Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།

Tibetan News Headlines

  • Report Card: Sherig Kalon Tharlam Dolma Changra

རེས་གཟའ་སྤེན་པ། ༢༠༢༤།༠༦།༡༦

  • ཤེས་རིག་བཀའ་བློན་མཆོག་དང་ལྷན་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ལས་དོན་སྐོར་བཅར་འདྲི།

དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོའི་རྗེས་གནང་བཀའ་དྲིན་སྩལ་བ་དང་འབྲེལ། མྱུར་མཛད་མགོན་པོ་ཡེ་ཤེས་ཕྱག་དྲུག་པ་དེ་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་སྟབས། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཐོབ་རྒྱུའི་རྒྱུ་གཙོ་བོ་དེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུ་དེ་ཡིན་པའི་ལམ་སྟོན་བཀའ་དྲིན་སྩལ་སོང་།

Gonnpo Jenang Teaching

དེ་ཡང་སྐྱབས་རྗེ་ཀར་ལུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་མཚམས། མགོན་པོ་༸གང་ཉིད་མཆོག་གིས་མང་ཚོགས་རྣམས་ལ་མགོན་པོའི་རྗེས་གནང་བཀའ་དྲིན་སྩལ་བ་དང་འབྲེལ། མགོན་པོ་ཕྱག་དྲུག་པ་ནི་ང་ཚོ་བོད་གངས་ཅན་ལྗོངས་ལ་ཐུན་མོང་མ་ཡིན་པའི་ལས་འབྲེལ་ཡོད་པའི་ལྷ་སྐལ་ཞིག་ཡིན་པ་དང་། ང་ཚོ་བོད་པ་ཚོས་རྒྱུན་དུ་མགོན་པོ་ཕྱག་དྲུག་པར་ཡིད་ཆེས་གཡོ་བ་མེད་པར་གསོལ་འདེབས་ཞུས་བཞིན་ཡོད་པ་ལྟར་མགོན་པོ་ཕྱག་དྲུག་ནས་ཀྱང་ད་དབར་ང་ཚོ་བོད་མི་ཡོངས་ལ་འཕྲིན་ལས་རྒྱུན་མ་ཆད་པར་གནང་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག ལྷག་པར་རྒྱལ་ཡུམ་ཆེན་པོ་མཆོག་ནས་མགོན་པོ་ཕྱག་དྲུག་མཆོག་ལ་ཐུགས་བརྩེ་བ་ཆེན་པའི་ངང་ང་ཚོའི་མགོན་པོ་ཞེས་འབོད་ཀྱི་ཡོད་སྐོར་དང་། མགོན་པོ་གང་ཉིད་མཆོག་ནས་བཙན་བྱོལ་དུ་མ་ཕེབས་གོང་ལྷ་སའི་ནོར་བུ་གླིང་ཁར་ཡོད་པའི་མགོན་པོ་ཕྱག་དྲུག་པར་མཇལ་ཁ་ཞུས་སྐབས་མགོན་པོ་ཕྱག་དྲུག་མཆོག་ནས་ཞལ་འཛུམ་གི་རྣམ་འགྱུར་སྟོན་ཡོད་པ་སོགས་ཐུགས་དྲན་གསོ་མཛད་དེ་མགོན་པོ་ཕྱག་དྲུག་དང་སེམས་ཐག་ཉེ་པོ་ཡོད་པ་ཙམ་མ་མ་ཟད། མགོན་པོ་ཕྱག་དྲུག་གི་གཅེས་ཕྲུག་ཆགས་ཡོད་ཅེས་བཀའ་སྩལ་སོང་།

Gonnpo Jenang Teaching

མ་ཟད་མགོན་པོ་༸གང་ཉིད་མཆོག་སྐུ་སྒེར་ངོས་ནས་ཉིན་ལྟར་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་བཞེས་མཛད་ཀྱི་ཡོད་པར་བཀའ་སྩལ་ཏེ་མགོན་པོ་ཕྱག་དྲུག་པའི་བཞེས་དགོངས་སྒྲུབ་བསམ་པའི་ཐུགས་བསྐྱེད་མཛད་ཀྱི་ཡོད་ཅེས་དང་། བྱང་ཆུབ་སེམས་འདི་ཉིད་ཀྱི་རང་གཞན་ཀུན་ལ་ཕན་པ་མ་ཟད། རང་གཞན་གཉིས་ཀའི་བདེ་དོན་རྩ་བ་དེ་ཡིན་པ་བཀའ་སྩལ་དང་སྦྲགས། ཚང་མས་བྱང་ཆུབ་སེམས་ལ་དོ་སྣང་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་སྩལ་སོང་།

དེ་བཞིན་༸གོང་ས་མཆོག་གིས་དེ་རིང་ཆོས་འབྲེལ་གསོལ་འདེབས་ཞུས་མཁན་ཤང་པ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་ཀར་ལུ་རིན་པོ་ཆེ་མཆོག་དང་མགོན་པོ་ཕྱག་དྲུག་གཉིས་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་བཀའ་སྕལ་དང་འབྲེལ། བཀའ་སློབ་ལམ་སྟོན་སྩལ་གྲུབ་མཚམས་སུ་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་ཀར་ལུ་རིན་པོ་ཆེའི་ཆོས་ཚོགས་དང་སློབ་མ་ཡོངས་ནས་བཀའ་དྲིན་གཏང་རག་གི་མཎྜལ་བསྟར་འབུལ་ཞུས་སོང་།

Gonnpo Jenang Teaching

གཞི་རྩའི་ཁ་སང་ཆོས་འབྲེལ་གསོལ་འདེབས་ཞུས་མཁན་ཀར་ལུ་རིན་པོ་ཆེ་མཆོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་ཡོད་པ་དང་། སྐབས་དེར་རླུང་འཕྲིན་ཁང་ནས་རིན་པོ་ཆེ་མཆོག་ལ་མགོན་པོའི་རྗེས་གནང་གི་ངོ་སྤྲོད་མདོར་བསྡུས་དང་། དད་ལྡན་པ་རྣམས་ནས་ཀུན་སློང་ཇི་ལྟར་བཅོས་དགོས་མིན་སོགས་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས། རིན་པོ་ཆེ་མཆོག་གིས་མྱུར་མཛད་མགོན་པོ་ཡེ་ཤེས་ཕྱག་དྲུག་པ་དེ་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་དང་། དམིགས་བསལ་གྱི་ཆོས་ལུགས་རིས་མེད་ཀྱི་སྲུང་མ་ཆགས་ཀྱི་ཡོད་ཅིང་། ལྷག་པར་དུ་རི་བོ་དགེ་ལྡན་པའི་སྲུང་མ་གཙོ་བོ་ཡིན་པ་རེད་ཅེས་གསུངས་སོང་།

འབྲེལ་ཡོད་གསར་གནས།

Previous article
Next article

གསར་གནས།