Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཁམས་སྡེ་དགེ་ཁུལ་གྱི་ཛ་དྲག་གི་གནད་དོན་ལ་ལྡི་ལིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱིས་ངོ་རྒོལ།

Tibetan News Headlines

  • Gangjong Sherig Norling Educational Institute’s Closure Signals Heightened Assimilation Efforts in Tibet:  Discussion

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༧

  • རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གལ་གནད་དང་སྒོ་བརྒྱབ་པའི་ཤུགས་རྐྱེན། རྒྱ་གཞུང་གིས་བོད་སྐད་ཡིག་བཙན་སྒྱུར་གྱི་སྲིད་བྱུས་སྐོར་གླེང་མོལ།

དེ་རིང་སྔ་དྲོ་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ས་གནས་ཀྱི་བོད་མི་ཚོས་བོད་སྡེ་དགེ་ཁུལ་དུ་ཛ་དྲག་གི་གནས་སྟངས་འགྲོ་བཞིན་པ་དེའི་ཐོག་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་འདུག

ལས་འགུལ་དེ་ནི་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་།  ལྡི་ལི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག     སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་བཅས་ཚོགས་པ་གསུམ་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་།   དེ་ཡང་རྒྱ་གཞུང་གིས་ཉེ་ཆར་ཁམས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་ལས་གཞིའི་མིང་ཐོག་ནས་རྩ་ཆེའི་ལོ་རྒྱུས་རང་བཞིན་ལྡན་པའི་དགོན་པ་ཁག་གཅིག་དང་།  མི་མང་སྟོང་ཕྲག་མང་པོ་གནས་སྤོ་བྱ་རྒྱུའི་བཙན་བཀར་མཐའ་གཅིག་ཏུ་ངོ་རྒོལ་དང་།   ལྷག་པར་ལས་འཆར་དེའི་མིང་ཐོག་ནས་ས་གནས་ཀྱི་དགེ་འདུན་པ་དང་མི་མང་ལ་རྒྱ་གཞུང་ཉེན་རྟོག་པས་དྲག་གནོན་གྱིས་བོད་མི་སྟོང་ཕྲག་གཅིག་ལྷག་འཛིན་བཟུང་བཀག་ཉར་གྱིས་རྡུང་རྡེག་མནར་གཅོད་གཏོང་བཞིན་པར་བློ་འཚབ་དང་།  ཉེས་མེད་འཛིན་བཟུང་བྱས་པའི་བོད་མི་དེ་བདག་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་པ་མ་ཟད།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་དགོན་སྡེ་དང་མི་སེར་གནས་སྤོའི་ལས་འཆར་དེ་འཕྲལ་མར་མཚམས་འཇོག་ཡོང་ཐབས་ཀྱི་རྒྱབ་སྐྱོར་གནང་གལ་གྱི་འབོད་སྐུལ་ཞུས་ཡོད་པ་རེད།

བོད་སྡེ་དགེ་ཁུལ་གྱི་ཛ་དྲག་གནས་སྟངས་དེ་དང་འབྲེལ་ཏེ། ལྡི་ལི་བོད་སྒར་བསམ་ཡས་གླིང་གི་དེ་རིང་གི་ལས་འགུལ་དེའི་ཐོག་ངོ་རྒོལ་སྐད་འབོད་ཙམ་མ་ཟད་མི་མང་གི་མཚན་རྟགས་བསྡུ་རུབ་དང་།   ཆུ་ཚོད་ ༢༤ ཟས་བཅད་ངོ་རྒོལ་གྱི་ལས་འགུལ་བཅས་སྤེལ་རྒྱུ་ཡིན་པ་དང་།    ཆུ་སྒང་དབུས་རྒྱུན་ལས་ཀྱི་ཚོགས་གཞོན་པདྨ་གྲུབ་དབང་ལགས་ཀྱིས།    ད་རེས་རྒྱལ་སྤྱིའི་ཁྱོན་ནས་བཙན་བྱོལ་བོད་མི་ཚོས་གདུང་ཤུགས་གཅིག་ཏུ་སྒྲིལ་ནས་བོད་ཀྱི་ཛ་དྲག་གནད་དོན་དེའི་ཐོག་ལས་འགུལ་གང་ཡོང་སྤེལ་བཞིན་པར་ཡི་རང་བསྔགས་བརྗོད་དང་འབྲེལ།     བོད་མིའི་བརྟན་གྱི་བདེ་དོན་དེ་བོད་ཀྱི་བདེན་མཐའ་སེལ་རྒྱུ་ཡིན་སྟབས་ད་རེས་ཙམ་མིན་པར་རྒྱུན་དུ་ནས་བོད་མི་ཚང་མ་ཆིག་སྒྲིལ་ཐོག་ལས་འགུལ་དེ་ལས་ལྷག་པ་སྤེལ་དགོས་པའི་སྐུལ་མ་གནང་སོང་།

གཞི་རྩའི་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་བཅས་ཀྱི་ངོས་ནས་ཀྱང་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་ཁམས་སྡེ་དགེའི་ཛ་དྲག་གི་གནད་དོན་ཐོག་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།