Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༨ པའི་རྒྱལ་ཁ་རྡ་ས་རུ་ཁག་ལ་ཐོབ་སོང་།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

༸བཞུགས་སྒར་རྡ་སྟེང་བོད་ཁྱིམ་དུ་ཚོགས་པའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་མཐའ་མ་དེ་རྡ་ས་རུ་ཁག་དང་། དོན་གྲུབ་གླིང་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ་མཐའ་མའི་རྒྱལ་ཁ་རྡ་ས་རུ་ཁག་ལ་ཐོབ་སོང་བ་དང་། དེ་ནི་རྡ་ས་རུ་ཁག་ལ་རྒྱལ་ཁ་ཐོབ་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད།

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༡ དབུ་འཛུགས་ཀྱིས་ཁ་སང་ཕྱི་ཚེས་ ༡༡ བར་རྡ་སྟེང་བོད་ཁྱིམ་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་ཐེངས་ ༢༨ དེ་རྩེད་འགྲན་གནང་ཡོད་པ་དང་། ཆེས་མཐའ་མའི་རྩེད་འགྲན་འདི་ཉིད་ཁ་སང་ཉིན་རྒྱབ་རྡ་ས་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་ཀྱི་དབར་ལ་གནང་ཡོད་པ་རེད། སྐབས་དེར་རྩེད་འགྲན་གྱི་དངོས་གཞིའི་དུས་ཡུན་སྐར་མ་ ༩༠ ནང་རུ་གཉིས་དབར་སྤོ་ལོ་ཀླད་ཀོར་འདྲ་མཉམ་ཐོག་དུས་ཡུན་འཕར་མ་སྐར་མ་ ༢༠ རྩེད་འགྲན་གནང་དགོས་བྱུང་བའི་ཁྲོད། རྡ་ས་རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་ཆོས་དབྱིངས་ལགས་དང་། བསྟན་འཛིན་ཚེ་རིང་ལགས་རྣམ་གཉིས་ནས་སྤོ་ལོ་རེ་རེ་དང་། དོན་གྲུབ་གླིང་རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་ཆོས་གྲགས་ལགས་ནས་སྤོ་ལོ་གཅིག་བཅས་མཐའ་མའི་རྒྱལ་ཁ་དེ་རྡ་ས་རུ་ཁག་ལ་ཐོབ་སོང་། 

སྐབས་དེར་རྡ་ས་རུ་ཁག་གི་རུ་དཔོན་བསྟན་འཛིན་བསམ་གྲུབ་ལགས་ཀྱིས་ཐེངས་འདིའི་རྒྱལ་ཁ་འདི་ནི་རྩེད་འགྲན་པ་རྣམ་པས་འབད་བརྩོན་དང་དཀའ་ལས་རྒྱག་པའི་མཇུག་འབྲས་ཤིག་ཡིན་པ་གསུངས་སོང་། 

རྩེད་འགྲན་ཁྲོད་ཨང་གཉིས་པར་སོན་པ་དོན་གྲུབ་གླིང་རུ་ཁག་ལྟ་བུ་མཚོན་ན་ད་བར་རྩེད་འགྲན་གྱི་མཐའི་འགྲན་བསྡུར་ནང་ཐེངས་ ༡༢ མཉམ་ཞུགས་ཐུབ་ཡོད་པ་མ་ཟད། རྒྱལ་ཁ་ཐེངས་དྲུག་ཐོབ་མྱོང་ཡོད་པ་རེད།

དོན་གྲུབ་གླིང་རུ་ཁག་གི་སློབ་སྟོན་པ་ Naveen Singh ལགས་ནས་རྩེད་མོའི་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་རྒྱུ་ལས་རྒྱལ་ཁ་སྲུང་སྐྱོབ་བྱ་རྒྱུ་དེ་དཀའ་ཁག་ཅིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། དོན་དྲུབ་གླིང་རུ་ཁག་དེ་བཞིན་སྔར་ལོའི་རྩེ་ཕུད་ཀྱི་རུ་ཁག་ཅིག་ཡིན་སྟབས་ཐེངས་འདིའི་རྩེད་འགྲན་ཁྲོད་རུ་ཁག་གཞན་དང་མི་འདྲ་བའི་སྔ་ལོའི་རྒྱལ་ཁ་སྲུང་སྐྱོབ་བྱ་རྒྱུའི་འགན་འཕར་མ་ཞིག་ཡོད་པར་བརྟེན། རྩེད་འགྲན་པ་རྣམས་ལ་གནོན་ཤུགས་འཕར་མ་ཞིག་བྱུང་ཡོད་པ་དང་། མཐའ་མའི་རྒྱལ་ཁ་ཐོབ་མེད་ཀྱང་རྩེད་འགྲན་པ་རྣམ་པའི་སེམས་ཤུགས་དང་ཕྱོགས་ཡོངས་ཀྱི་རྩེ་མོ་རྩེད་སྟངས་འདོད་བློ་ཁེངས་པ་ཞིག་བྱུང་ཞེས་གསུངས་བྱུང་།

གཞི་རྩའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་འདི་ཕྱི་ལོ་ ༡༩༨༡ ལོར་ཐོག་མ་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༩༧ ལོར་རྡ་ས་རུ་ཁག་མཐའི་རྩེད་འགྲན་བར་སླེབས་ཐུབ་ཡོད་ཀྱང་། ད་རེས་མཐའ་མའི་རྒྱལ་ཁ་ཐོབ་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།

དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་རིན་ཆེན་ལགས་སུ་བཀའ་འདྲི་ཞུས་སྐབས་ཐེངས་འདིའི་རྩེད་འགྲན་ཁྲོད་བར་ཆད་གང་ཡང་མེད་པར་ལེགས་གྲུབ་བྱུང་ཡོད་པ་དང་། དེའི་ཁྲོད་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་འདེམས་སྒྲུག་གནང་ཡོད་པ་དེ་གནད་འགག་ཅིག་ཆགས་ཡོད་པ་གསུངས་སོང་།

གཞི་རྩའི་འདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་རྒྱ་གར་དང་བལ་ཡུལ། ཨོ་གླིང་དང་ཡོ་རོབ་བཅས་ནས་བོད་པའི་རྐང་སྤོལ་རུ་ཁག་ ༡༦ ནས་མཉམ་ཞུགས་གནང་ཡོད་པ་དང་། འདི་ལོའི་རྩེད་འགྲན་ཁྲོད་ཟློས་གར་རུ་ཁག་གི་བསྟན་འཛིན་ལྷག་པ་ལགས་ལ་སྤོ་ལོ་མང་ཤོས་བླུག་མཁན་དང་། དོན་གྲུབ་གླིང་རུ་ཁག་གི་བསྟན་འཛིན་རབ་དགའ་ལགས་སུ་སྒོ་ར་བ་ཡག་ཤོས། དེ་བཞིན་རྡ་ས་རུ་ཁག་གི་བསྟན་འཛིན་ཚེ་རིང་ལགས་སུ་རྩེ་ཕུད་རྩེད་འགྲན་པའི་བྱ་དགའ་བཅས་ཐོབ་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།