Tibetan Royal Year of 2151 | Year of the Wood Dragon

རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།

Tibetan News Headlines

  • Report Card: Sherig Kalon Tharlam Dolma Changra

རེས་གཟའ་སྤེན་པ། ༢༠༢༤།༠༦།༡༦

  • ཤེས་རིག་བཀའ་བློན་མཆོག་དང་ལྷན་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ལས་དོན་སྐོར་བཅར་འདྲི།

ཁ་སང་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་རམ་ “Biography of Self-manifested Jowo Wati Sangpo” ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་།

དེ་ཡང་དུས་ཐུང་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་དང་དམིགས་བསལ་སྐུ་མགྲོན་ལྷོ་ཕྱོགས་ཧུན་སུར་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་ལགས་ཀྱི་དབུས་པའི་ཕྱི་དྲིལ་དྲུང་ཚབ་དང་དྲུང་འཕར། དུས་ཐུང་འགྲེམས་སྟོན་ཁང་གི་ནང་དོན་འབྲི་རྩོམ་པ་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་མི་སྣ་བཅུ་ཕྲག་ཁ་ཤས་འདུ་འཛོམས་གནང་ཐོག འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས། ཐེངས་འདིའི་དུས་ཐུང་འགྲེམས་སྟོན་གྱི་ནང་དོན་འདི་བཞིན་ཆོས་ལུགས་དང་གནའ་རྫས་ཤུལ་བཞག  ཆབ་སྲིད་ཀྱི་ལོ་རྒྱུས་བཅས་རྣམ་པ་གསུམ་གྱི་ཐོག་ནས་འཕགས་མཆོག་ཝ་ཏི་བཟང་པོ་དང་འབྲེལ་བའི་གནད་དོན་མཚོན་ཐབས་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ད་བར་ཇོ་བོ་དང་འབྲེལ་བའི་ཡིག་ཆ་དང་རྣམ་ཐར་པ་ཁག་ཕྱོགས་བསྡུས་ཀྱིས་དེ་འབྲེལ་ཐུགས་སྣང་གནང་མཁན་ཚོར་གཞི་རྟེན་ཞིག་བསྐྲུན་ཐབས་གནང་ཡོད་ཅེས་གསུངས་སོང་།

ཐེངས་འདིའི་དུས་ཐུང་འགྲེམས་སྟོན་ནང་འཕགས་མཆོག་ཇོ་བོ་ཝ་ཏི་བཟང་པོ་དང་འབྲེལ་བའི་དངོས་རྫས་འདྲ་མིན་ ༡༩ སྒྲིག་གཤོམ་གནང་ཡོད་པ་དང་། དེའི་ཁོངས་གནའ་རྫས་བཅུ་ལྷག་ནི་དམིགས་བསལ་ཇོ་བོ་ཝ་ཏི་བཟང་པོའི་བཞུགས་གནས་འཕགས་པ་ལྷ་ཁང་གི་སྤྲོད་དེབ་དང་ཉམས་གསོ། དེ་བཞིན་དེའི་ནང་གང་ཡོད་མེད་སོགས་དང་འབྲེལ་བའི་ཡིག་རྙིང་ཁག་ཆགས་ཀྱི་ཡོད་པ། དེ་བཞིན་ཡིག་རྙིང་དེ་དག་ཁྲོད་ནས་ཇོ་བོ་ཝ་ཏི་བཟང་པོ་དང་འབྲེལ་བའི་རྣམ་ཐར་རྙིང་ཤོས་ཕྱི་ལོ་ ༡༥༠༡ ལོར་བརྩམས་པའི་ཉི་མའི་དཀྱིལ་འཁོར་ཞེས་པ་དང་། ཕྱི་ལོ་ ༡༩༢༠ ལོར་བརྩམས་པའི་དྲི་མེད་སྣང་བ་ཞེས་པ་གཉིས་འགྲེམས་སྟོན་གནང་འདུག་པ་མ་ཟད། ལྷག་དོན་དེ་སྔ་༸རྒྱལ་བ་༸སྐུ་ཕྲེང་བཅིུག་པ་ཆེན་པོ་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་བཞེས་སྐབས། ཇོ་བོ་ཝ་ཏི་བཟང་པོར་སྟོད་གོས་ཤིག་འབུལ་ལམ་ཞུས་པ་དང་དེ་བཞིན་ཕྱི་ལོ་ ༡༩༤༠ ནས་༨༠ བར་ཝ་ཏི་བཟང་པོས་བཞེས་པའི་ནམ་བཟའ་ཆ་ཚང་བ་གཉིས་པོ་འགྲེམས་སྟོན་འདིའི་ཐོག་ཇོ་བོ་ཝ་ཏི་བཟང་པོའི་རྟེན་གཙོ་བོར་ངོས་འཛིན་གྱིས་སྒྲིག་གཤོམ་གནང་འདུག

འགྲེམས་སྟོན་སླད་ཆེད་དུ་མགྲོན་འབོད་ཞུས་པ་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་དང་དམིགས་བསལ་སྐུ་མགྲོན་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་རེན་པོ་ཆེ་བྱམས་པ་བཟོད་པ་རྣམ་གཉིས་ཀྱིས། འཕགས་མཆོག་ཝ་ཏི་བཟང་པོ་བོད་དུ་གདན་དྲངས་ཚུལ་དང་དེ་ནས་བོད་ལ་དུས་འགྱུར་མ་བྱུང་བར་དུ་སྐྱིད་གྲོང་དུ་བཞུགས་ཤིང་། དུས་འགྱུར་བྱུང་རྗེས་སྐྱིད་གྲོང་གི་འབྲེལ་ཡོད་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲངས་ཏེ། ད་ལྟའི་ཆར་བཞུགས་སྒར་༸རྒྱལ་བའོ་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དམ་གྱི་རྟེན་མཆོག་ཏུ་བཞུགས་མུས་ཡིན་པ་བཅས། ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་འབྲེལ་འཕགས་མཆོག་ཝ་ཏི་བཟང་པོ་ནི་ལོངས་སྐུ་ཐུགས་རྗེ་ཆེ་ཆེན་པོ་དང་། ༸གོང་ས་མཆོག་ནི་སྤྲུལ་སྐུའི་ཐུགས་རྗེ་ཆེན་པོ་ཆགས་ཀྱི་ཡོད་སྟབས། བོད་ཆོལ་ཁ་གསུམ་ཆིག་སྒྲིལ་ཐོག་ནས་དམིགས་བསལ་ཇོ་བོ་ཝ་ཏི་བཟང་པོ་མཆོག་དང་༸མགོན་པོ་གང་ཉིད་མཆོག་རྣམ་གཉིས་ངོ་བོ་དབྱེར་མེད་ལྟ་བའི་ཐོག ཕྱག་མཆོད་སྨོན་ལམ་དང་གསོལ་འདེབས་ཞུས་པ་སོགས་ཚོགས་གསག་སྒྲིབ་སྦྱང་གི་ལས་ལ་འབད་ཚེ་བོད་སྤྱི་བའི་བདེན་མཐའ་སེལ་བར་ཕན་ཐོགས་ཡོང་ངེས་ཡིན་པའི་གཞེན་སྐུལ་གནང་སོང་། 

འདི་ག་རླུང་འཕྲིན་ཁང་ནས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ད་རེས་དུས་ཐུང་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི། རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོ་ནི་བོད་ལ་དུས་འགྱུར་བྱུང་རྗེས་རྒྱ་གར་ནང་གདན་ཞུ་ཐུབ་ཡོད་པའི་བོད་ཀྱི་སྐུ་གསུང་ཐུགས་རྟེན་གྱི་ཁྲོད་ནས་ལོ་རྒྱུས་ཀྱི་བྱུང་བ་ཡུན་རིང་ཤོས་དང་། སྐུ་ཚད་ཆེ་ཤོས། བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། ཉམས་ཆག་འཐོར་སྐྱོན་མེད་པའི་བོད་སྤྱིའི་སྐུ་རྟེན་རྩ་ཆེ་ཤོས་ཤིག་ཡིན་སྟབས། འཕགས་མཆོག་ཝ་ཏི་བཟང་པོ་ནི་ཁ་བ་གངས་ཅན་པའི་སྐྱེ་འགྲོའི་ལས་སྨོན་གྱི་མཐུ་དང་འབྲེལ་བའི་ལྷ་སྐལ་ཞིག་ཡིན་པ་མཁྱེན་རྟོགས་གཏིང་ཟབ་དང་། ལྷག་དོན་འཕགས་མཆོག་གང་གི་མཛད་རྣམ་ལ་ངེས་པ་རྙེད་ནས་དད་གུས་སྐྱེ་ཆེད་དེ་འབྲེལ་བའི་རིག་དངོས་གནའ་རྫས་དང་རྣམ་ཐར། ཡིག་ཚགས་རྙིང་པ་མི་ཉུང་བ་ཞིག་བོད་མི་མང་ཚོགས་ལ་སྤྱན་འབུལ་ཞུས་པ་ཡིན་ཞེས་གསུངས་སོང་།

རྩ་བའི་ཐེངས་འདིའི་དུས་ཐུང་འགྲེམས་སྟོན་དེ་ཕྱི་ཟླ་ ༥ ཚེས་ ༢༢ ནས་ཟླ་བ་བཞི་རིང་གནང་གི་ཡོད་པ་དང་། ཁ་སང་ཉིན་རྒྱབ་ཕྱག་ཚོད་ ༣ ཐོག་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་དགེ་སློང་ཐུབ་བསྟན་ངག་དབང་ལགས་ཀྱིས་ཇོ་བོ་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་བརྩམས་པའི་ཕྱག་དེབ་ཐད་གཏམ་བཤད་ལས་རིམ་ཞིག་ཀྱང་གོ་སྒྲིག་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།