Tibetan Royal Year of 2151 | Year of the Wood Dragon

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས།

Tibetan News Headlines

  • Dalai Lama congratulates president Murmu on her 66th birthday
  • China places stringent restrictions on access to sacred Tibetan religious site in Golok
  • Tibetans worldwide hold prayer vigils for Dalai Lama’s successful knee surgery
  • Xi’s visit to Tibetan areas in Qinghai shows continuation of his Sinicization policy
  • Australian Tibetan protestor hospitalized after attack by China supporter during Li Qiang’s visit
  • US approves new $360 million arms sale to Taiwan for drones, related equipment

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༠

  • ༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ Murmu མཆོག་གི་སྐྱེས་སྐར་ཉིན་འཚམས་འདྲི་སྩལ་བ། མགོ་ལོག་ཁུལ་གྱི་གནས་ཆེན་གཉན་པོ་གཡུ་རྩེ་རུ་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས།
  • བོད་མི་ཚོས་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་འདུག
  • ཞི་ཅིན་ཕིང་གི་མཚོ་སྔོན་ལྟ་སྐོར་དེ་ནི་རྒྱ་གཞུང་གིས་བོད་མིའི་ཐོག་རྒྱ་བསྒྱུར་གྱི་སྲིད་བྱུས་དེ་མུ་མཐུད་ལག་བསྟར་མཁྲེགས་འཛིན་བྱེད་བཞིན་པའི་རྣམ་པ་རེད།
  • ཨོ་གླིང་བོད་མི་ཞི་རྒོལ་བར་རྒྱ་ནག་རྒྱབ་སྐྱོར་བས་ཉེས་རྡུང་གིས་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག
  • ཨ་རིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༣༦༠ ལྷག་གི་གོ་ལག་ཚོང་འགྲེམས་བྱ་རྒྱུ།

ཁ་སང་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཨ་རི་གྲོས་ཚོགས་འོག་མས་ Promoting a Resolution to the Tibet-China Conflict Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཆེས་མང་མོས་ཀྱིས་གཏན་འབེབས་གནང་འདུག་པ་དང་། ད་ལྟའི་ཆར་སྲིད་འཛིན་མཆོག་གིས་མཚན་རྟགས་འགོད་རྒྱུ་མ་གཏོགས་ལྷག་མེད།

ཁ་སང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་བ་ལ་གྲོས་ཚོགས་འཐུས་མི་གསུམ་ཆ་གཉིས་ནས་དགོས་ངེས་ཀྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་པར་འོས་ཤོག་འཕེན་སྐབས། སྤྱི་མཐུན་ཚོགས་པ་དང་མང་གཙོའི་ཆབ་སྲིད་ཚོགས་པ་འཐུས་མི་ ༣༩༡ ནས་རྒྱབ་སྐྱོར་གནང་ཡོད་སྟབས། ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་འདུག་པ་དང་འབྲེལ། ཁ་སང་ཁྲིམས་འཆར་ངོ་སྤྲོད་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Michael McCaul ལགས་ཀྱིས། བོད་དེ་རྒྱ་ནག་དམར་ཤོག་ཚོགས་པས་བཙན་བཟུང་བྱས་པའི་ལོ་རྒྱུས་དང་སྲིད་བྱུས་སོགས་ཐེར་འདོན་གྱིས་ཨ་རིའི་ངོས་ནས་རྒྱ་གཞུང་གིས་བོད་མི་རྣམས་ལ་དྲག་གནོན་དང་བཙན་སྐུལ་གྱི་བྱ་སྤྱོད་དེར་སྐྱོན་བརྗོད་ཤུགས་ཆེར་བྱེད་ཀྱི་ཡོད་པ་དང་། ལྷག་པར་ཁྲིམས་འཆར་དེས་བོད་མི་མང་གིས་སོ་སོའི་མ་འོངས་པའི་ལས་དོན་ཁག་གི་འགན་དབང་འཁུར་རྒྱུའི་རོགས་འདེགས་བྱ་རྒྱུ་ཡིན་པ་གསུངས་འདུག་པ་མ་ཟད། བོད་མི་རྣམས་ནི་མང་གཙོ་དང་རང་དབང་ལ་དགའ་མཁན་ཞིག་དང་རང་དབང་གི་ཐོག་ནས་ཆོས་ཉམས་ལེན་བྱེད་འོདད་མཁན་ཞིག་ཡིན་ཞིང་། ད་རེས་བོད་མི་མང་གི་མངོན་འདོད་གྲུབ་པར་ཁྲིམས་འཆར་དེར་རྒྱབ་སྐྱོར་གྱི་ཆ་ཤས་ཆུང་ངུ་ཞིག་བླངས་ཐུབ་པར་སྤོབས་པ་ཡོད་ཅེས་གསུངས་འདུག

དེ་བཞིན་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim Mcgovern ལགས་ཀྱིས། ཁྲིམས་འཆར་དེའི་བརྒྱུད་ནས་ང་ཚོས་བོད་དང་རྒྱ་ནག་བར་གྲོས་མོལ་འགོ་འཛུགས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག་པ་དང་འབྲེལ། རྗེས་སུ་ཁོང་གིས་ X ཞེས་པའི་སྤྱི་ཚོགས་དྲ་ལམ་ཐོག་ཆེས་མང་མོས་ཀྱི་ཐོག་ནས་ཁྲིམས་འཆར་གཏན་འབེབས་བྱུང་བ་དེའི་བརྒྱུད་ནས་འཛམ་གླིང་གང་སར་གནས་པའི་བོད་མི་ཡོངས་ལ་འགྲོ་བ་མིའི་ཆེ་མཐོང་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ཏུ་གསལ་བའི་གཞི་རྩའི་རང་དབང་རྩོད་ལེན་བྱེད་པ་དེར་ང་ཚོས་རྒྱབ་སྐྱོར་ཡོད་པ་མ་ཟད། ཨ་རི་ཁྱེད་ཚོ་དང་མཉམ་དུ་ཡོད་པའི་བརྡ་ལེན་གསལ་པོ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་འདུག

ད་དུང་གྲོས་ཚོགས་གོང་མའི་འཐུས་མི་ Todd Young ལགས་ཀྱིས་རང་ཉིད་ཀྱི་ལས་ཁུངས་དྲ་ཚིགས་ཐོག་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཟུང་འབྲེལ་གྱི་ཁྲིམས་འཆར་དེའི་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་ཞི་མོལ་སྒོ་ནས་སེལ་རྒྱུར་སྐུལ་དེད་དང་། རྒྱ་དམར་གཞུང་གིས་བོད་དང་ས་ཁུལ་གཞན་ཁག་ཏུ་སྲིད་དབང་རྒྱུན་གནས་ཀྱི་གནས་བབ་ལ་ངོས་ལེན་བྱེད་ཐབས་མེད་པ་མཚོན་གྱི་ཡོད་པ་མ་ཟད། ཁྲིམས་འཆར་འདི་ཉིད་གང་མགྱོགས་ཁྲིམས་སུ་བཅད་དེ་ནུས་པ་ལྡན་པའི་ལག་བསྟར་ཡོང་རྒྱུའི་རེ་སེམས་འཆང་བཞིན་ཡོད་ཅེས་གསུངས་འདུག

རྩ་བའི་ཁྲིམས་འཆར་འདི་ཉིད་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་གནང་ཡོད་པ་མ་ཟད་ཕྱི་ཟླ་ ༥ པའི་ཚེས་ ༢༣ ཉིན་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཐོག་གཏན་འབེབས་གནང་རྗེས་ཚིག་བརྗོད་ཁག་གཅིག་ལ་བསྐྱར་བཅོས་ཀྱིས་སླར་ཡང་གྲོས་ཚོགས་འོག་མར་བཏང་སྟེ། ཁ་སང་གཏན་འབེབས་བྱུང་ཡོད་པ་དང་། ཁྲིམས་འཆར་དེའི་ནང་རྒྱ་གཞུང་གིས་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་ཀྱི་འཁྱོག་བཤད་ཐེར་འདོན་དང་། རྒྱ་ནག་གཞུང་ངོས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་༸གོང་ས་མཆོག་དང་ཡང་ན་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ། ཡང་ན་མང་གཙོའི་ལམ་ལུགས་ཐོག་བདམས་པའི་བོད་མིའི་འགོ་ཁྲིད་ལྷན་དོན་དམ་པའི་ཞི་མོལ་བརྒྱུད། ཕྱོགས་གཉིས་ཀྱི་དཀའ་རྙོག་སེལ་དགོས་པ། རྒྱལ་སྤྱིའི་ཁྲིམས་ལུགས་ནང་གསལ་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ། རྒྱ་ནག་གཞུང་ནས་བོད་མིའི་ཐུན་མོང་མིན་པའི་ལོ་རྒྱུས་དང་། རིག་གཞུང་། ཆོས། སྐད་ཡིག་བཅས་ལ་གཞིགས་པའི་བོད་མི་མིའི་མངོན་འདོད་ལ་བརྩི་བཀུར་ཞུ་དགོས་པ་སོགས་ཀྱི་གནད་དོན་འཁོད་ཡོད།

ཁ་སང་ཁྲིམས་འཆར་དེ་གཏན་འབེབས་བྱུང་བར་དེ་རིང་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ X ཞེས་པའི་སྤྱི་ཚོགས་དྲ་ལམ་ཐོག་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྙིང་དབུས་ནས་དགའ་བསུ་ཞུས་འདུག་པ་དང་། དེའི་བརྒྱུད་ནས་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འཁྱོག་བརྗོད་ལ་ངོས་ལེན་མེད་པའི་ཐོག བོད་མི་ཡོངས་དང་ལྷག་པར་གཞིས་བཞུགས་བོད་མིའི་ལོ་ངོ་ ༧༠ ལྷག་རིང་གི་འཚེ་མེད་ཞི་བའི་འཐབ་རྩོད་ལ་ནུས་ཤུགས་སྦྱིན་ཡོད་པ་གསུངས་ཏེ། བོད་ཀྱི་ཡུན་རིང་གྲོགས་པོ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་ Jim McGovern ལགས་དང་། Michael McCaul ལགས། Jeff Merkley ལགས། Senator Todd Young ལགས། དེ་བཞིན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་གཞན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུས་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ཁྲིམས་འཆར་འདི་གཏན་འབེབས་ཐུབ་པ་ལ་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རིགས་སྤྱི་མཐུན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཚང་མས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་དང་། ལྷག་པར་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞེས་སོགས་གསུངས་འདུག

གཞི་རྩའི་ཁྲིམས་འཆར་འདི་ཉིད་རིང་མིན་བདུན་ཕྲག་གཉིས་ནང་ཚུད་ལ་སྲིད་འཛིན་གྱི་མཚན་རྟགས་བཀོད་ནས་ཨ་རིའི་ཁྲིམས་ཡིག་ཏུ་གཏན་འབེབས་བྱུང་དགོས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།