རྒྱ་གཞུང་གིས་འཕགས་བོད་ས་མཚམས་ཁག་ཏུ་གྲོང་ཚོའི་ལས་གཞི་གཙོས་པའི་གཞུང་ལམ་གསར་རྒྱག་སོགས་འཛུགས་བསྐྲུན་ལས་གཞི་སྣ་མང་སྤེལ་བཞིན་པའི་ཁྲོད། ཁ་སང་ཟུང་སྐར་པར་རིས་བརྒྱུད་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་རྒྱ་གཞུང་གི་བཙན་བཟུང་འོག་ཏུ་ཡོད་པའི་ཨ་རུ་ན་ཅལ་གྱི་ Subansiri རྫོང་གི་སྟོད་དུ་ཆགས་པའི་འཕགས་བོད་ས་མཚམས་སུ་གཞུང་ལམ་གསར་པ་འཛུགས་བསྐྲུན་བྱེད་བཞིན་པ་མངོན་གསལ་གནང་འདུག

དེ་ཡང་ NDTV གསར་ཁང་གིས་ཟུང་སྐར་པར་རིས་བསྐྱར་ཞིབ་བྱས་པའི་བརྒྱུད་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་ཁྱབ་ཁོངས་ཡིན་པ་དེ་ལྟར་ཡང་རྒྱ་གར་གི་སྟངས་འཛིན་འོག་མེད་པའི་ས་ཁུལ་ཞིག་ཏུ་གཞུང་ལམ་གསར་པ་ཞིག་འཛུགས་བསྐྲུན་བྱེད་བཞིན་ཡོད་པ་ར་སྤྲོད་བྱུང་བ་དང་། དེའང་གསར་ཁང་དེ་ཉིད་ཀྱིས་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་རྒྱ་གཞུང་གིས་ས་ཁུལ་དེའི་ནང་ཁང་པ་ལྔ་བཅུ་ཙམ་ཡོད་པའི་གྲོང་ཚོ་གསར་པ་ཞིག་བསྐྲུན་ཡོད་པ་མངོན་གསལ་བྱས་པ་ལྟར། ཐེངས་འདིའི་གཞུང་ལམ་གསར་པ་དེ་ནི་ཁུལ་དེའི་ནུབ་ཕྱོགས་སྤྱི་ལེ་ ༩.༤༢ ཡི་རྒྱང་ཐག་བསྐྲུན་པའི་གྲོང་ཚོ་གསར་པ་ཞིག་ལ་མཐུད་ཀྱི་ཡོད་པ་གསལ་སྟོན་གནང་འདུག
གསར་དུ་བསྐྲུན་པའི་གྲོང་ཚོ་དེའི་ཆ་ཤས་མང་ཆེ་བ་ནི་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་ས་ཁུལ་དུ་ཆགས་ཡོད་པ་དེ་ལྟར་ཡང་། དེའི་ཉེ་འཁྲིས་སུ་ཨར་ལས་བཟོ་གྲྭ་ཞིག་དང་ཐད་འཕུར་གནམ་གྲུ་འབབ་ཐང་གཉིས་མངོན་རྒྱུ་ཡོད་པ་ནི་རྒྱ་གར་གྱི་ཕྱོགས་སུ་ཡོད་པ་གསལ་སྟོན་གནང་འདུག
ཨ་རུ་ན་ཅལ་གྱི་ Subansiri རྫོང་ཀྱི་སྟོད་དུ་ཆགས་པའི་ས་ཁུལ་འདི་ནི་གཟའ་འཁོར་འདིའི་ནང་དོ་སྣང་བྱེད་གཞི་ཆེན་པོ་ཞིག་ཆགས་ཡོད་ཅིང་། དེ་ནི་ས་གནས་དེའི་ནཱ་ (Nah) མི་རིགས་ཀྱི་ཚོགས་པས་རྫོང་དཔོན་ལ་སྙན་ཞུ་ཞིག་ཕུལ་ཏེ། འདས་པའི་ལོ་དྲུག་གི་རིང་རྒྱ་ནག་གི་མི་དམངས་བཅིངས་འགྲོལ་དམག་མིས་འཕགས་བོད་ས་མཚམས་བར་གྱི་ཁོང་ཚོའི་ཕ་མེས་ནས་བརྒྱུད་པའི་རྩྭ་ཁ་དང་། རྔོན་རྒྱ། ཞིང་ལས་ས་ཆ་བཅས་བཙན་བཟུང་བྱས་ཡོད་པའི་ཉེས་འཛུགས་བྱས་པ་མ་ཟད། རྒྱ་ནག་གིས་རྩོད་གཞི་ཅན་གྱི་ས་ཁུལ་དུ་ལམ་དང་། དམག་སྒར་སོགས་ཀྱི་རྨང་གཞིའི་འཛུགས་བསྐྲུན་བྱས་ཡོད་སྐོར་གསུངས་རྗེས་དོ་སྣང་འོག་སླེབས་པ་ཞིག་རེད་འདུག
དེ་འབྲེལ་རྒྱ་དཀར་ནག་གྱི་གནད་དོན་དང་འབྲེལ་བའི་ཐབས་བྱུས་མཁས་དབང་ Brahma Chellaney ལགས་ཀྱིས་ NDTV གསར་ཁང་ལ་འགྲེལ་བརྗོད་གནང་དོན་ལྟར་ན། རྒྱ་ནག་གྱིས་མཐོ་སྒང་གི་ས་མཚམས་སུ་དམག་སྒར་དང་དམག་དོན་དུ་བེད་སྤྱོད་མཁོ་བའི་མཐའ་མཚམས་གྲོང་ཚོ་བསྐྲུན་པ་དང་། གཞུང་ལམ་གསར་པར་མཐུད་ནས་རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་ཀྱི་དཔྱད་ཐིག་ལ་རིམ་བཞིན་བསྒྱུར་བཅོས་གཏོང་བའི་ཡུན་རིང་གི་ཐབས་བྱུས་ཤིག་ཡིན་པར་རྒྱ་གར་གྱིས་གདོང་ལེན་བྱེད་བཞིན་ཡོད་པ་གསུངས་ཡོད་པ་དེ་ལྟར་ཡང་། རྒྱ་གར་དམག་མིས་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། གསར་འགྱུར་ཁག་གཅིག་གི་ནང་རྒྱ་ནག་གི་དམག་མིས་ཉེ་ཆར་ས་མཚམས་བརྒལ་བ་དང་ཨ་རུ་ན་ཅལ་ནང་དུ་དམག་སྒར་བརྒྱབ་པའི་ཉེས་འཛུགས་དེ་དག་ནི་གཞི་རྩ་མེད་པ་ཞིག་ཡིན་པ་གསུངས་འདུག
རྩ་བའི་ཨ་རུ་ན་ཅལ་པྲ་དེཤ་ཡི་ས་ཁུལ་འགའ་ཞིག་ཏུ་རྒྱ་ནག་གིས་ས་ཁུལ་བཟུང་བའི་སྐོར་ལ་སེམས་འཚབ་བྱུང་བ་ནི་གསར་པ་ཞིག་མིན་པར། དེ་སྔོན་ཕྱི་ལོ་ ༢༠༡༩ ཟླ་ ༡༡ པའི་ནང་ཨ་རུ་ན་ཅལ་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ Tapir Gao ཏ་པིར་གའོ་ལགས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་སུ་རྒྱ་ནག་གིས་ཨ་རུ་ན་ཅཱལ་ཁུལ་གྱི་ས་ཆ་ཇི་ཙམ་བཙན་བཟུང་བྱས་ཡོད་པའི་སྐོར་ལ་ཡུལ་དེའི་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་བྱེད་ཀྱི་མེད་པའི་སྐྱོན་བརྗོད་དང་འབྲེལ། དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ Doklam ཞེས་འབྲུག་དང་རྒྱ་གར། རྒྱ་ནག་གསུམ་གྱི་ས་མཚམས་ས་ཁུལ་དུ་རྒྱ་ནག་གི་རྒྱ་ལམ་བཟོ་སྐྲུན་གྱི་ལས་གཞི་ལ་རྒྱ་གར་གྱིས་བཀག་སྡོམ་གནང་པར་རྒྱ་དཀར་ནག་གཉིས་ཀྱི་དབར་ཟླ་བ་མང་པོར་གདོང་ཐུག་ཤུགས་ཆེ་བྱུང་བ་ལུང་འདྲེན་གྱིས། གལ་ཏེ་ Doklam ལྟ་བུའི་གནས་ཚུལ་གཞན་ཞིག་བྱུང་ཚེ་དེ་ནི་ཨ་རུ་ན་ཅལ་ནང་འབྱུང་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།
གཞི་རྩའི་གནས་ཚུལ་འདིའི་ནང་གསལ་བའི་གྲོང་ཚོ་གསར་པ་དེ་ནི། ༢༠༢༤ ལོ་ནས་བཟུང་གསར་སྐྲུན་བྱས་འགོ་བཙུགས་ཡོད་པ་དང་། རྒྱ་ནག་གིས་ས་མཚམས་ས་ཁུལ་དུ་འཛུགས་སྐྲུན་ལས་གཞི་མུ་མཐུད་དུ་སྤེལ་བཞིན་པར་ལན་འདེབས་ཀྱི་ཚུལ་དུ། ཨ་རུ་ན་ཅལ་པྲ་དེཤ་ནང་འཐབ་ཇུས་དང་འབྲེལ་བའི་གཞི་རྟེན་ལས་གྲྭ་ཆེན་པོ་ཞིག་ལ་ཤུགས་སྣོན་བྱེད་བཞིན་ཡོད་ཅིང་། ལས་གཞི་དེའི་གཙོ་བོ་ནི་ཨ་རུ་ན་ཅལ་མཐའ་མཚམས་གཞུང་ལམ་ Arunachal Frontier Highway – NH-913 ཡིན་པ་དང་། དེ་ནི་སྤྱི་ལེ་༡,༧༤༨ རིང་བའི་གཞུང་ལམ་ཞིག་དང་བོམ་ཌི་ལ་ Bomdila ནས་བི་ཇེ་ན་གར་ Vijaynagar བར་མཐུད་ཀྱི་ཡོད་པ་རེད།




