ཟླ་བ་སྔོན་མའི་ཚེས་༢༢ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཁ་བྲལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ཟིན་པའི་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲིས་དབང་ཕྱུགས་ལགས་ཀྱིས་རང་ཉིད་ལ་ཉེས་པ་མེད་པ་ངོས་འཛིན་གྱིས་གོང་རིམ་ལ་ཞུ་གཏུག་ཟིན་ཡོད་པ་རེད་འདུག
དེའང་ཁོང་གིས་ཁྲིམས་ཙོད་པ་སྐུ་ཞབས་ Liang Xiaojun ལགས་ནས་རང་ཉིད་ཀྱི་ twitter དྲ་གནས་ཐོག་བཀྲིས་དབང་ཕྱུག་ལགས་ད་ལྟའི་འཆར་ཡུ་ཤུལ་བཀག་ཉར་ཁང་དུ་ཡོད་པ་དང། ཁོང་གི་སྐུ་གཟུགས་བདེ་ཞིང་གོང་རིམ་ལ་གཏུག་བཤེར་བྱ་རྒྱུར་སེམས་ཐག་ཆོད་པོ་ཡིན་སྐོར་འགྲེལ་བརྗོད་གནང་བ་མ་ཟད། གོང་རིམ་ལ་ཞུ་གཏུག་གི་ལས་དོན་ཟིན་པ་ལྟར་ཁོང་གི་གྱོད་གཞིའི་ཐོག་མཚོ་སྔོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་ཞིབ་གཅོད་བྱ་རྒྱུ་ཡིན་པ་གསུངས་འདུག
གཞི་རྩའི་ཡུ་ཤུ་ནང་རྒྱུན་དུ་ཚོང་ལས་གཉེར་མཁན་བོད་མི་བཀྲིས་དབང་ཕྱུག་ལགས་ནས་རང་ཉིད་ཀྱི་ཚ་མོ་གཙོས་པའི་བོད་ས་ཁྱོན་ཡོངས་ཀྱི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་གྱི་གོ་སྐབས་མེད་པ་གཟིགས་ཏེ། བོད་ཀྱི་སྐད་ཡིག་བདག་དབང་རྩོད་ལེན་སླད་ས་གནས་སྲིད་གཞུང་དང། རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས། ཁྲིམས་ཁང་དང། དབུས་བརྙན་འཕྲིན་ལས་ཁང་བཅས་ལ་ཞུ་གཏུག་ལན་མང་བྱས་པ་མ་ཟད། གནད་དོན་དེ་དང་འབྲེལ་ཨ་རིའི་ནིའུ་ཡོག་དུས་འབབ་ཀྱི་དམིགས་བསལ་བཅར་དྲིའི་ལས་རིམ་ཞིག་གི་ཐོག་ལྷན་བཞུགས་གནང་ཡོད་པ་རེད། དེ་དོན་རྒྱ་ནག་གཞུང་གིས་ཁོང་༢༠༡༦ལོའི་འགོ་སྟོད་དུ་འཛིན་བཟུང་གིས་ལོ་གཉིས་ཙམ་བཀག་ཉར་རྗེས་འདི་ལོའི་ཕྱི་ཟླ་དང་པོའི་ནང་ཁོང་གི་གྱོད་གཞིའི་ཐོག་ཞིབ་དཔྱོད་བྱས་ཏེ། ཟླ་བ་སྔོན་མའི་ནང་རྒྱལ་ཁབ་ཁ་བྲལ་བརྒྱུད་སྐུལ་གྱི་ཉེས་མིང་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།