ཅི་ཐུབ་མཛད་རྒྱུའི་ཐུགས་སྨོན་མཚམས་སྦྱོར་ཙམ་མ་ཟད། ཆོས་ཞེས་པ་ནི་ཕྱིའི་རྣམ་འགྱུར་ཙམ་མིན་པར་ཉིན་ཞག་ཕྲུགས་གཅིག་གི་ནང་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་མ་བརྗེད་པ་བྱ་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

མ་ཟད་མགོན་པོ་༸གོང་ཉིད་མཆོག་སྔ་དྲོ་༸སྐུ་བཞེངས་མཛད་མ་ཐག་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་བཞེས་མཛད་ཀྱི་ཡོད་པ་དང་། ཇི་སྲིད་ནམ་མཁའ་མ་ཟད་པའི་བར་ཚེ་རབས་ནས་ཚེ་རབས་སྟོན་པའི་རྗེས་འབྲང་རྣལ་མ་ཞིག་མཛད་པའི་ཐོག འགྲོ་བ་མི་གཙོ་བོར་གྱུར་བའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་གྲུབ་པར་དེ་ལྟ་བུའི་གནས་ཁྱད་པར་ཅན་འདིར་ཐུགས་སྨོན་མཛད་པ་དེ་གྲུབ་པའི་ཏན་ཏན་རྐྱེན་ཞིག་ཡོད་པ་རེད་ཅེས་བཀའ་ནན་སྩལ་འདུག

རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཚོགས་མགོན་གྱི་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་མཚམས་སུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཙོ་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་རྟེན་གསུམ་དང་སྐྱབས་ཐོ་འདེགས་འབུལ་ཞུས་ཐོག དཀོན་མཆོག་རྗེས་དྲན་གྱི་མདོ་དང་ཞལ་འདོན་གཤིས་བརྗོད་སོགས་གསུངས་འདོན་གྲུབ་རྗེས། བླ་ཆེན་ཁག་གིས་སྤྱན་རྒྱ་སྤོས་སྣེས་བསུས་ཏེ༸གོང་ས་མཆོག་མཆོད་རྟེན་ཆེན་མོའི་ནང་དུ་གནས་གཟིགས་མཛད་དེ་སླར་ཕོ་བྲང་དུ་ཆིབས་བསྒྱུར་བཀའ་དྲིན་མཛད་ཡོད་པ་རེད།

རྒྱལ་ཡོངས་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༣༥ དེ་ཉིད་བོད་ཟླ་ ༡༡ ཚེས་ ༣༠ སྟེ། ཕྱི་ཟླ་ ༡ ཚེས་ ༡༡ ནས་བོད་ཟླ་ ༡༢ ཚེས་ ༡༠ སྟེ། ཕྱི་ཟླ་ ༡ ཚེས་ ༢༠ བར་ཉིན་གྲངས་བཅུའི་རིང་འཚོགས་ཀྱི་ཡོད་པ་དང་འབྲེལ། གོ་སྒྲིག་གནང་མཁན་ནི་འབྲས་ལྗོངས་མངའ་སྡེ་གཞུང་གིས་ཆོས་རིག་སྡེ་ཚན་གཙོས་པའི་འབྲས་ལྗོངས་ཀྱི་དགོན་སྡེ་ཁག་རྣམས་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཕྱི་ཚེས་ ༡༩ ཉིན་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱང་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་ཀྱི་ཡོད་པ་རེད་འདུག

༸སྐུ་པར་བདག་དབང་དགའ་ལྡན་ཕོ་བྲང་།

འབྲེལ་ཡོད་གསར་གནས།

གསར་གནས།