Tibetan Royal Year of 2151 | Year of the Wood Dragon

ཏཱ་ལའི་བླ་མའི་སློབ་ཡོན་བཞེས་མཁན་གྱི་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་ལ་མཇལ་ཁ་བསྩལ་བ།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

དེ་རིང་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་འཛམ་གླིང་ས་ཕྱོགས་གང་ས་ནས་ Dalai Lama Fellows ཞེས་ཏཱ་ལའི་བླ་མའི་སློབ་ཡོན་བཞེས་མཁན་གྱི་རྒྱལ་སྤྱིའི་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་སོང་།

Dalai Lama Fellows

ཕྱི་ལོ་ ༢༠༡༠ ལོར་གསར་འཛུགས་གནང་བའི་ Dalai Lama Fellows འམ་ཏཱ་ལའི་བླ་མའི་སློབ་ཡོན་ཞེས་པའི་ཚོགས་པའི་ངོས་ནས་ལོ་ལྟར་སྤྱི་ཚོགས་ཀྱི་ཁ་ལོ་བསྒྱུར་ཐུབ་མཁན་གྱི་རྒྱལ་སྤྱིའི་གཞོན་སྐྱེས་ཀྱི་འགོ་ཁྲིད་ཁག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་ཐོག་ལོ་གཅིག་གི་སློབ་ཡོན་བརྒྱུད་བྱམས་བརྩེ་དང་། རང་རྒྱུད་རང་ཤེས། དེ་བཞིན་སོར་ཆུད་ཀྱི་ནུས་པ་གོང་འཕེལ་སོགས་ཀྱི་སློབ་འཁྲིད་སྦྱོང་བརྡར་གནང་གི་ཡོད་པ་ལྟར། ད་བར་ལས་གཞི་དེའི་འོག་རྒྱལ་སྤྱིའི་རྒྱལ་ཁབ་ ༥༦ ནས་གཞོན་སྐྱེས་ ༢༣༠ ཙམ་སློབ་ཐོན་ཟིན་ཡོད་པ་རེད།

དེ་རིང་བཞུགས་སྒར་དུ་ཏཱ་ལའི་བླ་མའི་སློབ་ཡོན་བཞེས་མཁན་རྒྱལ་སྤྱིའི་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་དང་འབྲེལ་ཡོད་གཙུག་ལག་སློབ་གཉེར་ཁང་གི་དབུ་ཁྲིད་རྣམས་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་མཇལ་ཁ་བསྩལ་བ་དང་འབྲེལ།  འཛམ་གླིང་ཐོག་གི་འགྲོ་བ་མི་ཡོངས་རྫོགས་ཨ་མའི་བྱམས་བརྩེའི་འོག་འཚར་ལོངས་བྱུང་བ་གཅིག་མཚུངས་ཡིན་སྟབས་འགྲོ་བ་མི་ཚང་མའི་རྒྱུད་ལ་ཐོག་མ་ཉིད་ནས་སྙིང་རྗེའི་ཚོར་བ་ཡི་ས་བོན་ལྡན་ཡོད་པ་བཀའ་བསྩལ་ཏེ། ང་ཚོས་ས་བོན་དེ་གོང་འཕེལ་བརྒྱུད་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་མི་དང་མིའི་དབར་བྱམས་བརྩེ་བསྐྲུན་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་བསྩལ་འདུག

དེ་བཞིན་དེང་སྐབས་འཛམ་གླིང་འདིའི་ཐོག་འགྲོ་བ་མི་རྣམས་ངའི་ཆོས་དང་ངའི་རྒྱལ་ཁབ། དེ་བཞིན་ང་དང་ཁོ་བཅས་ཀྱི་བསམ་བློ་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་དཀའ་རྙོག་མང་དག་ཅིག་འཕྲད་བཞིན་པ་བཀའ་འགྲེལ་དང་སྦྲགས། འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་དེ་ཉིད་གོང་འཕེལ་བཏང་ཐུབ་ཚེ། གོ་ལའི་དཀའ་རྙོག་མང་པོ་ཞིག་རང་བཞིན་གྱི་སེལ་ཐུབ་ངེས་ཡིན་སྐོར་བཀའ་བསྩལ་འདུག

ད་དུང་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་འདིའི་ཐོག་ཡོད་པའི་སྐྱེ་འགྲོ་ཐམས་ཅད་ཨ་མ་ལས་སྐྱེས་པ་ཤ་སྟག་ཡིན་པ་དང་། མི་རིགས་དང་རྒྱབ་ལྗོངས་ཆ་ནས་མི་འདྲ་བ་ཡོད་ཀྱང་། ཚང་མའི་གཞི་རྩའི་དགོས་མཁོ་དེ་ནི་བྱམས་སྙིང་རྗེ་དང་བདེ་སྐྱིད་གཅིག་མཚུངས་ཡིན་སྟབས། ཕན་ཚུན་དབར་འཆམ་མཐུན་གྱིས་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་བསྐྲུན་ཐབས་ཀྱི་འབད་བརྩོན་གནང་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་དྲིན་ཆེ་བ་བསྩལ་འདུག

Dalai Lama Fellows

གསར་འགོད་པས་དེ་རིང་སྔ་དྲོའི་མཇལ་ཁ་གྲུབ་མཚམས་སུ་ University of Virginia གཙུག་ལག་སློབ་གཉར་ཁང་གི་ཏཱ་ལའི་བླ་མའི་སློབ་ཡོན་ཕྱག་སྦྲེལ་འགན་འཛིན་ Anthony DeMauro ལགས་སུ་མཇལ་ཁ་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་དེ་རིང་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་དང་ལྷན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ད་ལན་ཁོང་རྣམ་པ་བཞུགས་སྒར་དུ་ཕེབས་དོན་གཙོ་བོ་ནི་མགོན་པོ་༸གང་ཉིད་མཆོག་དང་ལྷན་༸གང་ཉིད་ཀྱི་དགོངས་གཞི་སྟེ། འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་དང་འབྲེལ། ལྷག་པར་གཞོན་སྐྱེས་འགོ་ཁྲིད་རྣམ་པའི་རྒྱུད་ལ་ཡོད་པའི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ། དེ་བཞིན་བྱ་བ་བཟང་ངན་གང་ཡིན་སོགས་ལ་ངེས་པ་རྙེད་ཐུབ་པ་བཟོ་ཐབས་ཐད་ལམ་སྟོན་ཞུ་ཕྱིར་བཅར་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

Colorado  གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་ Shubham Sapkota ལགས་ཀྱིས་དེ་རིང་༸གོང་ས་མཆོག་གི་བྱིན་རླབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་དང་འབྲེལ།  ཏཱ་ལའི་བླ་མའི་སློབ་ཡོན་ཞེས་པའི་ལས་གཞི་དེའི་དགོས་དམིགས་གཙོ་བོ་ནི་གཞོན་སྐྱེས་ཀྱི་ནུས་པ་གོང་སྤེལ་དང་འགྲོ་བ་མིའི་བདེ་ཐབས་སླད་ཞབས་འདེགས་སྒྲུབ་ཆེད་ཡིན་སྐོར་ངོ་སྤྲོད་དང་འབྲེལ། ལས་གཞི་འདིའི་འོག་འཛམ་གླིང་ས་ཕྱོགས་གང་ས་ནས་གཞོན་སྐྱེས་འགོ་ཁྲིད་ཚོར་ལོ་གཅིག་རིང་བྱམས་བརྩེ་དང་སྙིང་རྗེ། དེ་བཞིན་འབྲེལ་ལམ་གྱི་ནུས་པ་བཅས་ཀྱི་སྦྱོང་བརྡར་བརྒྱུད་དེང་སྐབས་རྒྱལ་སྤྱིའི་རྙོག་འཛིང་ཁག་ལ་ཐབས་མཁས་ཀྱིས་ལམ་ཞིག་འཚོལ་ཐུབ་པར་འབད་བརྩོན་དང་། ལྷག་པར་སྦྱོང་བརྡར་དེ་རང་ཉིད་མཉམ་ཞུགས་བྱ་སའི་སྤྱི་ཚོགས་ལའང་ཁ་ལོ་བསྒྱུར་བའི་ཕན་ནུས་སྦྱིན་གྱི་ཡོད་པ་སོགས། དོན་སྙིང་བྱམས་བརྩེ་ལྡན་པའི་མི་རབས་གསར་པའི་འགོ་ཁྲིད་སྐྱེད་སྲིང་གནང་གི་ཡོད་པ་གསུངས་སོང་།

Dalai Lama Fellows

སློབ་ཡོན་དེ་བཞེས་མཁན་ཁོངས་སུ་ཡོད་པའི་ Kenya ནས་ཡིན་པའི་ Brittanie Richardson ལགས་ནི་ཡུལ་དེའི་ནང་འཁྲིག་སྤྱོད་ཀྱི་དྲག་སྤྱོད་ལས་ཐར་པའི་བུད་མེད་རྣམས་ལ་སྨན་བཅོས་དང་ལྟ་སྐྱོང་གནང་རྒྱུའི་ཕྱག་ལས་གཉེར་མཁན་ཞིག་རེད་འདུག ཁོང་གིས་རང་ཉིད་ཕྱི་ལོ་ ༢༠༢༠ ལོར་ཏཱ་ལའི་བླ་མའི་སློབ་ཡོན་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། དུས་ཚིགས་དེ་ནི་མི་ཀུན་ལ་ཏོག་དབྱིབས་ནད་རིམས་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པའི་དུས་ཚིགས་ཤིག་ཆགས་ཀྱི་ཡོད་སྟབས། སློབ་ཡོན་དེས་ཁོང་གི་ཉིན་རེའི་བསམ་བློ་གཏོང་ཕྱོགས་ཐད་ཕན་ནུས་དང་སེམས་ཤུགས་འཕར་མ་ཞིག་བསྐྲུན་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། འཁྲིག་སྤྱོད་མྱོང་མཁན་བུད་མེད་རྣམས་ལ་སྨན་བཅོས་དང་ལྟ་སྐྱོང་གི་ཕྱག་ལས་གནང་ཕྱོགས་ཐད་ཕན་ནུས་སྦྱིན་ཡོད་པ་གསུངས་སོང་།   

གཞི་རྩའི་༸གོང་ས་མཆོག་གི་མཚན་གནས་ལྡན་པའི་སློབ་ཡོན་གྱི་ལས་གཞི་འདིའི་འོག་ད་བར་འཛམ་གླིང་ས་ཕྱོགས་གང་ས་ནས་གཞོན་སྐྱེས་འགོ་ཁྲིད་ ༢༣༠ ཙམ་ལ་སློབ་ཡོན་གསོལ་བསྩལ་གནང་ཡོད་པ་མ་ཟད། ལས་གཞི་དེའི་ནང་ཨ་རིའི་ Virginia དང་། Stanford, དེ་བཞིན་ Colorado བཅས་ཀྱི་གཙུག་ལག་སློབ་གཉེར་ཁང་གི་འབྲེལ་ཡོད་ཚན་པ་ཁག་མཉམ་ཞུགས་གནང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།