རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཁུལ་དུ་དམ་དྲག་ཤུགས་ཆེར་བྱས་ཡོད་པའི་ཁྲོད་ཟླ་བ་སྔོན་མའི་ཚེས་ ༢༢ ནས་བཟུང་སྟེ་བོད་མི་ ༡༡༣ ཙམ་ཞིག་སྔ་རྗེས་སུ་འཛིན་བཟུང་བྱས་ཡོད་པའི་ཁྲོད། འདས་པའི་བདུན་ཕྲག་གསུམ་གྱི་ནང་ཁྱོན་བོད་མི་ ༡༢༡ ཙམ་འཛིན་བཟུང་བྱས་པ་ཤེས་རྟོགས་བྱུང་བ་ལྟར་ད་ཆ་བཙོན་ཁང་ནང་དུ་ཡོད་པའི་བོད་མི་རྣམས་ལ་ཟས་དང་གྱོན་ཆས་ཡག་པོ་མ་རག་པ་དང་བཀག་ཉར་འོག་བོད་མི་ཁག་ཅིག་ལ་ནད་གཞི་ལྕི་མོ་ཕོག་ཡོད་ཀྱང་སྨན་བཅོས་ཀྱི་མཐུན་འགྱུར་འཐུས་ཚང་མེད་པའི་ཁར་བཙན་དབང་གིས་འདྲི་རྩད་དང་སློབ་གསོ་སོགས་སྤེལ་བའི་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།
དེ་རིང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ཉེ་ཆར་འཛིན་བཟུང་བྱས་པའི་བོད་མི་རྣམས་ལ་བཙོན་ཁང་ནང་དུ་ཟས་གོས་ཡག་པོ་མ་རག་པའི་ངལ་བ་ཆེན་པོ་འཕྲད་བཞིན་པའི་ཁར་བོད་མི་ཁག་ཅིག་ལ་ནད་གཞི་ལྕི་མོ་ཕོག་ཡོད་པ་དང་། དེའི་ཁོངས་ནས་བོད་རིགས་བུད་མེད་ཅིག་ལ་བཀག་ཉར་ཁང་དུ་ནད་གཞི་ལྕི་མོ་ཞིག་ཕོག་སྟེ་སེར་ཤུལ་རྫོང་གི་སྨན་ཁང་དུ་བསྟེན་གཏུགས་གནང་ཡང་སྨན་ཁང་གིས་བཅོས་ཐབས་མེད་སྐོར་བཤད་སྟབས། ཉེན་རྟོག་པས་སྨན་ཁང་གཞན་ལ་བསྟེན་གཏུགས་བྱ་རྒྱུའི་ཆོག་མཆན་སྤྲད་མེད་པ་རེད་འདུག དེ་བཞིན་བཙོན་པ་རྣམས་ལ་ཉིན་ལྟར་བཙན་དབང་གིས་འདྲི་རྩད་དང་སློབ་གསོ་སོགས་སྤེལ་བཞིན་ཡོད་པ་གསུངས་ཡོད།
གནས་ཚུལ་མཁོ་སྤྲོད་པས་ད་དུང་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་འཛིན་བཟུང་བྱས་པའི་ཁོངས་གྲྭ་བསྟན་འཛིན་ཉི་མ་ལགས་དམར་གསོད་བཏང་ཡོད་སྟབས་སྐབས་དེར་འཛིན་བཟུང་བྱས་པའི་བོད་མི་བཞན་རྣམས་ལ་ཡང་བཙོན་ཁང་དུ་ཞལ་ལག་གི་མཐུན་རྐྱེན་ཧ་ཅང་ཞན་རྐྱེན་ནད་གཞི་དྲག་པོ་ཕོག་པ་ཤེས་རྟོགས་བྱུང་སྐོར་གསུངས་ཡོད། ད་ལྟའི་ཆར་རྫ་སྨད་དབོན་པོ་གཅིག་པོར་མ་ཡིན་པར་རྫ་ཆུ་ཁའི་ས་ཁུལ་གཞན་གྱི་ནང་དུའང་དམ་དྲག་གཅིག་མཚུངས་བྱེད་བཞིན་ཡོད་པ་དང་བོད་མི་བཟུང་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་ཐོས་རྒྱུ་ཡོད་སྐོར་གསུངས་སོང་།
རྩ་བའི་རྫ་སྨད་དབོན་པོ་ཁུལ་དུ་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གཞུང་གི་དྲག་ཆས་དམག་མི་བསླེབས་ནས་དམ་དྲག་བྱས་པ་དང་དེ་རྗེས་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༢ ཉིན་སླར་ཡང་ས་གནས་སུ་དྲག་ཆས་དམག་མི་ཕོན་ཆེར་འབྱོར་ཏེ་དེ་སྔ་༸གོང་ས་མཆོག་གི་༸སྐུ་པར་ཉར་མཁན་རྣམ་པ་ཐོ་འགོད་བྱས་ཡོད་པ་གཙོས་བོད་མི་སྐྱ་སེར་ཕོ་མོ་ ༡༡༣ ཙམ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད། དེ་བཞིན་ཕྱི་ཟླ་ ༨ མཇུག་ཏུ་རྫ་སྨད་དབོན་པོ་ཁུལ་ནས་དང་པོ་མི་ ༦༠ དང་དེ་རྗེས་ ༥༣ དེ་རྗེས་ཟླ་བ་འདིའི་ཚེས་ ༣ ཉིན་མི་ ༨ བཅས་ད་བར་ཤེས་རྟོགས་བྱུང་བ་ཁྱོན་བོད་མི་ ༡༢༡ ཙམ་འཛིན་བཟུང་བྱས་ཡོད་པ་རེད། དེའི་ཁོངས་ནས་ད་བར་བོད་མི་ ༤ གློད་བཀྲོལ་བཏང་ཡོད་པ་མ་གཏོགས་གཞན་རྣམས་མུ་མཐུད་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱེད་མུས་ཡིན་པ་རེད།
ད་ལན་འཛིན་བཟུང་བྱས་པའི་བོད་མི་སྐྱ་སེར་ཕོ་མོ་མང་དག་ཅིག་༸གོང་ས་མཆོག་གི་༸སྐུ་པར་ཉར་བ་དང་འབྲེལ་ནས་འཛིན་བཟུང་བྱས་པ་ཞིག་དང་ཁག་ཅིག་ཕྱི་ཕྱོགས་ལ་འབྲེལ་བ་གནང་བ། དེ་བཞིན་བཀའ་མོལ་འདྲ་མིན་གནང་བ། ས་གནས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་མང་དག་ཅིག་འཛིན་བཟུང་བྱས་པ་ཤེས་རྟོགས་ཐུབ་ཡོད་པ་རེད།




