Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཆེ་བསྟོད་ཀྱིས་དགའ་བསུའི་རྟེན་འབྲེལ་མཛད་སྒོ་ཚོགས་པ།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

བཙན་བྱོལ་བོད་མི་གཞུང་དམངས་གཉིས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་འབྲེལ་སྲིད་སྐྱོང་མཆོག་གིས་སྐབས་དེར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་གཏན་འབེབས་བྱུང་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པར་སྙིང་དབུས་ནས་དགའ་བསུ་ཞུས་པ་དང་ད་ཆ་ཁྲིམས་འཆར་དེར་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་ནས་ཨ་རིའི་ཁྲིམས་སུ་བཅད་པའི་ཉིན་མོ་དེ་ནི་བོད་མི་ཡོད་དོ་ཅོག་ཚང་མས་དགའ་སྤྲོ་འོས་པའི་གནས་སྟངས་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་སོང་།

US delegation Felicitation

དེ་ཡང་དེ་རིང་སྔ་དྲོའི་ཚོུད་ ༩.༣༠ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གོ་སྒྲིག་གནང་བའི་དགའ་བསུའི་རྟེན་འབྲེལ་མཛད་སྒོར་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Michael McCaul ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་འཐུས་མི་ལས་ཐོག་ལྕམ་ནན་སི་པེ་ལོ་སི་མཆོག་གི་གཙོས་པའི་གྲོས་ཚོགས་འཐུས་མི་བདུན་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དང་དེ་བཞིན་ཁོང་རྣམས་དང་ལྷན་དུ་འབྲེལ་ཡོད་ནང་མི་དང་གཞུང་འབྲེལ་ལས་བྱེད་ཁག་ཅིག་བཅས་ཁྱོན་མི་སྣ་ ༣༠ ཙམ་ཕེབས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མི་མང་། སློབ་ཕྲུག་བཅས་ལྷན་འཛོམས་གནང་ཡོད།

US delegation Felicitation

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་རེས་ཨ་རིའི་གྲོས་ཚོགས་འོག་མའི་ཆེས་མཐོའི་སྐུ་ཚབ་ཚོགས་ཚུང་བཞུགས་སྒར་དུ་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་བ་དང་འབྲེལ་ནས་ཆེད་ཕེབས་གནང་བར་དགའ་བསུ་ཞུས་པ་དང་སྦྲགས་ཐེངས་འདིའི་སྐུ་ཚབ་ཁོངས་སུ་ཡོད་པ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་འཐུས་མི་ལས་ཐོག་ལྕམ་ Nancy Pelsosi མཆོག་ལ་མཚོན་ན་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ཁོང་གིས་སྣེ་ཁྲིད་འོག་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་མྱོང་ཡོད་པས་ད་རེས་འདི་ལོ་བདུན་གྱི་རྗེས་སུ་ཆེད་ཕེབས་གནང་བ་ཞིག་ཆགས་ཀྱི་ཡོད་པ་གསུངས་ཏེ་འདིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་སྲིད་དོན་ཚོགས་པ་གཉིས་ཀས་བོད་མིར་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་པའི་རྣམ་པ་མངོན་གྱི་ཡོད་པ་གསུངས་སོང་།

HHDL audience with US Delegation

ལྷག་དོན་སྲིད་སྐྱོང་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེར་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་ནས་ཨ་རིའི་ཁྲིམས་སུ་བཅད་པའི་ཉིན་མོ་དེ་ནས་བཟུང་ཁྲིམས་འཆར་འདིས་རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་ལོ་རྒྱུས་ཀྱི་བདེན་པ་མིན་པའི་འགྲེལ་བཤད་ལ་ཁ་གཏད་གཅོག་རྒྱུའི་ཨ་རིའི་ལངས་ཕྱོགས་སྲ་བརྟན་དུ་གཏོང་རྒྱུ་མ་ཟད། འདི་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་དང་ལྷན་གྲོས་མོལ་བྱ་སའི་མདུན་ཅོག་སྟེང་ཡོད་པར་དབུ་མའི་ལམ་དེ་ལག་ཆ་དང་གོ་སྐབས་དང་པོར་འགྱུར་ངེས་ཡིན་སྟབས། ཁྲིམས་འཆར་དེར་ནམ་ཞིག་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་པའི་ཉིན་མོ་དེ་ནི་འཛམ་གླིང་ས་ཕྱོགས་གང་སར་གནས་འཁོད་བོད་མི་ཡོད་དོ་ཅོག་ཚང་མས་དགའ་སྤྲོ་གནང་འོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ཅེས་གསུངས་སོང་།

US delegation Felicitation

ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་གནང་མཁན་སྐུ་ཞབས་ Michael McCaul ལགས་ཀྱིས། ཁོང་གི་སྐུ་ཚབ་ཚོགས་ཆུང་ད་རེས་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་མོལ་གནང་རྒྱུའི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་རྒྱ་གཞུང་གིས་བོད་ས་དབང་བསྒྱུར་བྱས་ཏེ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་སྐུ་འཁོར་ལྷན་རྒྱས་རྒྱ་གར་ལ་བྲོས་བྱོལ་ལ་ཕེབས་དགོས་བྱུང་ནས་ད་ཆ་མི་ལོ་ ༦༥ འཁོར་གྱི་ཡོད་པའི་ཁྲོད་རྒྱ་གཞུང་གིས་མུ་མཐུད་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་བཞིན་ཡོད་ཀྱང་༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་དང་ལྷག་དོན་ཨ་རིའི་གཞུང་ངོས་ནས་རྒྱ་གཞུང་གིས་བཤད་ཚུལ་དེར་ཡིད་ཆེས་གཏན་ནས་གནང་གི་མེད་པ་མ་ཟད། བོད་མི་རྣམས་ལ་རང་མི་རིགས་ཀྱི་ཁྱད་དུ་འཕགས་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་ལོ་རྒྱུས་ཀྱི་བདེན་དཔང་ངོ་བོ་ཡོད་སྟབས། ད་རེས་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དེ་ཉིད་རྒྱ་གཞུང་གིས་ཉེན་བརྡ་ལ་ལྟོས་མེད་བཞུགས་སྒར་དུ་བཅར་ཡོད་ཅེས་དང་། ལྷག་དོན་ཁྲིམས་འཆར་འདིའི་བརྒྱུད་རྒྱ་གཞུང་གིས་བོད་དང་འབྲེལ་བའི་ལོ་རྒྱུས་ཀྱི་བདེན་པ་མིན་པའི་འགྲེལ་བཤད་ལ་ཁ་གཏད་གཅོག་རྒྱུའི་ཨ་རིའི་ལངས་ཕྱོགས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་ནན་བརྗོད་གནང་སོང་།

US delegation Felicitation

དེ་བཞིན་སྐུ་ཞབས་ McCaul ལགས་ཀྱིས་བོད་མི་རྣམས་ནས་འདས་པའི་ལོ་ངོ་ ༦༥ དེའི་རིང་ཉིན་ལྟར་ཆད་མེད་རང་གི་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་སྲུང་སྐྱོབ་དང་རང་ཐག་རང་གཅོད་སླད་འཐབ་རྩོད་མུ་མཐུད་བྱེད་མུས་ཡིན་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ངོས་ནས་རང་གི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་གིས་བོད་མིར་བཙན་གནོན་གཏོང་རྒྱུ་མཚམས་འཇོག་དགོས་པ་གསུངས་ཏེ་ཁོང་གིས་རེ་བར་༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་ཉིན་ཞིག་ཕ་ཡུལ་བོད་ལ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་གསུངས་སོང་།

US delegation Felicitation

དེ་བཞིན་ཆེས་མཐོའི་སྐུ་ཚབ་ཁོངས་སུ་ཡོད་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Gregory Meeks ལགས་དང་Jim Mcgovern ལགས་རྣམ་གཉིས་ཀྱིས། རྒྱ་གཞུང་ནས་ད་ཆ་བོད་ནང་གི་བོད་མིའི་ཐོག་དྲག་གནོན་ཆེས་ཆེར་བྱས་བཞིན་པའི་ཁྲོད་བཅའ་སྡོད་སློབ་གྲྭ་བརྒྱུད་བོད་ཕྲུག་ཚོར་དམིགས་དབེན་གྱིས་བོད་མིའི་ངོ་བོ་རྩ་མེད་བཟོ་བཞིན་པ་མ་ཟད། བོད་ནང་གི་ཆོས་སྡེ་ཁག་གི་དབུ་ཁྲིད་གཙོས་སྒྱུ་རྩལ་བ་དང་དགེ་རྒན་སོགས་གང་བྱུང་འཛིན་བཟུང་བཀག་ཉར་བྱེད་བཞིན་པར་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གྱིས་རྒྱ་གཞུང་ལ་འཕྲད་མར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་གིས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་༸གང་ཉིད་མཆོག་གི་སྐུ་ཚབ་ལྷན་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་གྲོས་མོལ་གནང་སྟེ་བོད་མིར་རང་སྲིད་རང་སྐྱོང་གི་གནད་བབ་སྤྲད་དགོས་པའི་རེ་སྐུལ་གནང་བ་དང་། སྐུ་ཞབས་Jim Mcgovern ལགས་ཀྱིས་ཁོང་ད་རེས་བཞུགས་སྒར་དུ་ཐེངས་གཉིས་པ་བཅར་གྱི་ཡོད་པ་དང་ཁོང་ནས་མུ་མཐུད་བོད་མིར་རྒྱབ་སྐྱོར་གྱིས་བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ་འཐབ་རྩོད་གནང་རྒྱུ་མ་ཟད། བོད་ལ་ནམ་ཞིག་སྐྱིད་པའི་ཉི་མ་ཤར་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་སོང་།

US delegation Felicitation

གཞན་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ Mariannette Miller-Meeks ལགས་དང་ Nicole Malliotakis ལགས། སྐུ་ཞབས་ Ami Ber ལགས་བཅས་གསུམ་གྱིས། ཁོང་རྣམས་ད་རེས་བཞུགས་སྒར་དུ་བཅར་རྒྱུ་དང་ལྷག་དོན་༸གོང་ས་མཆོག་མཇལ་མོལ་གྱིས་བཀའ་སློབ་སྩལ་བར་དགའ་སྤྲོ་དཔག་མེད་བྱུང་ཞེས་དང་ཁྱེད་ཚོའི་འཐབ་རྩོད་ནི་ང་ཚོའི་འཐབ་རྩོད་ཡིན་ཞེས་གསུངས་ཏེ་ང་ཚོའི་ངོས་ནས་མཉམ་འབྲེལ་ཐོག་རྒྱ་གཞུང་ལ་གདོང་ལེན་བྱ་དགོས་ཀྱི་རེད་ཅེས་གསུངས་སོང་བ་མ་ཟད། རྒྱ་གར་གཞུང་ལ་༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་ད་བར་སྐྱབས་བཅོལ་དུ་བཞུགས་བཅུག་པར་ཐུགས་རྗེ་ཆེ་ཞུས་སོང་།

US delegation Felicitation

ལྷག་དོན་ཆེས་མཐོའི་སྐུ་ཚབ་ཁོངས་སུ་ཡོད་པ་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་གྲོས་ཚོགས་འཐུས་མི་ལས་ཐོག་ལྕམ་ Nancy Pelosi མཆོག་གིས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནི་ང་ཚོར་སེམས་འགུལ་མཛད་གནང་མཁན་གྱི་སྙིང་རྗེ་བདག་ཉིད་ཅན་དང་ཕུགས་བསམ་ཅན། དེ་བཞིན་རེ་བའི་བདག་ཉིད་ཅན་ཞིག་ཡིན་གསུངས་ཏེ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་རིང་བརྟན་རྒྱུ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་རླབས་ཆེན་མཛད་རྗེས་དག་ཇི་སྲིད་བར་དུ་གནས་རྒྱུ་ཡིན་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་མཚོན་ན་ཁོ་པ་འདས་གྲོངས་སོང་རྗེས་སུས་ཀྱང་ཁྱེད་ལ་བྱ་བ་གང་ཞིག་བསྒྲུབས་པའི་ངོ་སོ་སྤྲད་ཀྱི་མ་རེད་ཅེས་ནན་བརྗོད་གནང་སོང་བ་མ་ཟད། ད་རེས་ཨ་རིའི་གྲོས་ཚོགས་འོག་མས་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་བ་དེར་ཡུལ་དེའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་སུ་གཅད་རྒྱུ་དེས་ཨ་རིའི་གཞུང་ངོས་ནས་རྒྱ་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ཐད་བརྡ་ལན་ཤུགས་ཆེ་སྤྲོད་ཀྱི་ཡོད་སྐོར་གསུངས་སོང་།

US delegation Felicitation

ཁྱད་པར་དུ་ལྕམ་སྐུ་མཆོག་དེ་སྔ་བོད་ནང་དུ་བསྐྱོད་པའི་ཁྲོད་པོ་ཏཱ་ལའི་ནང་གི་༸རྒྱལ་བའི་གཟིམ་ཆུང་གཟིགས་ཡོད་པ་དང་ཆབས་ཅིག དེ་དུས་རང་ཁོང་སྐུ་ཚབ་རྣམ་པས་༸གོང་ས་མཆོག་གང་མགྱོགས་གཟིམ་ཆུང་དེ་གར་ཆིབས་བསྒྱུར་བསྐྱང་ཐུབ་ཆེད་ཐབས་ཤེས་སྒོ་ཀུན་ནས་ཞུ་རྒྱུའི་ཁས་ལེན་གནང་ཡོད་པའང་གསུངས་སོང་།

US delegation Felicitation

འབྲེལ་ཡོད་གསར་གནས།

གསར་གནས།