རྒྱ་ནག་གིས་བོད་ནང་དགེ་འདུན་པ་དང་རྩོམ་པ་པོ་དགེ་རྒན་བཅས་ལ་དྲག་གནོན་ཇེ་ཤུགས་ཆེ་རུ་བཏང་བའི་རྣམ་པ་ཞིག་མཐོང་རྒྱུ་ཡོད་པ་མངོན་གསལ།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་གནས་ལྟ་ཞིབ་ཁང་གིས་ཉེ་ཆར་ Disappeared, Tortured and Silenced འམ་གར་སོང་ཆ་མེད་དང་། སྡུག་སྦྱོང་མནར་གཅོད། ཁ་བཀག་པ་ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད། རྒྱ་ནག་གིས་བོད་ནང་དགེ་འདུན་པ་དང་། རྩོམ་པ་པོ། དགེ་རྒན་བཅས་ལ་དྲག་གནོན་ཇེ་ཤུགས་ཆེ་རུ་བཏང་བའི་རྣམ་པ་ཤིག་མཐོང་རྒྱུ་ཡོད་པ་མངོན་གསལ་གནང་འདུག

དེ་ཡང་ཉེ་ཆར་ཕྱི་ཟླ་ ༤ པའི་ཚེས་ ༣༠ ཉིན་བོད་གནས་ལྟ་ཞིབ་ཁང་གི་དྲྭ་གནས་ཐོག་བོད་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ འདོན་སྤེལ་གནང་འདུག་པ་དེའི་ནང་།  བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ནང་དུ་དགེ་འདུན་པ་དང་བོད་ཡིག་དགེ་རྒན། རྩོམ་བྲིས་པ་དང་རང་གི་སྐད་ཡིག་སློབ་སྦྱོང་གི་ཐོབ་ཐང་རྩོད་མཁན་ཞིང་འབྲོག་མང་ཚོགས་བཅས་མི་སྣ་ཁག་གཅིག་གི་རྒྱུན་ལྡན་གྱི་ཆོས་ཕྱོགས་དང་། རིག་གཞུང་། དེ་བཞིན་ཤེས་ཡོན་དང་འབྲེལ་བར་བསྙད་དེ་བོད་མི་དེ་དག་འཛིན་བཟུང་བཀག་ཉར་དང་ཆབ་སྲིད་ཀྱི་ཉེས་དོན་འདྲ་མིན་བཙུགས་ཏེ་ལོ་མང་པོའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། གར་སོང་ཆ་མེད་བཏང་བ། དེ་བཞིན་བཙོན་ཁང་ནང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་བཙོན་གྲོལ་བཏང་བའི་རྗེས་སུ་ལུས་པོ་ནད་སྐྱོན་དུ་འགྱུར་བ་དང་། བཙོན་གྲོལ་གྱི་རྗེས་སུའང་ལྟ་སྲུང་དམ་དྲག  ནང་མི་ཉེ་འབྲེལ་རྣམས་ལ་སྡིགས་ར་དང་སུན་གཙེར་སོགས་ཀྱི་གནད་དོན་ཁག་གཅིག་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་ཡིན་པ་ཙམ་གྱི་དམ་དྲག་བྱེད་བཞིན་པ་མངོན་རྒྱུ་ཡིན་པ་ཐེར་འདོན་གནང་སྟེ།  སྤྱིར་རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་དང་ངོ་རྒོལ་སོགས་རྒྱ་ནག་གི་བཙན་གནོན་ལ་མངོན་གསལ་དོད་པོའི་ངོ་རྒོལ་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་དེ་ཡོངས་གྲགས་ཡིན་ཡང་།  ད་རེས་ཀྱི་སྙན་ཐོ་འདིའི་ནང་གི་གནད་དོན་རྣམས་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་ནས་བོད་མི་སྒེར་གྱི་ཉིན་རེའི་འཚོ་བའི་ཁྲོད་དུ་རིག་གཞུང་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་དག་ཉེས་དོན་དུ་རྩིས་ནས་དྲག་གནོན་བྱེད་བཞིན་ཡོད་པ་དང་། དེའང་ཕྱི་ཕྱོགས་ནས་བལྟས་ན་མངོན་གསལ་མེད་པ་གསུངས་འདུག

ཐེངས་འདིའི་བོད་གནས་ལྟ་ཞིབ་ཁང་གིས་སྙན་ཐོའི་ནང་དུ། བོད་མདོ་སྨད་ཀན་ལྷོ་བོད་རིག་རང་སྐྱོང་ཁུལ་གྱི་རྨ་ཆུ་ས་ཁུལ་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་། འཇམ་དབྱངས་བསམ་གཏན་ལགས་གཉིས་ཀྱི་གནད་དོན་ལུང་འདྲེན་གྱིས་ སྔ་ལོར་གཅིག་དགོན་པ་ནས་ཐད་ཀར་འཛིན་བཟུང་བྱས་པ་དང་། གཅིག་ལ་ཉེན་རྟོག་ཁང་དུ་གཞུང་བཞེས་བཏང་བའི་ཁ་པར་ལེན་དུ་ཡོང་དགོས་སྐོར་དང་འབྲེལ་ནས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་བར་ལོ་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་། ད་བར་ཁོང་གཉིས་བཙོན་ཁང་གང་དུ་ཡོད་མེད་དང་། གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་པ།  རྒྱུ་མཚན་ག་རེའི་ཐོག་ནས་འཛིན་བཟུང་བྱས་པ་སོགས་གང་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ལུང་འདྲེན་གནང་འདུག  མ་ཟད་བོད་མཚོ་སྔོན་མཚོ་ལྷོ་ཁུལ་གྱི་བོད་ཡིག་དགེ་རྒན་ Zeyga Gyatso མཛད་དགའ་རྒྱ་མཚོ་ལགས་སྔ་ལོའི་ཕྱི་ཟླ་ ༧ པའི་ནང་འཛིན་བཟུང་བྱས་ཏེ་ཟླ་བ་དྲུག་ཙམ་གྱི་རིང་ལ་གར་སོང་ཆ་མེད་དུ་གྱུར་རྗེས་འདི་ལོའི་ཕྱི་ཟླ་ ༢ པའི་ནང་གློད་བཀྲོལ་བཏང་ཡོད་པ་དང་། བཙོན་ཁང་ནང་དུ་སྡུག་སྦྱོང་མནར་གཅོད་རྐྱེན་པས་ད་ལྟའི་ཆར་མཛད་དགའ་རྒྱ་མཚོ་ལགས་ལ་མིག་ཐང་པོ་མེད་པ་དང་རུས་ཚིགས་ཀྱི་ནད་གཞི་སོགས་སྐུ་གཟུགས་ཀྱི་གནས་སྟངས་ཡག་པོ་མེད་པ།  མ་ཟད་ཁོང་བཙོན་གྲོལ་བཏང་བའི་རྗེས་སུ་ཕྱིན་ཆད་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་བྱ་སྤྱོད་སྤེལ་རྒྱུ་མིན་པའི་ཁས་ལེན་ཡིག་ཆའི་ཐོག་མཚན་རྟགས་རྒྱག་བཅུག་པའི་གནད་དོན་ཡང་འཁོད་འདུག

དེ་བཞིན་ཕྱི་ལོ་ ༢༠༠༧ ལོར་ཁམས་དཀར་མཛེས་སེར་ཤུལ་རྫོང་དུ་སྐད་ཡིག་རང་དབང་ཆེད་དུ་ལས་འགུལ་སྤེལ་བར་འཛིན་བཟུང་བྱས་པའི་བོད་མི་ཡི་ཤེས་བཟང་པོ་ལགས་ཀྱི་གནད་དོན་ལུང་འདྲེན་གནང་འདུག་པ་དང་། ཁོང་ལོ་ངོ་ ༡༨ རིང་གི་བཙོན་འཇུག་ཁྲིམས་ཆད་མྱོང་རྗེས། འདི་ལོའི་ཕྱི་ཟླ་ ༣ པའི་ཟླ་མཇུག་ཏུ་གློད་བཀྲོལ་བཏང་ཡོད་ཀྱང་། ཁོང་གི་ནང་མི་ཉེ་འབྲེལ་རྣམས་ལ་ལོ་ངོ་ ༡༨ རིང་ཡི་ཤེས་བཟང་པོ་ལགས་ཁྲིམས་ཁང་གང་གིས་ཁྲིམས་ཐག་བཅད་པ་དང་བཙོན་ཁང་གང་དུ་ཡོད་མེད། དེ་བཞིན་གཟུགས་གཞིའི་གནས་སྟངས་ཇི་འདྲ་ཡོད་པ་སོགས་གང་ཡང་ཤེས་རྟོགས་མེད་པར་ལུས་པ་དང་།  ད་ལྟ་གློད་བཀྲོལ་བཏང་བའི་རྗེས་སུ་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་པ།  ཕྱོགས་མཚུངས་ཉེ་ཆར་བོད་ནང་གི་གནས་ཚུལ་ཕྱི་གསལ་བྱུང་བའི་གནད་དོན་ཁྲོད། རྒྱ་གཞུང་གིས་བཙོན་ཁང་ནང་དུ་ལོ་ངོ་ ༡༤ བཙོན་འཇུག་མྱོང་བཞིན་པའི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་ཕྱི་ལོ་ ༢༠༢༢ ནས་བཟུང་སྟེ་རྒྱ་གཞུང་གི་བཙོན་ཁང་ནང་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཆད་མྱོང་བཞིན་པའི་ཚེ་རིང་སྒྲོལ་མ་ལགས་ལ་བཙོན་ཁང་ནང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་རུས་པ་བཅགས་པ་དང་། མིག་དང་། སྙིང་། མཁལ་མའི་ནད་གཞི། དྲན་པ་ཉམས་པ་སོགས་ཀྱི་ནད་གཞི་ཛ་དྲག་ཕོག་ཀྱང་ཁོང་གཉིས་ལ་བཙོན་ཁང་དུ་སྨན་བཅོས་ཀྱི་ཐོབ་ཐང་མ་སྤྲད་པ་མ་ཟད། ནང་མི་ཉེ་འབྲེལ་རྣམས་ལ་ཐུག་འཕྲད་ཀྱང་བྱས་མ་བཅུག་པའི་གནད་དོན་བཅས་ཞིབ་ཕྲ་ལུང་འདྲེན་གནང་བའི་བརྒྱུད།   རྒྱ་ནག་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་ཉེས་མེད་ཉེས་དོན་བཙུགས་ནས་འཛིན་བཟུང་མནར་གཅོད་དང་། བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་པ་མ་ཟད། བོད་མི་དེ་དག་བཙོན་གྲོལ་བཏང་བའི་རྗེས་སུ། ལྟ་སྲུང་དམ་དྲག་ནན་པོ་དང་། ཁས་ལེན་ཡིག་ཆའི་ཐོག་མཚན་རྟགས་རྒྱག་བཅུག་པ།  ཡང་ནས་ཡང་དུ་འཛིན་བཟུང་བྱས་པ་པ་བཅས་ལ་གཞིགས་ཏེ་ Non release release ཞེས་བཙོན་གྲོལ་བཏང་བའི་རྗེས་སུའང་གློད་བཀྲོལ་མ་ཐོབ་པའི་གནས་སྟངས་མྱོང་གི་ཡོད་པ་མ་ཟད། བོད་མི་དེ་དག་ཙམ་མ་ཟད། དེ་དག་གི་ནང་མི་ཉེ་འབྲེལ་དང་གྲོང་ཚོ་དང་དགོན་པ་སོགས་ལ་མཉམ་རུབ་ཀྱི་ཉེས་ཆད་འགེལ་བཞིན་པའི་གནས་སྟངས་མངོན་གསལ་གནང་འདུག

བོད་གནས་ལྟ་ཞིབ་ཁང་གིས་ཐེངས་འདིའི་སྙན་ཐོའི་བརྒྱུད། རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ནས་རྒྱ་ནག་ལྷན་དུ་འབྲེལ་མོལ་ཁྲོད་བོད་མི་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས། གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་ཚེ་རིང་སྒྲོལ་མ་ལགས་བཅས་ཀྱི་གཟུགས་གཞིའི་གནས་སྟངས་ཁ་གསལ་བཟོ་དགོས་པ་དང་། གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་ཚེ་རིང་སྒྲོལ་མ་ལགས་གཉིས་ཀྱི་གཟུགས་གཞིའི་གནས་སྟེངས་བརྟག་དཔྱད་བྱས་ཏེ་ཚུལ་མཐུན་སྨན་བཅོས་བྱེད་དགོས་པ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། རྒྱལ་ཚོགས་ཀྱི་མནར་གཅོད་འགོག་ཐབས་དང་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་བཅས་ནས་བོད་མི་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་གླེང་དགོས་པ། རྒྱ་ནག་གཞུང་ལ་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་རང་གི་ནང་མི་ཉེ་འབྲེལ་དང་ཐུག་འཕྲད་བྱེད་དུ་བཅུག་དགོས་པ་དང་། ཁྲིམས་རྩོད་པའི་ཐོབ་ཐང་སྤྲད་དགོས་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཀྱི་འབྲུ་དོན་བཞིན་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ལ་རང་དབང་རྟོག་ཞིབ་བྱེད་དགོས་པའི་གནོན་ཤུགས་སྤྲད་དགོས་པ། དེ་བཞིན་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པ་ཞེས་ཡོངས་ཁྱབ་ཉེས་དོན་མ་ཡིན་པར། བོད་མི་དེ་དག་སྤྱི་ཚོགས་དྲྭ་རྒྱ་འམ། པར་རིགས་ཉར་ཚགས། སློབ་གྲྭའི་ལས་དོན་བཅས་གནད་དོན་གང་ལ་བརྟེན་ནས་འཛིན་བཟུང་ཉེས་ཆད་བཀལ་བའི་གནད་དོན་བྱེ་བྲག་ཕྱི་གསལ་བྱེད་དགོས་པ་བཅས་ཀྱི་དགོས་འདུན་བཏོན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།