བོད་གཞིས་ཀ་རྩེའི་ཁུངས་གཏོགས་ཀྱི་འཕོས་ནག་གྲོང་ཚོ་ནང་དུ་བོད་དང་རྒྱ་གཉེན་བསྒྲིགས་བྱེད་མཁན་མང་ཤོས་ཡིན་སྟབས་ཟླ་བ་སྔོན་མའི་ཚེས་ ༡༢ ཉིན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ་ཟེར་བར་བདམ་འདུག

དེ་ཡང་ཉེ་བའི་རྒྱ་ནག་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། བོད་གཞིས་ཀ་རྩེའི་ཁུངས་གཏོགས་ཀྱི་འཕོས་ནག་གྲོང་ཚོའི་ནང་མི་གྲངས་ ༢༣༤ ཡོད་ཅིང་། དེའི་ནང་དུ་རྒྱ་མི་རིགས་དང་གཉེན་བསྒྲིགས་བྱས་པའི་ཁྱིམ་ཚང་དགུ་ཡོད་པར་ཀྲུང་ཧྭའི་མི་རིགས་ནི་ཁྱིམ་ཚང་གཅིག་ལྟ་བུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག དྲིལ་བསྒྲགས་ནང་ད་དུང་ཕྱི་ལོ་ ༢༠༠༣ ལོར་སི་ཁྲོན་ཞིང་ཆེན་ནས་ཡོང་བའི་ཞུ་ཝེན་ཅུན་རྒྱ་རིགས་དེ་བོད་ལྗོངས་ས་ཁུལ་དུ་ལས་ཀ་བྱེད་སྐབས་བོད་རིགས་བུ་མོ་དབྱངས་ཅན་དང་ངོ་ཤེས་རྗེས་གཉེན་སྒྲིག་བྱས་ཡོད་སྐོར་དང་། དེར་ས་གནས་སྲིད་གཞུང་གིས་མཐུན་རྐྱེན་བསྒྲུབས་ཡོད་པ་བཀོད་འདུག དེར་བརྟེན་རིམ་བཞིན་བོད་གཞིས་ཀ་རྩེའི་ཁུངས་གཏོགས་ཀྱི་འཕོས་ནག་གྲོང་ཚོའི་ནང་དུ་རྒྱ་རིགས་མང་དུ་ཕྱིན་ཡོད་ཅིང་། བོད་མི་དང་གཉེན་བསྒྲིགས་བྱེད་མཁན་ཡང་མང་དུ་ཕྱིན་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༤ ཚོགས་འདུ་ཐེངས་ ༤ ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གཏན་འབེབས་བྱས་རྗེས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ་ཟེར་བ་དྲིལ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་དང་། བརྗོད་བྱ་གཙོ་བོ་ནི་རྒྱ་རིགས་དང་བོད་རིགས་གཉིས་ཀྱི་གཉེན་སྒྲིག་བྱས་ནས་འཚོ་བ་སྐྱེལ་མཁན་གྱི་གྲོང་ཚོ་ལ་མི་རིག་མཐུན་སྒྲིལ་དཔེ་སྟོན་གྲོང་ཚོ་ཟེར་བཞིན་ཡོད་པ་མ་ཟད། ས་གནས་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེ་བྱས་ཀྱི་ཡོད་འདུག
རྩ་བའི་འཕོས་ནག་གྲོང་ཚོ་ནང་མི་རིགས་མང་པོ་མཉམ་དུ་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། ལོ་རེར་མི་རིགས་མཐུན་འབྲེལ་གྱི་མཉམ་ཞིབ་ཚོགས་ཆེན་ཟེར་བ་འཚོག་རྒྱུ་ཡོད་ཅིང་། སྲིད་གཞུང་ནས་མི་རིགས་མཐུན་སྒྲིལ་སྐོར་གྱི་སྲིད་ཇུས་ལག་བསྟར་བྱ་ཡུལ་གཙོ་བོ་ཞིག་ཡིན་འདུག
གནད་དོན་དེའི་སྐོར་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།
གཞི་རྩའི་རྒྱ་ནག་གཞུང་གིས་བོད་ནང་དང་ས་མཚམས་ཕྱོགས་སུ་གྲོང་ཚོ་གསར་རྒྱག་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་དང་། ལྷག་པར་ཕྱི་ལོ་ ༢༠༡༤ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྐབས་དེའི་འགོ་གཙོ། Chen Quanguo ཡིས་ལྷ་སར་མི་རིགས་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་གི་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་བསྐོང་ཚོགས་བྱས་ཡོད་པ་དང་། སྤྱི་ཚོགས་ཡོངས་སུ་མི་རིགས་དབར་གཉེན་སྒྲིག་ལ་སྐུལ་མ་གཏང་བ་དང་འབྲེལ། སྲིད་བྱུས་དེའི་ཐོག་ནས་ཕྲུག་གུ་སློབ་ཞུགས་ལ་ལྟ་སྐྱོང་དང་། ལས་ཀར་ཞུགས་པ། ཏང་ནང་ཞུགས་པ། དམག་ནང་ཞུགས་པ། ལས་གཏོད་འདེགས་སྐྱོར་སོགས་གཟིགས་སྐྱོང་ལྔ་ཟེར་བའི་བྱ་ཐབས་བཏོན་ཡོད།

མ་ཟད་དེ་སྔ་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡ ནང་རྒྱལ་ཁབ་གཅིག་སྒྲིལ་གྱི་མིང་ཐོག་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་བཞིན་དཔེ་སྟོན་ས་ཁུལ་ཞིག་ཏུ་བསྒྱུར་རྒྱུའི་མི་རིགས་མཉམ་བསྲེས་ཀྱི་ཁྲིམས་སྒྲིག་ལག་བསྟར་བྱས་ཡོད་ཅིང་། དེ་འབྲེལ་སྔ་ལོའི་ཚོགས་འདུ་དེའི་ཐོག་རྒྱ་ནག་འགོ་ཁྲིད་ཚོས་གྲངས་ཉུང་མི་རིགས་དང་འབྲེལ་བའི་ཁྲིམས་གསར་པ་བཟོ་འཆར་ཡོད་པ་མངོན་གསལ་ལྟར། ཉེ་ལམ་ཟླ་བ་འདིའི་ཚེས་ ༡༢ སྟེ། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཉིན་མཐའ་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གསར་པ་གཏན་འབེབས་བྱས་ཡོད་པ་རེད། གནད་དོན་དེ་དང་འབྲེལ་གནད་དོན་དབྱེ་ཞིབ་པས་ཁྲིམས་ཡིག་དེ་ནི་དེ་སྔོན་ཕྱི་ལོ་ ༡༩༨༤ ལོར་གཏན་འབེབས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ཡིག་དང་ཡོངས་སུ་རྒྱབ་འགལ་འགྲོ་ཡི་ཡོད་པ་དང་། དེ་ནི་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་དབང་ཆ་ས་བརྟན་བཟོ་རྒྱུའི་སྲིད་ཇུས་འོག་གྲངས་ཉུང་མི་རིགས་ཀྱི་ངོ་བོ་མེད་པ་བཟོས་ཏེ་མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་གོང་འཕེལ་གཏོང་ཐབས་ཀྱི་ཐབས་ཇུས་ཞིག་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད།



