རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

དེ་རིང་ཟླ་ ༥ སྤྱི་ཚེས་ ༡༣ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་བའི་ནང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་རྒྱ་ནག་དང་ཧོང་ཀོང་གི་མཐོ་རིམ་སློབ་མ་ཚོས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ཐད་ལས་འགུལ་སྤེལ་བས་རྐྱེན་གྱིས་རྒྱ་གཞུང་ནས་འཇིགས་སྐུལ་དང་། དོགས་སྲུང་། བརྙས་བཅོས་སོགས་ཀྱི་འོག་སློབ་ཕྲུག་རྣམས་ཞེད་སྣང་ཅན་གྱི་ཁོར་ཡུག་ཏུ་གནས་ཡོད་པའི་འགྲེལ་བརྗོད་གནང་འདུག

Amnesty Report
Photo: Amnesty Interntional

དེ་ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་ “ངའི་མཐོ་སློབ་ས་ཁོངས་ནང་དུ་ང་འཇིགས་སྣང་སྐྱེས་ཀྱིས་” ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཐོ་དེའི་ཆེད་ཡོ་རོབ་དང་བྱང་ཨ་རི་ནང་དུ་སློབ་གཉེར་གནང་བཞིན་པའི་རྒྱ་རིགས་སློབ་ཕྲུག་ཁག་གཅིག་ལ་བཅར་འདྲི་ཞུས་པ་ནང་གསལ་ལྟར་ན། རྒྱ་གཞུང་གསང་བའི་མི་སྣས་རྒྱ་རིགས་སློབ་ཕྲུག་ཚོས་ལས་འགུལ་སྤེལ་སྐབས་ཁོང་རྣམ་པའི་འདྲ་པར་ལེན་པ་དང་། རྗེས་དེད་བཏང་བ། མ་ཟད་སློབ་ཕྲུག་མང་ཆེ་བས་རྒྱ་ནག་ཏུ་ཡོད་པའི་རང་གི་ནང་མི་སྤུན་མཆེད་རྣམས་ལ་དོ་བདག་སློབ་ཕྲུག་ཚོའི་ལས་འགུལ་སྤེལ་བ་སོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་རྒྱ་ནག་གི་ཉེན་རྟོག་པས་དམིགས་སུ་བཀར་ནས་སྡིགས་ར་སྐུལ་གྱི་ཡོད་པ་མངོན་གསལ་གནང་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་གི་འགན་འཛིན་ལྕམ་སྐུ་ Sarah Brooks ལགས་ཀྱིས་སྙན་ཐོ་དེའི་ནང་འདུ་གསོག་བྱུང་བའི་ཁུངས་སྐྱེལ་བདེན་དཔང་དེ་དག་གིས་རྒྱ་གཞུང་དང་ཧོང་ཀོང་གཞུང་ནས་རང་རིགས་སློབ་ཕྲུག་ཚོ་རང་ཁྱིམ་ནས་ས་ཐག་རིང་པོ་ཕྱིའི་རྒྱལ་ཁབ་ཏུ་ཡོད་ནའང་ཁ་གྲག་ཏུ་མི་འཇུག་པར་ཞེད་སྣང་དངངས་སྐྲག་འོག་གནས་སྡོད་བཅུག་གི་ཡོད་པ་གསལ་འདོན་གནང་ཡོད་སྐོར་གསུང་བ་དང་འབྲེལ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཐོག་ཁྲིམས་འགལ་གྱི་དྲག་རྒོལ་བྱེད་བཞིན་པ་དེ་ད་ཆ་རྒྱ་རིགས་སློབ་ཕྲུག་ཚོས་སློབ་གཉེར་བྱེད་སའི་ཕྱི་རྒྱལ་གྱི་གཙུག་ལག་སློབ་གྲྭའི་འཛིན་ཁང་དང་བར་ཁྱམས་ཀྱི་ས་ཚིགས་སུ་སླེབས་ཡོད་པ་དང་། རྒྱ་གཞུང་གི་དེ་ལྟ་བུའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་དེས་ཤེས་ཡོན་རང་དབང་གི་སྲོག་རྩ་ལྟ་བུ་བསམ་ཚུལ་རྗེས་ལེན་གྱི་རང་དབང་དེ་ཉིད་ཉེན་ཁ་ཆེན་པོའི་གནས་སྟངས་ཞིག་ཏུ་གྱུར་ཡོད་པར་སྲིད་གཞུང་ཁག་དང་གཙུག་ལག་སློབ་གཉེར་ཁང་ཁག་ནས་ངེས་པར་དུ་དེ་དག་ལ་གདོང་ལེན་གང་ཐུབ་བྱ་དགོས་པའི་འགྲེལ་བརྗོད་གནང་འདུག

ཁོང་གིས་ད་དུང་རྒྱ་རིགས་སློབ་ཕྲུག་མང་ཆེ་བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་གཉེར་བྱེད་བཞིན་པ་དེ་རང་ཁྱིམ་རྒྱ་ནག་ཏུ་ཤེས་ཡོན་གི་རང་དབང་མེད་པ་དང་ཆབ་སྲིད་ཀྱི་བཀག་སྡོམ་ཧ་ཅང་ཡོད་པ་སོགས་ཡོངས་ནས་ཐར་ཏེ་རང་གི་མི་ཚེ་དར་ཞིང་རྒྱས་པའི་གོ་སྐབས་ཡང་དག་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཚོགས་པས་ཉམས་ཞིབ་བྱས་པའི་ཁྲོད་རྒྱ་རིགས་སློབ་ཕྲུག་དེ་དག་རྒྱ་ནག་ས་མཚམས་ཀྱི་ཕྱི་རོལ་དུ་ཕྱིའི་རྒྱལ་ཁབ་ནང་དུ་ཡོད་ནའང་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལས་ཐར་ས་མེད་པའི་གནས་སྟངས་ཡིན་པའི་འགྲེལ་བརྗོད་གནང་འདུག

Amnesty Report
Source: TOI

སྤྱིར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཐེངས་འདིའི་སྙན་ཐོའི་སླད་ཨ་རི་དང་། དབྱིན་ཡུལ། སུད་སི། ཎི་དར་ལེནྚ། འཇར་མ་ནི། ཕ་རན་སི། ཁེ་ན་ཊ། སྦེལ་ཇམ་སོགས་ཀྱི་ནང་དུ་སློབ་གཉེར་བྱེད་བཞིན་པའི་རྒྱ་ནག་དང་ཧོང་ཀོང་གི་སློབ་ཕྲུག་ཁྱོན་ ༣༢ ཙམ་ལ་བཅར་འདྲི་ཞུས་ཡོད་པ་དང་། དེིའི་ཁྲོད། Rowan ཞེས་པའི་སློབ་ཕྲུག་གཅིག་གིས་ཁོང་དེ་སྔ་དྲུག་བཞི་དོན་རྐྱེན་གྱི་དུས་དྲན་མཛད་སྒོ་ཞིག་ནང་མཉམ་ཞུགས་གནང་སྟེ་ཆུ་ཚོད་གཅིག་ཙམ་ཡང་མ་ཟིན་པར་རྒྱ་ནག་ཏུ་ཡོད་པའི་ཁོང་གི་ཕ་ལ་རྒྱ་གཞུང་ཉེན་རྟོག་པས་རང་གི་བུ་མོ་ལ་རྒྱ་ནག་གི་ཆེ་མཐོང་ལ་གནོད་རིགས་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུ་མེད་པའི་སློབ་གསོ་བསྐྱོན་དགོས་པ་སོགས་ཀྱི་སྡིགས་ར་སྐུལ་ཡོད་པ་མངོན་གསལ་གནང་འདུག

དེ་ཡང་ Rowan ལགས་ཀྱིས་དེ་སྔ་ཁོང་ལས་འགུལ་དེའི་ནང་མཉམ་ཞུགས་གནང་སྐབས་ཁོང་རང་གི་མཚན་ངོ་མ་ལས་འགུལ་བ་སུ་ལ་ཡང་ཤེས་རྟོགས་བཅུག་མེད་པ་དང་སྤྱི་ཚོགས་དྲ་རྒྱའི་ནང་དེའི་སྐོར་གཅིག་ཀྱང་བཤད་མེད་ནའང་རྒྱ་གཞུང་གིས་དུས་ཚོད་ཐུང་ཐུང་ཞིག་གི་ནང་ཁོང་གི་མཚན་གང་ཡིན་མིན་དང་ནང་མི་གང་དུ་གནས་སྡོད་བྱེད་ཀྱི་ཡོད་པ་སོགས་རྩད་གཅོད་བྱས་ཐུབ་པ་དེས་ཧ་ལས་ཧོན་འཐོར་གྱི་གནས་སྟངས་ཞིག་ཏུ་གྱུར་སོང་བས། ཁོང་གིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ལ་དེ་ནི་རྒྱ་གཞུང་གིས་ང་ཚོར་རྒྱལ་ཁབ་གང་དུ་གནས་སྡོད་བྱས་ཀྱི་ཡོད་མེད་ལ་མ་ལྟོས་པར་དུས་རྟག་ཏུ་གསང་ཞིབ་སྟངས་འཛིན་བྱེད་བཞིན་ཡོད་པའི་བརྡ་ལན་གཙང་མ་ཞིག་ཏུ་ངོས་འཛིན་བྱས་ཀྱི་ཡོད་པའི་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་རིགས་སློབ་ཕྲུག་ཚོར་བཅར་འདྲི་ཞུས་པའི་ཁོངས་ནས་སློབ་ཕྲུག་གྲངས་ཕྱེད་ཀ་ཙམ་ཉིན་རེའི་རང་གི་སྤྱི་ཚོགས་དྲ་རྒྱའི་ནང་གནད་དོན་གང་བཅུག་མིན་དང་གང་བརྒྱུད་སྐུལ་བྱེད་མིན་ཐད་ཧ་ཅང་གི་དོགས་ཟོན་བྱ་དགོས་པ་དེ་ལྟར་ཡང་སློབ་ཕྲུག་འགའ་ཤས་ཀྱི་སྤྱི་ཚོགས་དྲ་རྒྱའི་ནང་དུ་རང་གི་ནང་མི་དང་ཕན་ཚུན་སྐད་ཆ་བཤད་པ་ཡོངས་ཉེན་རྟོག་པས་ཡིག་ཐོག་ཏུ་ཕབ་ཏེ་ཉེས་འཛུགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་གསལ་རྒྱུ་འདུག དེ་བཞིན་ཧོང་ཀོང་ནས་ཡིན་པའི་སློབ་ཕྲུག་ཚོར་ཧོ་ཀོང་སྲིད་གཞུང་གི་དྲག་གནོན་ཅན་གྱི་ཁྲིམས་ཡིག་ཨང་ ༢༣ ལས་སློབ་ཕྲུག་ཁོང་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་གཉེར་བྱ་བ་ལ་ཞེད་སྣང་ཆེན་པོ་སྐྱེས་ཀྱི་ཡོད་པ་སོགས་ཀྱང་འགྲེལ་བརྗོད་གནང་མཁན་འདུག

Amnesty Report
Picture: Marisvector via Getty

ལོ་ཤས་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་རྒྱ་རིགས་སློབ་ཕྲུག་མང་པོས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཅར་འདྲི་ཞུས་པའི་ཁོངས་སུ་ཧ་ལམ་རྒྱ་རིགས་སློབ་ཕྲུག་གསུམ་ཆ་གཅིག་གིས་ཁོང་རྣམས་ནས་འཐབ་རྩོད་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པའི་རྒྱུ་མཚན་གྱིས་རྒྱ་གཞུང་ཉེན་རྟོག་པས་ཁོང་རྣམ་པའི་ནང་མི་སྤུན་མཆེད་ལ་བརྙས་བཅོས་བྱས་ཡོད་པ་དང་། ཕྱི་བསྐྱོད་ལག་ཁྱེར་ཕྱིར་བསྡུ་བྱས་ཡོད་པ། ལས་གནས་ནས་གནས་དབྱུང་བཏང་ཡོད་པ། གཞུང་གི་ཐོབ་ཐང་རྣམས་ཕྱིར་འཐེན་བྱས་ཡོད་པ། འགྲོ་འོང་ལ་བཀག་སྡོམ་བྱས་ཡོད་པ་སོགས་མཐའ་ན་ཕྱི་རྒྱལ་དུ་ཡོད་པའི་རང་གི་བུ་ཕྲུག་ཚོར་རོགས་དངུལ་སྤྲད་མཚམས་འཇོག་དགོས་པའི་སྡིགས་ར་ཡང་སྐུལ་གྱི་ཡོད་པ་ཡིན་འདུག

ལྕམ་སྐུ་ Sarah Brooks ལགས་ཀྱིས་ཀྱང་སྙན་ཐོ་དེ་ཉིད་འདོན་སྤེལ་ཁྲོད་སྲིད་གཞུང་ཁག་ནས་སློབ་ཕྲུག་ཚོའི་འགྲེལ་བརྗོད་གནང་བ་གཞིར་བཟུང་ཞེད་སྣང་གི་ཁོར་ཡུག་དེར་གདོང་ལེན་བྱ་ཕྱིར་ཐབས་ཤེས་རིམ་པ་བཞིན་བསྟེན་ཏེ་སྤྱི་ཚོགས་ལ་སློབ་གསོ་དང་། དྲག་གནོན་གྱི་དངོས་ཡོད་གནས་སྟངས་གསལ་འདོན་གནང་ནས་གནས་ཚུལ་བྱུང་མ་ཐག་གསལ་བཤད་བྱ་དགོས་པ། མ་ཟད་སྙན་ཐོ་དེའི་ནང་བཀོད་པའི་རྒྱལ་ཁབ་ཁག་བརྒྱད་གཙོས་པའི་རྒྱ་རིགས་སློབ་ཕྲུག་སློབ་གཉེར་ཆེད་དུ་ཡོང་སའི་རྒྱལ་ཁབ་ཚོར་རང་གི་སྲིད་གཞུང་རྩ་ཁྲིམས་ནང་དོན་ལྟར་སློབ་ཕྲུག་ཚོར་སྲུང་སྐྱོབ་བྱ་དགོས་པའི་འགན་དབང་ཡོད་པའི་འགྲེལ་བརྗོད་གནང་འདུག

རྩ་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱ་རིགས་སློབ་ཕྲུག་གྲངས་འབུམ་ ༩ ཙམ་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འཛམ་གླིང་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་དང་མཐོ་རིམ་སློབ་གཉེར་ཁང་ཁག་ལ་སློབ་ཕྲུག་ཚོའི་རང་དབང་སྲུང་སྐྱོབ་བྱ་དགོས་པ་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རིགས་ལ་གདོང་ལེན་ཤུགས་ཆེར་བྱ་དགོས་པའི་འབོད་སྐུལ་གནང་བཞིན་པ་སྟེ། སྤྱི་ལོ་ ༢༠༢༤ ལོར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཕྱི་རྒྱལ་ཡུལ་གྲུ་ཁག་བརྒྱད་དུ་རྟེན་གཞི་བྱེད་ཡོད་པའི་གཙུག་ལག་སློབ་ཁང་ ༥༥ ལ་སློབ་ཕྲུག་ཚོའི་ཤེས་ཡོན་དང་ལས་འགུལ་རང་དབང་ལ་སྲུང་སྐྱོབ་བྱ་དགོས་པའི་ཕྱག་བྲིས་ཕུལ་ཏེ་དེའི་ཁོངས་ནས་གཙུག་ལག་སློབ་ཁང་ ༢༤ ཡིས་ཡ་ལན་གྱི་ཕྱག་བྲིས་འབྱོར་འདུག

འབྲེལ་ཡོད་གསར་གནས།

གསར་གནས།