བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་མཆོག་གིས་ IPAC ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་གྲོང་ཁྱེར་ཧེག་ནང་སྐོང་འཚོགས་གནང་བའི་ IPAC འམ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས་དང་འབྲེལ། ལྷན་ཚོགས་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་རྒྱུན་སྐྱོང་དང་། ལྷག་པར་རྒྱ་ནག་གིས་རང་གི་འདོད་ཕྱོགས་ལྟར་རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་སྒྲོམ་གཞིར་བསྒྱུར་བ་གཏོང་བཞིན་པའི་དམིགས་ཡུལ་དང་མཇུག་འབྲས། དེ་བཞིན་དེའི་ཤུགས་རྐྱེན་ཇི་ཐེབས་བཅས་ཀྱི་ཐོག་ཞིབ་འཇུག་གིས་དེ་འབྲེལ་མཉམ་ལས་ཐོག་གདོང་ལེན་གནང་དགོས་པ་གསུངས་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་ནང་གི་འཚམས་གཟིགས་དང་འབྲེལ། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ནི་དར་ལེནྜ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་གཞུང་འབྲེལ་ཡི་གེ་ཞིག་གཏོང་བའི་བརྒྱུད། གྲོས་ཚོགས་འཐུས་མི་རྣམས་ནས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་རྒྱུ་མེད་པའི་སྡིགས་ར་བསྐུལ་ཡོད་པ་མ་ཟད། བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་པས་དེ་འབྲེལ་ཕྱིའི་ཐེ་བྱུས་རིགས་ལ་རྒྱ་ནག་གཞུང་ཕྱོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་འདུག་པར། སྤྱི་ཚོགས་དྲྭ་ལམ་ཐོག་བོད་མི་གཙོས་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་གཞུང་གི་བྱེད་བབ་དེར་སྐྱོན་བརྗོད་ནན་པོ་དང་འབྲེལ། དེ་ནི་རྒྱ་ནག་གིས་བོད་དེ་བཞིན་འཆར་གཞི་ལྡན་པའི་ཐོག་ནས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་ཁ་བྲལ་གཏང་རྒྱུར་དམིགས་པའི་ཐབས་ཤེས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་སུ་དང་མཇལ་འཕྲད་གནང་དགོས་མིན་ཐད་རྒྱ་གཞུང་ལ་དབང་ཆ་མེད་སྐོར་དང་ཆབས་ཅིག །འདི་ལྟ་བུའི་ཐེ་གཏོགས་བྱས་པ་ནི་ཧ་ཅང་གི་ཉེས་སྤྱོད་ཚབས་ཆེན་ཞིག་ཡིན་པ་སོགས་ཀྱི་མཆན་སྐྱོན་བཞིན་འདུག ད་དུང་ཁག་གཅིག་གིས་རྒྱ་གཞུང་གི་དྲག་གནོན་ལ་ལྟོས་མེད་ནི་དར་ལེནྜ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་བར་དགའ་བསུའི་མཚམས་འདྲི་ཡང་ཞུ་བཞིན་འདུག དེ་དོན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གི་དྲག་གནོན་ལ་ལྟོས་མེད། ཁ་སང་ནི་དར་ལེནྜ་གྲོང་ཁྱེར་ཧེག་ (Hague) དུ་སྐོང་འཚོགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་གླིང་ཆེན་དྲུག་གི་རྒྱལ་ཁབ་ ༣༠ ནས་གྲོས་ཚོགས་འཐུས་མི་ ༥༢ མཉམ་ཞུགས་ཀྱིས་གཙོ་བོ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐང་རྡོག་རོལ་གཙོས་མང་གཙོ་དང་བདེ་འཇགས། རང་དབང་། དེ་བཞིན་གོ་ལའི་ཆབ་དཔལ་རིག་གསུམ་གྱི་སྒྲོམ་གཞིར་རང་སྣང་གང་དྲན་གྱིས་བསྒྱུར་བ་གཏོང་བཞིན་པའི་གནད་དོན་དག་གོ་བསྡུར་གྱིས། དེ་འབྲེལ་མཉམ་ལས་ཐོག་རྒྱ་གཞུང་ལ་གདོང་ལེན་ཇི་བྱས་ཐོག་བསམ་ཚུལ་བརྗེ་ལེན་དང་། དེ་བཞིན་རྒྱ་ནག་དམར་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཐོག་ནས་རྒྱལ་སྤྱིའི་ནང་ཉེན་ཁ་འདྲ་མིན་བཟོས་དང་བཟོ་བཞིན་པར་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་བྱུས་ཐོག་བགྲོ་གླེང་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་གི་གསུང་བཤད་གནང་བའི་ཁྲོད། གྲོས་ཚོགས་འཐུས་མི་རྣམས་ནས་བོད་ཀྱི་ལོ་རྒྱུས་དེ་བཞིན་རྒྱ་གཞུང་གི་འཁྱོག་བཤད་ལ་མི་བརྟེན་པར་ཁུང་ལུང་ལྡན་པའི་ལོ་རྒྱུས་ཡིག་ཆ་དང་ཁྲིམས་ལུགས་ཀྱི་ལྟ་ཚུལ་ཐོག་ནས་གཟིགས་གལ་ཆེ་བའི་ཐོག །བོད་པའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནས་བབ་ཐོག་ཡིད་རྟོན་རུང་བའི་གོ་རྟོགས་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཙམ་མ་ཟད། རྒྱ་ནག་གིས་རང་གི་འདོད་ཕྱོགས་ལྟར་རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་སྒྲོམ་གཞིར་བསྒྱུར་བ་གཏོང་བཞིན་པའི་དམིགས་ཡུལ་དང་མཇུག་འབྲས། དེ་བཞིན་དེའི་ཤུགས་རྐྱེན་ཇི་ཐེབས་བཅས་ཀྱི་ཐོག་ཞིབ་འཇུག་གིས་ནུས་པ་མཉམ་སྤུངས་ཐོག་གདོང་ལེན་གནང་དགོས་པ་གསུངས་འདུག མ་ཟད། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་འདི་ཉིད་ཚོད་འཛིན་བྱེད་ཐབས་བྱེད་བཞིན་པར་ཐུགས་འཚབ་གསལ་སྟོན་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམས་ནས་ཐེ་བྱུས་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། དེ་འབྲེལ་དེ་སྔ་ཨ་རི་གཞུང་དང་། ཨིན་ཡུལ། འཇར་མ་ནི། ཧྥ་རན་སི། ནི་དར་ལེཎྜ། ཨཱ་ཨིས་ལེནྜ། ལི་ཐུ་ནི་ཡཱ། ཨི་སི་ཏོ་ནི་ཡ་བཅས་ཚུད་པའི་ཡུ་རོབ་ཀྱི་རྒྱལ་ཁབ་དྲུག་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཐོབ་ཐང་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ལ་ངོ་རྒོལ་བྱེད་པའི་གྲོས་ཆོད་གཏན་འབེབས་གནང་དོན་ལྟར། རྒྱལ་ཁབ་གཞན་ཚོས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག དེ་བཞིན་རྒྱ་གཞུང་གིས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་བོད་ནང་དུ་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཁྲོད།  ད་ལྟའི་ཆར་བོད་ལྟ་བུར་མཚོན་ན་འཛམ་གླིང་ནང་རང་དབང་ཆུང་ཤོས་ཀྱི་རྒྱལ་ཁབ་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་མངོན་གསལ་དང་འབྲེལ།  རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་བོད་པའི་བྱིས་པ་རྣམས་བཙན་དབང་གིས་བཅུག་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དང་། ལྷག་པར་བོད་ཀྱི་ཁོར་ཡུག་གཏོར་བཤིག་ཁྲོད་བོད་ནང་གང་བྱུང་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་སོགས་ཀྱི་འཛུགས་བསྐྱུན་ལས་གཞི་རྒྱ་ཆེ་སྤེལ་བ་དག་གིས་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་ཁོར་ཡུག་གནས་སྟངས་ལ་བསྒྱུར་བ་གཏོང་ཉེན་ཡིན་པའི་དེ་འབྲེལ་ཡིད་གཟབ་གནང་དགོས་གལ་དང་ཆབས་ཅིག །འདི་ལྟ་བུའི་ལས་གཞི་འཕྲལ་མར་མཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག གཞི་རྩའི་སྲིད་སྐྱོང་མཆོག་གི་ཚོགས་འདུའི་ཞོར་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་དང་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ (Jan Paternotte) ལགས་གཙོས་པའི་པ་ན་མ་དང་། ཉི་འོང་། ཐེ་ཝན། ཨིན་ཡུལ། ཪོ་མ་ནི་ཡ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཙམ་མ་ཟད། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་བཅར་འདྲིར་དང་ལེན་གནང་ཡོད་པ་རེད།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་ནང་གི་གཞུང་འབྲེལ་འཚམས་གཟིགས་འགོ་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱལ་ས་ལྡི་ལི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་ནས་ཁ་སང་ནི་དར་ལེནྜ་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཁུལ་དེའི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་གཙོ་བོ་གྲོང་ཁྱེར་ Hague ནང་དུ་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་ཐེངས་ ༦ པའི་ཐོག་གདན་ཞུ་ཕུལ་བ་ལྟར་ལྷན་ཞུགས་གནང་གི་ཡོད་པ་རེད། དེ་ཡང་ཁ་སང་ཚེས་ ༣ ཉིན་སྲིད་སྐྱོང་མཆོག་ནི་དར་ལེནྜ་ཀྱི་ཤེ་ཕོལ་ (Schiphol) གནམ་ཐང་དུ་ཕེབས་འབྱོར་སྐབས་སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ལགས་དང་ཡུ་རོབ་བོད་དོན་ཞུ་གཏུག་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས། ས་གནས་བོད་རིགས་ཚོགས་པའི་ཚོགས་མི་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་མ་ཟད། དེ་ཉིན་སྲིད་སྐྱོང་མཆོག་གིས་ AP གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་རྒན་པ་དང་། La Libre Belgique གྱི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་བའི་ཁྲོད། བོད་དོན་དང་འབྲེལ་བའི་གནད་དོན་མང་དག་གཅིག་གི་ཐོག་གླེང་སློང་དང་།  ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དེ་བཞིན་ཡིད་རྟོན་རུང་བ་དང་ཁྲིམས་མཐུན་གྱི་ལྟ་སྟངས་ཐོག་ནས་འགྲེལ་བརྗོད་གནང་རྒྱུ་གལ་ཆེན་ཡིན་པར་ནན་བརྗོད་དང་འབྲེལ། སློབ་དཔོན་ལའོ་ལགས་ཀྱིས་ཨིན་ཡིག་ཐོག་འདོན་སྤེལ་གནང་བའི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་དེ་དང་རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་སྐུ་ཞབས་ Michael van Walt ལགས་ཀྱིས་བོད་ཀྱི་གནས་བསྡུས་ཉི་ཤུ་ཉི་ཤུ་ཞེས་པའི་དཔེ་དེབ་ངོ་སྤྲོད་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་མ་ཡིན་པ་ར་སྤྲོད་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཉིན་གྲངས་ཁ་ཤས་རིང་ནི་དར་ལེནྜ་ནང་གི་འཚམས་གཟིགས་དེའི་ཁྲོད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ (IPAC) ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་ལྷན་ཞུགས་ཀྱིས་གསུང་བཤད་དང་། ཌཆ་གཞུང་གི་ལས་བྱེད་དང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད། དེ་བཞིན་རྒྱལ་སྤྱི་དང་ཌཆ་གསར་འགྱུར་བརྒྱུད་ལམ་ཁག་དང་འབྲེལ་མཐུད་གནང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་པ་རེད། ད་རེས་ནི་དར་ལེནྜ་ནང་གི་འཚམས་གཟིགས་འདི་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བསྐྱར་དུ་སྲིད་སྐྱོང་དུ་འདེམས་ཐོན་རྗེས་ས་གནས་སུ་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་འདི་ནི་གཙོ་བོ་ད་ལྟའི་བོད་ནང་གི་གནས་སྟངས་ཐོག་རྒྱལ་སྤྱིའི་དོ་སྣང་བསྐྱར་གསོ་དང་བོད་དོན་ཐོག་རྒྱབ་སྐྱོར་འཚོལ་བའི་གོ་སྐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། ནི་དར་ལེནྜ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་རྗེས་སྲིད་སྐྱོང་མཆོག་ཟླ་ ༡༢ ཚེས་ ༢༠ བར་ཨ་རི་དང་ཁེ་ན་ཌ། སྦེལ་ཀོབ་བཅས་སུ་ཕྱོགས་ཕེབས་གནང་གཏན་ཁལེ་ཡོད།

ཨོ་གླིང་དང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་པ་བསྐོ་བཞག

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་དང་།  བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་འདུག དེ་ཡང་ཁ་སང་ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་གི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ པའི་ནང་གསེས་ ༡ དགོངས་དོན་ལྟར། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་ཞེས་གསལ་བ་ལྟར། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་ལོ་གསུམ་རིང་བསྐོ་གཞག་གནང་བ་དང་ཁོང་ནས་ཕྱི་ལོ་ ༢༠༢༧ ཟླ་ ༣ ཚེས་ ༢༡ ནས་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་པ་རེད། དེ་བཞིན་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་ལོ་བཞིའི་རིང་བསྐོ་གཞག་གནང་ཡོད་པ་དང་ཁོང་ནས་ཕྱི་ལོ་ ༢༠༢༧ ཟླ་ ༣ ཚེས་ ༢༢ ནས་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་དངོས་སུ་འགོ་འཛུགས་གནང་རྒྱུ་རེད་འདུག

སྲིད་སྐྱོང་མཆོག་ནས་འཇར་མན་གྱི་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་མཚམས། འཇར་མན་དུ་ཕེབས་ཐོན་དང་འབྲེལ་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་འཇར་མན་གྱི་ KAS ཐེབས་རྩ་ཁང་གི་མཐོ་རིམ་འགོ་ཁྲིད་བཅས་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་སློང་གནང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་འདིའི་ཚེས་ ༡༥ ཉིན་འཇར་མ་ནིའི་རྒྱལ་ས་སྦར་ལིན་དུ་ཕེབས་ཐོན་གྱིས་གཞུང་འབྲེལ་འཚམས་གཟིགས་ཉིན་མཐའ་མར་འཇར་མན་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Brand ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གྱིས་དམིགས་བསལ་ཚོགས་འདུ་ཞིག་སྐོང་འཚོགས་གནང་འདུག་ཅིང་། སྐབས་དེར་གྲོས་ཚོགས་འཐུས་མིའི་ཁོངས་སུ་འབུམ་རམས་པ་ Dr.Carolin Wagner ལགས་དང་ David Gregosz ལགས་བཅས་དང་། དེ་བཞིན་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་བཅས་ནས་མཉམ་ཞུགས་གནང་ཡོད་འདུག ཚོགས་འདུའི་ཐོག་སྲིད་སྐྱོང་མཆོག་གིས་འཇར་མན་གཞུང་མང་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་། དེ་བཞིན་བོད་མིའི་ངོ་བོ་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གྲོས་ཚོགས་ཀྱི་སྔ་དྲོའི་ལས་རིམ་ཐོག་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་དུ་དྲག་རྒོལ་བྱུང་བའི་གནད་དོན་སྐོར་གླེང་སློང་གནང་བ་དང་འབྲེལ། དོན་རྐྱེན་དེའི་འོག་དོན་ཁང་གི་ཁང་མིག་གཉིས་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་སྐོར་དང་། སྐབས་དེར་སྐུ་ཚབ་དོན་གཅོད་དོན་གྲུབ་རྒྱལ་པོ་ལགས་སྒེའུ་ཁུངས་ནས་ཕྱིར་ཐོན་ཐུབ་སྟེ་རྨས་སྐྱོན་ཚབས་ཆེ་ཕོག་མེད་ཀྱང་། དེ་ལྟ་བུའི་དྲག་རྒོལ་ནི་ཉེ་བའི་ཟླ་བ་ཁ་ཤས་ནང་ཐེངས་གཉིས་པ་ཡིན་པ་གསལ་སྟོན་གནང་སྟེ། འདི་ནི་རྐུན་མ་དང་འཕྲོག་བཅོམ་གྱི་དོན་རྐྱེན་ཙམ་ཞིག་མ་ཡིན་པར་འཇིགས་སྐུལ་དང་གཏོར་བཤིག་གཏང་དགོས་བསམ་པའི་བྱ་སྤྱོད་ཅིག་ཡིན་པ་ནན་བརྗོད་ཀྱིས། ཡུ་རོབ་རྒྱལ་ཁབ་དང་ལྷོ་ཨ་ཕི་རི་ཀར་རྟེན་གཞི་བྱས་པའི་ཕྱི་འབྲེལ་གཞུང་ཚབ་ཁང་ནས་གནད་དོན་དེར་ཐུགས་འཚབ་ཡོད་པ་གསལ་བསྒྲགས་དང་། འབྲེལ་ཡོད་འཛིན་སྐྱོང་ནས་ཞིབ་འཇུག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇེ་ཆེར་འགྲོ་བཞིན་པའི་སྐབས་སྐུ་ཚབ་དོན་ཁང་གི་བདེ་འཇགས་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུག ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་ཞབས་པུས་གཤག་བཅོས་ལེགས་གྲུབ་རྗེས་ད་ལྟའི་ཆར་སྐུ་གཟུགས་གསལ་ཐང་ཐོག་ཉིན་ལྟར་དམངས་ལ་མཇལ་ཁ་སྩལ་བཞིན་པའི་སྐོར་དང་འབྲེལ། རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་མ་ཟད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་དེར་ཁ་གཡར་ཏེ་བཙན་གནོན་གྱིས་མི་རིགས་བསྲེས་སྒྱུར་བྱེད་བཞིན་པ་དང་། གཞན་ཡང་རྒྱ་ནག་གིས་བོད་ནང་གཞི་རྒྱ་ཆེ་བའི་ཆུ་མཛོད་འཛུགས་སྐྲུན་བྱས་པའི་བརྒྱུད་བོད་མཐོ་སྒང་གི་ཁོར་ཡུག་དང་། རྒྱལ་ཁབ་གཞན་གྱི་ཆུའི་བདེ་འཇགས་ལ་གནོད་སྐྱོན་འཕྲད་བཞིན་པར་སེམས་འཚབ་བསྟན་པ་དང་ཆབས་ཅིག །བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གྱིས། འཇར་མན་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་འཛུགས་གནང་དགོས་པའི་འབོད་སྐུལ་དང་འབྲེལ་གྲོས་ཚོགས་འཐུས་མི་རྣམས་ལ་དྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་སུ་འཚམས་གཟིགས་སུ་ཕེབས་རྒྱུའི་མགྲོན་འབོད་གནང་འདུག ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་ཁྲོད་སྲིད་སྐྱོང་མཆོག་དང་ལྷན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་འགན་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་རྣམ་གཉིས་ལྷན་བཅར་ཞུས་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་ནས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་སྲིད་སྐྱོང་མཆོག་ནས་འཇར་མན་གྱི་གནད་ཡོད་མི་སྣ་ཁག་གཅིག་མཇལ་མོལ་ཁྲོད་བཀའ་མོལ་གཞན་གང་བྱུང་མིན་ཐད་བཀའ་འདྲི་ཞུས་ཡོད། ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་གིས་ Konrad-Adenauer-Stiftung (KAS) ཞེས་པའི་ལས་ཁུངས་སུ་ཆེད་ཕེབས་དང་འབྲེལ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་ Konrad-Adenauer-Stiftung གྱི་འགན་འཛིན་ཟུར་པ་འབུམ་རམས་པ་ (Dr. Hans-Gert Pöttering) ལགས་དང་མཇལ་འཕྲད་ཀྱིས་ཐབས་བྱུས་ཐོག་གྲོས་བསྡུར་གནང་ཞིང་། སྐབས་དེར་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་ཀྱི་འགྱུར་ལྡོག་དང་། ཡུ་རོབ་ཀྱི་ཕྱི་འབྲེལ་སྲིད་བྱུས། གླེང་སྟེགས་འདྲ་མིན་ཐོག་མཉམ་འབྲེལ་གྱི་བོད་དོན་ཞུ་གཏུག་རྒྱ་ཆེར་གཏོང་རྒྱུ་བཅས་ཀྱི་ཐོག་གླེང་སློང་གནང་ཡོད། མ་ཟད་སྲིད་སྐྱོང་མཆོག་གིས་བཙན་བྱོལ་དུ་བོད་མིའི་མི་འབོར་འགྱུར་ལྡོག་གི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མང་གཙོའི་སྙིང་སྟོབས་བཅས་སྲུང་སྐྱོབ་བྱ་རྒྱུའི་གལ་ཆེའི་རང་བཞིན་ལ་ནན་བརྗོད་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགུལ་ཁག་གཅིག་སྟེ། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དང་། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན། དེ་བཞིན་འཛམ་གླིང་ཡུལ་གྲུ་ཁག་ཏུ་གཟའ་མཇུག་སློབ་གྲྭ་ ༩༠ ལྷག་ཡོད་སྐོར་གསལ་སྟོན་གནང་སྟེ། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་དང་མ་འོངས་འགོ་ཁྲིད་གསོ་སྐྱོང་སླད་ Konrad-Adenauer-Stiftung  དང་ཡུ་རོབ་མཐུན་གྲོགས་ནས་རྒྱུན་མཐུད་བསམ་བློའི་རྒྱབ་སྐྱོར་དང་། ཤེས་ཡོན་གྱི་རྒྱབ་སྐྱོར། རྒྱལ་སྤྱིའི་རྒྱབ་སྐྱོར་བཅས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད། རྩ་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འཇར་མན་དུ་ཕེབས་ཐོན་གྱིས་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་མ་གནང་གོང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ ༢༠༠༠ ཐམ་པའི་ཞི་བདེའི་གླེང་སྟེགས་ཐོག་མཉམ་ཞུགས་གནང་བ་དང་། ཡུལ་དེའི་གྲོས་ཚོགས་འཐུས་མི་དང་། ཕྱི་འབྲེལ་མི་སྣ། གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་བཅས་མཇལ་མོལ་གནང་བ་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་ཁང་ཆེ་ཤོས་གྲས་དང་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་ཁག་གི་བཅར་འདྲི་ལེ་ཚན་ཐོག་ཕེབས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། ས་ཁམས་ཆབ་སྲིད་ཀྱི་གནས་སྟངས་བཅས་ཀྱི་སྐོར་གོ་རྟོགས་སྤེལ་བ་དང་། དེ་བཞིན་ Prague Congress Centre བསྟི་གནས་ཁང་དུ་ Mozambic རྒྱལ་ཡོངས་འགོག་ཤུགས་ཀྱི་འགོ་ཁྲིད་གཞོན་པ་དང་ Mozambic སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སོགས་དང་གྲོས་མོལ་གནང་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་ཕྱི་འབྲེལ་ལས་དོན་སྡེ་ཚན་གྱི་འགན་འཛིན་དང་ལྷན་བོད་མིའི་ཆོས་དད་རང་དབང་ཐོག་འཛམ་གླིང་མཉམ་ལས་ཀྱི་འབད་བརྩོན་དང་འབྲེལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེར་འགྲོ་བཞིན་པའི་སྐོར་གསལ་སྟོན་དང་སྦྲགས། ཚོགས་མི་ ༣༨ ལས་གྲུབ་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཡང་ན་ཡིད་ཆེས་མཐུན་ཚོགས་ (International Religious Freedom or Belief Alliance) དང་། ཡུ་རོབ་མཐུན་ཚོགས་ཀྱི་མཉམ་འབྲེལ་བསྒྲགས་གཏམ་བཏོན་གནང་བ་བཅས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བདག་དབང་དེ་བོད་མིར་ཡོད་པ་དང་། རྒྱ་ནག་གི་དེར་ཐེ་བྱུས་བྱེད་པར་ངོ་རྒོལ་མཚོན་གྱི་ཡོད་པ་འགྲེལ་བརྗོད་གནང་འདུག

བཞུགས་སྒར་དུ་རྒྱ་གར་ན་གཞོན་བོད་རིག་པའི་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་སོང་།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༨ ནས་འགོ་འཛུགས་ཀྱིས་གནངས་ཕྱི་ཚེས་ ༡༠ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཉེ་འདབས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྒྱ་གར་ན་གཞོན་བོད་རིག་པའི་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ ༨ པ་དེ་འཚོགས་སོང་། https://www.youtube.com/watch?v=-BTC6chA-Js དེ་ཡང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྡ་རམ་ས་ལ་དབུས་ཧི་མཱ་ཅལ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་ Prof. Sat Prakash Bansal ལགས་ཆེད་ཕེབས་གནང་སོང་བ་དང་།  ཉིན་གྲངས་གསུམ་རིང་གི་ཚོགས་འདུའི་ཐོག་ཀ་ཤི་མིར་ཨི་སི་ལ་མི་ཀི་མཐོ་སློབ་ཀྱི་ཉེ་བའིི་རིགས་བདག་སློབ་དཔོན་ཆེན་མོ་ Prof. Siddiq Wahid ལགས་དང་།  བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་གཙོས་པའི་ཉམས་ཞིབ་པ་ལས་བྱེད་ཁག་གཅིག  །དེ་བཞིན་རྒྱ་གར་ན་གཞོན་བོད་རིག་པའི་ཆེད་ལས་པ་དང་ཉམས་ཞིབ་པ་བཅས་ཁྱོན་མི་གྲངས་ ༣༠ ལྷག་ནས་མཉམ་ཞུགས་གནང་ཡོད་པ་རེད།  མཛད་སྒོའི་ཐོག་ཚོགས་འདུ་གོ་སྒྲིག་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས།  འདི་ལྟ་བུའི་ཚོགས་འདུ་གོ་སྒྲིག་གནང་དགོས་པའི་ཐོག་མའི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ།  རྒྱ་གར་མང་ཚོགས་ཁྲོད་རྒྱ་གར་དང་བོད་གཉིས་ཁྱིམ་མཚེས་རྒྱལ་ཁབ་དང་ཕྱོགས་གཉིས་བར་དུས་རབས་མང་པོའི་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་བརྗོད་ཀྱི་ཡོད་ཀྱང་།  དེང་དུས་རྒྱ་གར་སྤྱི་ཚོགས་ཁྲོད་བོད་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་ལ་མ་ལྟོས་པར་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་བོད་དོན་འཐབ་རྩོད་ཐོག་གོ་རྟོགས་ཆ་ཚང་བ་ཡོད་མཁན་ཧ་ཅང་དཀོན་པོ་ཡིན་པ་མངོན་རྒྱུ་ཡོད་པར་བརྟེན།  ཚོགས་འདུ་འདི་ལྟ་བུ་སྐོང་འཚོགས་གནང་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་དང་།  དེ་ཡང་བོད་དང་བོད་མིར་ཁེ་ཕན་དོན་དུ་མ་ཡིན་པར་རྒྱ་གར་མང་ཚོགས་ཁྲོད་བོད་སྐོར་གོ་རྟོགས་འཕེལ་ཆེད་དང་རྒྱ་གར་བོད་རིག་པའི་ཉམས་ཞིབ་པ་ཚོའི་ཆེད་དུ་མ་ཟད།  བོད་དང་བོད་དོན་སྐོར་གོ་རྟོགས་ཡག་པོ་ཞིག་བྱུང་ན་མཐར་ཐུག་རྒྱ་གར་རྒྱལ་ཁབ་ལའང་ཁེ་ཕན་ཡོད་པར་དེའི་དོན་དུ་སྐོང་འཚོགས་གནང་གི་ཡོད་སྐོར་གསུངས་སོང་།  ལྷག་པར་དུ་སྐུ་མགྲོན་གཙོ་བོ་སྐུ་ཞབས་ Pro. Sat Prakash Bansal ལགས་ཀྱིས།  ཁོང་སྐུ་ཉིད་ཚོགས་འདུ་འདི་ལྟ་བུར་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་ཕེབས་རྒྱུ་བྱུང་བ་དེ་ཁོང་སྐུ་སྒེར་ནས་གཟི་བརྗིད་ཅིག་ལ་ངོས་འཛིན་གནང་གི་ཡོད་སྐོར་དང་འབྲེལ།  བཞུགས་སྒར་རྡ་རམ་ས་ལ་ནི་ལྷ་སྡེ་གནས་ཡུལ་ཞིག་བརྗོད་སྲོལ་ཡོད་པའི་ཆ་ནས་ཚོགས་འདུ་འདི་ལྟ་བུ་འདིར་སྐོང་འཚོགས་གནང་བ་ནི་གནད་འགག་ཆེན་པོ་ཡིན་པ་འགྲེལ་བརྗོད་ཀྱིས།  རྒྱ་གར་དང་བོད་བར་གྱི་འབྲེལ་ལམ་ནི་མི་རིགས་གཉིས་ཀྱི་དཔལ་ཡོན་སྐོར་གྱི་འབྲེལ་བ་ཡིན་པ་དང་།  རྒྱལ་ཁབ་ཕྱོགས་གཉིས་བར་ལོ་རྒྱུས་ཐོག་ཆོས་དང་རིག་གཞུང་སོགས་ཀྱི་བརྗེ་རེས་རིམ་པ་བྱུང་ཡོད་པ་གསུངས་སོང་།  ཁོང་གིས་ད་དུང་ཚོགས་འདུ་དེའི་ཐོག་གཏན་འབེབས་བྱས་པའི་བརྗོད་གཞི་རྣམས་ཀྱི་ཐོག་དགོངས་ཚུལ་ཆེད་བཏོན་གནང་བ་མ་ཟད།  ཉེ་ལམ་ཁོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་རྒྱུ་བྱུང་སྐོར་དང་འབྲེལ།  སྐབས་དེ་དུས་མཇལ་ཁའི་ཁྲོད་༸གང་ཉིད་མཆོག་དང་ལྷན་དུ་སྤྱི་ཚོགས་མཐུན་སྒྲིལ་དང་བོད་རིག་པའི་སློབ་གཉེར་སོགས་ཀྱི་སྐོར་གྲོས་བསྡུར་བྱུང་ཡོད་པ་འགྲེལ་བརྗོད་ཀྱིས།  ང་ཚོའི་ངོས་ན་བཞུགས་སྒར་དེ་བཞིན་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་སའི་ལྟེ་གནས་ཚུ་ལ་དུ་གཅིག་པུ་མིན་པར་ཚོགས་འདུ་འདི་ལྟ་བུ་ཚོར་བ་སྐྱེན་པའི་ཉམས་ཞིབ་དང་། ཤེས་ཡོན། གྲོས་བསྡུར་གནང་སའི་ལྟེ་གནས་ཤིག་ཏུའང་འགྱུར་ཐུབ་པར་འབད་བརྩོན་གནང་དགོས་གལ་ཡིན་པ་གསུངས་སོང་།   འདི་ག་རླུང་འཕྲིན་ཁང་གིས་ཚོགས་འདུའི་ཐོག་ཕེབས་པའི་སྐུ་མགྲོན་དང་ཚོགས་བཅར་བ་ཁག་གཅིག་ལ་འདི་ལྟ་བུའི་ཚོགས་འདུའི་གལ་གནད་དང་སོ་སོའི་ཉམས་ཞིབ་ཀྱི་བརྗོད་གཞིའི་སྐོར་བཅར་འདྲི་ཞུ་སྐབས།   སྐུ་མགྲོན་རྣམ་པས་རྒྱ་གར་ན་གཞོན་བོད་རིག་པའི་ཉམས་ཞིབ་པའི་ཚོགས་འདུ་འདི་ལྟ་བུ་སྐོང་འཚོགས་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་།  ད་ལྟའི་ཚོགས་འདུ་འདི་ཐེངས་བརྒྱད་པ་ཡིན་དུས་ཚོགས་འདུའི་བརྗོད་གཞི་འདེམས་སྒྲུག་ཀྱང་རིམ་པའི་རྒྱ་སྐྱེད་དུ་འགྲོ་བཞིན་པའི་ཉམས་མྱོང་བྱུང་སོང་ཞེས།  ཁོང་རྣམ་པའི་མཐོ་སློབ་ཁག་གི་ནང་དུའང་མ་འོངས་པར་འདི་ལྟ་བུའི་ཚོགས་འདུ་སྐོང་འཚོགས་གནང་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་སོང་།  དེ་བཞིན་ཚོགས་བཅར་བ་ཚོས་ཀྱང་ཚོགས་འདུ་འདིའི་ནང་མཉམ་ཞུགས་གནང་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་ཡོད་སྐོར་དང་འབྲེལ།  རྒྱ་གར་ན་གཞོན་ཉམས་ཞིབ་གཞན་ཚོས་ཀྱང་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། རྒྱ་གར་བར་གྱི་འབྲེལ་ལམ། མ་ཟད་བོད་ཀྱི་གནད་དོན་ཐོག་གོ་རྟོགས་ཡོང་ཕྱིར་ལོ་ལྟར་འཚོག་བཞིན་པའི་ཚོགས་འདུ་འདིའི་ནང་མཉམ་ཞུགས་གནང་དགོས་པའི་སྐུལ་མ་གནང་སོང་ལ།  ཚོགས་འདུ་འདི་རིགས་གང་མང་འཚོགས་ཐུབ་པའི་རེ་འདུན་ཡང་བཏོན་གནང་སོང་།   རྩ་བའི་ཐེངས་འདིའི་རྒྱ་གར་ན་གཞོན་བོད་རིག་པའི་ཉམས་ཞིབ་པའི་ཚོགས་འདུའི་ཐོག་ཐབས་བྱུས་དང་བདེ་འཇགས་ས་མཚམས་སྐོར་དང་།  ཕྱི་འབྲེལ་སྲིད་བྱུས་དང་ས་ཁམས་ཆབ་སྲིད།  དེ་བཞིན་བོད་དང་ཧི་མ་ལ་ཡའི་ལོ་རྒྱུས་ཀྱི་འབྲེལ་བའི་སྐོར་དང་།   གསར་འགྱུར་བརྒྱུད་ལམ་དང་གནས་ཚུལ། མཚོན་དོན་སྐོར།  མ་ཟད་མི་རིགས་ཀྱི་ངོ་བོ་དང་དྲན་ཤེས། བཙན་བྱོལ་སྐོར་དང་།  ནང་ཆོས་དང་དེང་དུས་འཕྲུལ་རིག  །ཆོས་དང་རིག་གཞུང་སྲོལ་རྒྱུན་གྱི་ལམ་ལུགས་བཅས་བརྗོད་གཞི་ཁག་ ༧ གྱི་ཐོག་ཉམས་ཞིབ་པ་སོ་སོའི་དཔྱད་རྩོམ་སྒྲོག་སྦྱང་གནང་གི་ཡོད་པ་རེད། 

སྐབས་ ༡༧ པའི་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་དང་བཞེངས་ཕྱོགས། ལས་དོན་རྩ་འཛིན་བཅས་དབུ་འབྱེད་གནང་སོང་།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྐབས་ ༡༧ པའི་བཀའ་ཤག་གི་མ་འོངས་བོད་ཀྱི་འགན་སྲུང་ཞེས་བོད་དོན་བདེན་མཐའ་གསལ་ཐབས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་སྤེལ་བཅས་དོན་ཚན་ཆེ་ཁག་གསུམ་གྱི་སྐོར་འཁོད་པའི་འཛིན་སྐྱོང་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ། བོད་ཀྱི་མ་འོངས་འགན་སྲུང་ཞེས་པ་དེ་དང་། བཀའ་ཤག་གི་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན། དེ་བཞིན་འཛིན་སྐྱོང་གི་ལས་དོན་བཅས་དང་སྤྱི་ཡོངས་ཀྱི་བཞེངས་ཕྱོགས་ཡིག་ཆ། དེ་བཞིན་ལས་ཁུངས་ཁག་གི་ལས་དོན་བྱེད་སྒོའི་རྩ་འཛིན་བཅས་གནད་འགག་ཆེ་བའི་ཡིག་ཆ་གསུམ་དབུ་འབྱེད་གནང་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ། དེ་བཞིན་སྲིད་ཞུ་ལས་བྱེད་པ་ཡོངས་རྫོགས་ལྷན་འཛོམས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ པའི་བཀའ་ཤག་གིས་ཡིག་ཆ་གསུམ་པོ་དབུ་འབྱེད་དང་གསལ་བཤད་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དེ་སྔ་བཀའ་ཤག་སྐབས་ ༡༦ པའི་ལས་ཡུན་འགོ་བཙུགས་ནས་ལོ་ ༢ ལྷག་ཙམ་གྱི་མཚམས་ལ་སྐབས་དེའི་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་འདོན་སྤེལ་གནང་བའི་ཁྲོད། སྐབས་དེའི་བཀའ་བློན་རྣམ་པ་གསུམ་དང་ལས་བྱེད་པ་བཅས་ཚང་མས་མཐུན་འགྱུར་གྱི་འོག་ནས་བསྒྲུབ་བྱེད་ཀྱི་དམིགས་ཡུལ་རྣམས་མི་དམན་ཙམ་བསྒྲུབས་ཐུབ་ཡོད་པ་དང་། ད་ལྟ་བཀའ་ཤག་སྐབས་ ༡༧ པའི་ལས་དོན་འགོ་བཙུགས་པ་ནས་བཟུང་སྟེ་འཛིན་སྐྱོང་བཀའ་ཤག་དང་ལས་བྱེད་པ་བཅས་ཚང་མ་བསམ་བློ་གཅིག་པ་གནས་པའི་ཐོག་ནས་ཕྱག་ལས་གནང་རྒྱུར་དམིགས་ཏེ་ད་རེས་ཕུགས་དམིགས་ཡིག་ཆ་དེ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་ལྡན་གྱི་ཕྱག་ལས་དང་འགན་ཁུར་བླང་ཕྱོགས་ལ་ཐུགས་ཕན་གསོ་ཡག་སླད་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དང་ལས་དོན་བྱེད་སྒོའི་རྩ་འཛིན་ཡིག་ཆ་དེ་དག་འདོན་སྤེལ་དབུ་འབྱེད་གནང་གི་ཡོད་སྐོར་དང་འབྲེལ། ང་ཚོ་ཚང་མས་དང་ཐོག་མི་མང་གི་ཞབས་སྤྱི་ཞུ་མཁན་ཡིན་པའི་བསམ་བློ་དེ་དགོས་གལ་ཡིན་པ་དང་། གཞུང་ཞབས་ཡིན་པའི་ཆ་ནས་ལས་འགན་བཀོད་སྒྲིག་གང་དུ་བྱས་པ་དེར་ལས་འགན་འཐུད་གཙང་སྒྲུབ་དགོས་པའི་བསམ་བློ་གཅིག་པ་འཁྱེར་དགོས་གལ་ཡིན་པ་གསུངས་སོང་། དེ་རྗེས་སྲིད་སྐྱོང་མཆོག་གིས་ཡིག་ཆ་ཞིབ་ཕྲ་འགྲེལ་བཤད་བསྐྱོན་པའི་སྐབས་སུ། རྩ་བའི་ཡིག་ཆའི་ཁྱོན་ཡོངས་ཀྱི་སྒྲོམ་གཞི་གཅིག་པ་ཡིན་པ་དང་། སྐབས་ ༡༧ པའི་བཀའ་ཤག་གི་ལས་གཞི་དང་བསམ་གློ་གསར་པ་རྣམས་འཁོད་ཡོད་སྐོར་དང་འབྲེལ། ཡིག་ཆ་འདི་བོད་མི་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཁྲོད་བོད་དོན་ཞུ་གཏུག་གནང་བའི་སྐབས་སུ་ཡིག་ཆ་ཕུལ་ཡག་གཙོ་བོ་གཅིག་ཆགས་ཀྱི་ཡོད་པ་དང་། ད་ལྟའི་བཀའ་ཤག་གི་ངོས་ནས་དེ་སྔ་སྐབས་ ༡༦ པའི་བཀའ་ཤག་དང་གཅིག་མཚུངས་ཀྱི་ལས་དོན་གང་སྤེལ་བ་རྣམས་སྤྱི་སྙོམས་དྲང་བདེན་དང་ནུས་པ་མཉམ་སྤུངས་བྱེད་རྒྱུའི་རྩ་བའི་དམ་བཅའ་གཅིག་པ་ཡིན་པ་གསུངས་སོང་། དེ་རིང་སྲིད་སྐྱོང་མཆོག་གིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གཞི་རིམ་བྱེད་སྒོའི་སྐོར་གསུང་སྐབས། མ་འོངས་པར་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ལས་དོན་རྒྱ་ཆེ་རུ་གཏང་རྒྱུ་དང་། དེའང་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ལས་དོན་གཅིག་པོ་མ་ཡིན་པར་མ་འོངས་པར་རྒྱ་ནག་ནང་གནས་ཚུལ་ག་རེ་འབྱུང་སྲིད་པ་ལ་གཞིགས་པའི་གནས་སྟངས་རེ་རེའི་འོག་ནས་བོད་དང་བོད་མིར་ཁེ་ཕན་དང་གདོང་ལེན། གོ་སྐབས་སྔོན་དཔག་བྱ་རྒྱུ་དང་འབྲེལ་བའི་ཉམས་ཞིབ་བཅས་ལས་དོན་མང་རུ་གཏང་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་སྤྱི་ཚོགས་གོང་བུ་གཅིག་སྒྲིལ་འོག མང་གཙོ་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཡུལ་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་མང་གཙོའི་ལམ་སྲོལ་ཡག་པོ་ཆགས་ཡོད་པ་དེ་མ་འོངས་པར་༸རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པའི་སྐབས་སུའང་མང་གཙོའི་ལམ་སྲོལ་འདི་ཁུངས་འཁྱོལ་ནས་བོད་དོན་འཐབ་རྩོད་མུ་མཐུད་གནས་ཐུབ་དགོས་པ་དང་འབྲེལ་ནས་ཕུགས་རྒྱང་རིང་པོའི་བསམ་བློའི་ཐོག་ནས་ཕྱག་ལས་གནང་འཆར་ཡོད་པ་གསུངས་སོང་། དེ་བཞིན་ཐེངས་འདིའི་བཀའ་ཤག་གི་ཕུགས་དམིགས་ཡིག་ཆའི་ནང་དུ་སྒྲིག་འཛུགས་དང་ཚོགས་སྡེ་ཁག་དང་འབྲེལ་ལམ་ཀྱི་སྐོར་དང་འབྲེལ། འཛིན་སྐྱོང་དང་དགའ་ལྡན་ཕོ་བྲང་དབར་གྱི་འབྲེལ་བ་བཞག་ཕྱོགས་དང་ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་འདི་ཆབ་སྲིད་ཀྱིས་མ་གནན་པ་བྱེད་དགོས་གལ་དང་འབྲེལ་ནས་ད་ལྟ་ནས་འགྲོ་སྟངས་བཟོ་འཆར་ཡོད་པ་གསུངས་སོང་། གཞན་ཡང་སྒྲིག་འཛུགས་ཀྱི་ནུས་སྟོབས་གོང་འཕེལ་དང་འབྲེལ། གློག་རྡུལ་བརྒྱུད་འཛིན་སྐྱོང་གི་ལས་དོན་རྒྱ་སྐྱེད་གཏང་རྒྱུ་དང་། བོད་དོན་ཞུ་གཏུགས་ཀྱི་ལས་དོན་ཁྲོད་ VTag+ ཞེས་པའི་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་མང་དུ་གཏོང་ཐབས་ཀྱི་ལས་གཞི་སོགས་སྤེལ་འཆར་ཡོད་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་དེ་རིང་གི་གོ་སྐབས་དང་བསྟུན། ད་ནས་བཟུང་ང་ཚོ་ཚང་མ་ནང་མི་གཅིག་ལྟར་མཉམ་རུབ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་སྒྲུབ་ཡག་དང་གཞི་བཞུགས་བོད་མི་ཚོའི་རེ་བ་གཏད་ས་ཡོད་པ་གཅིག་གནང་ཐུབ་ཡག་དང་། ལས་དོན་མཐའ་དག་ཕྱི་གསལ་ནང་གསལ་ཡོང་རྒྱུའི་རེ་བ་དང་སྨོན་ལམ་རྒྱག་བཞིན་ཡོད་པ་སོགས་གསུངས་སོང་།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་བཞི་པ།

ཁ་སང་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་ནས་དབུ་འཛུགས་ཀྱིས་དེ་རིང་ཕྱི་ཚེས་ ༢༩ བར་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་གསར་པའི་ནང་དུ།  བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་བཞི་པ་འཚོགས་ཡོད་པ་དང་འབྲེལ།  ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པ་བཀའ་ཟུར་ཐུབ་བསྟུན་ལུང་རིགས་མཆོག་གིས།  ལྷན་ཚོགས་ངོས་ནས་གལ་ཆེ་ཤོས་དེ་ཚོགས་མི་སྒེར་སོ་སོའི་ངོས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལ་ངེས་པ་རྙེད་པ་ཞིག་དང་ཡིད་ཆེས་ཡོད་པ་ཞིག་གནང་དགོས་གལ་ཡིན་པ་གསུངས་འདུག རྩ་བའི་ཉིན་གྲངས་གཉིས་རིང་འཚོགས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་བཞི་པའི་ཐོག  །དེ་སྔོན་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལག་བསྟར་ཇི་ཙམ་བྱུང་ཡོད་མེད་སྐོར་གོ་བསྡུར་སྦྱང་བཤད་དང་།  ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཚབ་ནས་སློབ་གྲྭ་ཁག་ལ་གཟིགས་སྐོར་གྱི་ཕྱོགས་བསྐྱོད་ལས་བསྡོམས་སྐོར་ལེགས་ཉེས་དགོངས་འཆར།  དེ་བཞིན་ཤེས་རིག་ལྷན་ཚོགས་ཀྱི་དཔེ་དེབ་གསུམ་དཔར་བསྐྲུན་གནང་འཆར་ཡོད་པ་དེ་དག་གྲོས་གཞི་རེ་རེའི་ངོ་བོའི་ཐོག་རིམ་པའི་གྲོས་བསྡུར་དང་།  ཚོགས་མི་གསུམ་ལས་གྲུབ་པའི་དཔེ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་གཅིག་སྐུ་ཚེ་མ་ཟིན་པའི་གནས་སྟངས་བྱུང་བར་ཚོགས་མི་གསར་པ་བསྐོ་བཞག  །རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་དང་ལྷག་པར་དུ་ཁྲིམས་ཡིག་དེའི་དོན་ཚན་གཉིས་པར་གདོང་ལེན་གྱིས་གོ་བསྡུར་སྦྱང་བཤད།  སློབ་གྲྭ་ཁག་གི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་དང་སློབ་གྲྭ་གནས་མི་གནས་སྐོར་དང་།  དགེ་རྒན་གྱི་སྤུས་ཚད་ཡར་རྒྱས་གཏོང་ཕྱོགས་སྐོར་སྟངས་འཛིན་ཇི་ལྟར་གནང་གི་ཡིན་མིན་བཅས་ཁྱོན་གྲོས་གཞི་ཁག་བཅུའི་ཐོག་གྲོས་བསྡུར་གནང་ཡོད་པ་རེད། ཁ་སང་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་པའི་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་།  བཙན་བྱོལ་བོད་མིའི་ཤེས་ཡོིན་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག  །དེ་བཞིན་ལྷན་ཚོགས་ཁོངས་སུ་ཚོགས་མི་གསར་པ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་གྲོས་བཟང་པོ་ལགས་དང་། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་འགན་འཛིན་རིག་འཛིན་ཟླ་བ་ལགས། སམ་བྷོ་ཊ་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ངག་སྒྲོན་ལགས།  ཤེས་རིག་ལས་ཁུངས་ཀྱི་དེང་རབས་ཚན་པའི་འགན་འཛིན་འཇམ་དབྱངས་ལགས་དང་སྲོལ་རྒྱུན་ཚན་པའི་འགན་འཛིན་དངོས་གྲུབ་བསྟན་པ་ལགས།  མ་ཟད་ལྷན་ཚོགས་ཀྱི་ཚོགས་མི་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་དང་།  སྤྱི་ཟུར་ཉི་མ་དོན་གྲུབ་ལགས།  དགེ་ངག་དབང་ལྷ་མོ་ལགས་བཅས་བཀའ་ཤག་གིས་བསྐོ་བཞག་གནང་བའི་ཚོགས་གཙོ་དབུས་པའི་ཚོགས་མི་ ༤ དང་མཚན་གནས་རྗེས་དྲན་གྱི་ཚོགས་མི་ ༧ བསྡོམས་པའི་ཁྱོན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ ༡༡ ནས་མཉམ་ཞུགས་གནང་འདུག སྐབས་དེར་བཙན་བྱོལ་བོད་མིའི་ཤེས་ཡོིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས།  བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་དགོས་པའི་ཐོག་མའི་དམིགས་ཡུལ་དང་། རྒྱབ་ལྗོངས།  གྲུབ་འབྲས་སྐོར་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་དང་འབྲེལ།  ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཚོའི་ངོས་ནས་སློབ་གྲྭ་ཁག་དང་། ཕ་མ། སྤྱི་ཚོགས་ཁྲོད་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སློབ་གསོ་གནང་དགོས་ཀྱི་ཡོད་དུས།  ཐོག་མར་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་ལ་ངེས་པ་རྙེད་པ་ཞིག་དང་ཡིད་ཆེས་དགོས་པ་ཞིག་ངེས་པར་དུ་ཡོད་དགོས་སྐོར་གསུངས་སོང་།   དེ་བཞིན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས།  བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཐོག་མར་ཕྱི་ལོ་ ༢༠༠༤ ལོར་གཏན་འབེབས་ཀྱིས་ ༢༠༠༥ ལོར་དཔེ་སྟོན་སློབ་གྲྭ་གསར་འཛུགས་བརྒྱུད་གྲུབ་འབྲས་ཡག་པོ་ཐོན་ཡོད་པ་དེ་ལྟར་ཡང་།  ཕྱིའི་གནས་སྟངས་མང་པོ་ཞིག་གི་རྐྱེན་པས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་གཞི་ལྟར་ཆ་ཚང་བ་ཞིག་ལག་བསྟར་གནང་ཐུབ་ཀྱི་མེད་པ་རིགས་ཡོད་ཚེ་དེ་དག་སྐོར་ལྷན་ཚོགས་ངོས་ནས་བཀའ་བསྡུར་ལྷུག་པོ་ཡོང་བའི་རེ་འདུན་བཏོན་པ་དང་།  གཙོ་ཆེས་ཤོས་སློབ་གྲྭ་ཁག་དང་ཕ་མ་སྤྱི་ཚོགས་ཁྲོད་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལ་ངེས་པ་རྙེད་པ་བཟོ་དགོས་གལ་དེ་གནད་འགག་ཆེན་པོ་ཆགས་ཡོད་པ་མ་ཟད།  བཀའ་ཤག་གིས་ཉེ་ལམ་བོད་ཀྱི་སྐད་ཡིག་གཅེས་སྲུང་གི་རྩ་འཛིན་དང་ལམ་སྟོན་ཐོག་ཤེས་རིག་ལས་ཁུངས་གཙོས་པའི་སྡེ་ཚན་སོ་སོའི་ངོས་ནས་གང་གནང་དགོས་སྐོར་དགོངས་བཞེས་གནང་དགོས་པ་དང་།  སློབ་གྲྭའི་གྲངས་དང་སློབ་ཕྲུག་གི་གྲངས་འབོར་ལ་དཔག་པའི་དགོས་མཁོ་དང་མཐུན་རྐྱེན་མཁོ་སྤྲོད་ཇི་ལྟར་གནང་དགོས་སྐོར་ལྷན་ཚོགས་ངོས་ནས་དགོངས་འཆར་གནང་སྐྱོང་ཡོང་བའི་རེ་འདུན་བཏོན་གནང་སོང་།  མ་ཟད་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས།  བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དེ་ཉིད་ད་ལྟའི་གནས་སྟངས་དང་མཐུན་པར་བྱེད་དེ་རང་སྐྱོང་གི་ངོ་བོ་ཞིག་ཏུ་བསྒྱུར་དགོས་མེད་ཐད་སྐྱོན་དང་ཕན་ཡོན་ཇི་ཡོད་སྐོར་དགོངས་བཞེས་གནང་དགོས་གལ་དང་།  ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་འགྱུར་བ་དང་མི་འབོར་སྤོ་ཤུགས་སོགས་ཀྱི་རྒྱུ་མཚན་གྱིས་བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དངོས་ཡོད་གནས་སྟངས་གཞི་ལ་བཞག་ནས་དགོངས་པ་བཞེས་དགོས་པ་མ་ཟད།  ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་པའི་སློབ་གྲྭའི་གནས་སྟངས་དང་འབྲེལ་ནས་སློབ་གྲྭ་དེ་དག་གི་ནང་ཤེས་ཡོན་སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་འཚོལ་དགོས་གལ་སྐོར་དང་།  ཉེ་ལམ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་བརྒྱུད་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་ངོ་བོ་དང་བཅས་པ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ལ་གདོང་ལེན་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱིས་“བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་”ཞེས་ལོ་ལྟར་ཕྱི་ཟླ་ ༩ བདུན་ཕྲག་བཞི་པ་འཆར་ཅན་སྲུང་བརྩི་གནང་གཏན་ཁེལ་བའི་ལས་འགུལ་དང་འབྲེལ་ཏེ་བོད་ཀྱི་སྐད་ཡིག་གཅེས་སྲུང་གི་རྩ་འཛིན་དང་ལམ་སྟོན་ཞིག་ས་གནས་ས་ཐོག་ཏུ་བཀོད་ཁྱབ་བཏང་ཟིན་པ་དེ་ཉིད་མང་ཚོགས་ཁྲོད་ལག་བསྟར་གང་ཐུབ་འགྲོ་ཐུབ་པར་སྐུ་ལས་བསྐྱོན་དགོས་གལ་ཡིན་སྐོར་སོགས་གསུངས་འདུག 

བོད་མིའི་སྒྲིག་འཛུགས་ཀྱིས་“བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་”ཞེས་པའི་ལས་འགུལ་དབུ་འབྱེད་གནང་སོང་།

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༣ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ།  སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ Tibetan National Identity Preservation Week འམ་“བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་”ཞེས་ད་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༩ པའི་ཟླ་མཇུག་གི་གཟའ་འཁོར་བཞི་པར་སྲུང་བརྩི་དགོས་པའི་ལས་འགུལ་དེ་ཉིད་དངོས་སུ་དབུ་འབྱེད་དང་འབྲེལ།  བོད་མི་ཚང་མས་ལས་འགུལ་འདིར་ཐུགས་སྣང་གནང་བའི་ཐོག་དེའི་རྩ་འཛིན་དང་ལམ་སྟོན་ཡིག་ཆ་ནང་གསལ་གྱི་བྱེད་སྒོ་ཁག་ཁུར་ལེན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་།  https://youtu.be/fdYDHWYBFYs?si=k8AgdEPmcKDvCn6z དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་“བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་”ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཁྲོད།  སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག  ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་“བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་”དུ་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་གནང་བ་བཞིན།  དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༣ རེས་གཟའ་ལྷག་པ་ནས་བཟུང་ལས་འགུལ་དེ་ཉིད་སྤེལ་གཏན་འཁེལ་ཡོད་པ་དང་།  ལས་འགུལ་དེའི་དམིགས་ཡུལ་ནི།  རྒྱ་དམར་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ནས་ལག་བསྟར་འགོ་འཛུགས་བྱས་ཡོད་པའི་“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡོག་”ཟེར་བ་དེའི་ནང་།  ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི་གཟའ་འཁོར་དུ་བརྩི་སྲུང་གིས།  རྒྱལ་ཁབ་ཀྱིས་རྣམ་པ་མང་པོ་བརྒྱུད་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་དགོས་སྐོར་བཀོད་ཡོད་སྟབས།  རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བའི་ཐབས་ལམ་སྣ་ཚོགས་དང་སྲིད་བྱུས་རིམ་པ་ལག་བསྟར་བྱས་དང་བྱེད་བཞིན་པ་སྤྱི་དང་།  བྱེ་བྲག་ཏུ་ད་ཆ་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ལ་ཁྲིམས་ཀྱི་འབག་གཡོགས་ནས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དེ་ཚོར་ཁ་གཏད་དགོང་ལེན་བྱེད་པའི་ཆེད་དུ་ཡིན་པ་གསུངས་སོང་།  མ་ཟད།  རྒྱ་དམར་གཞུང་གིས་ཁྲིམས་ཡིག་དེ་ལས་གཞན་ད་དུང་།  “རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ཡིག་”ཟེར་བ་ཞིག་ལ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༧ ཉིན་བསྐྱར་བཅོས་བྱས་པ་དེའི་ནང་།  སྔོན་འགྲོ་ནས་མཐོ་སློབ་བར་རྒྱ་སྐད་ཐོག་སློབ་འཁྲིད་བྱ་རྒྱུ་དང་།  གཞུང་གི་ལས་ཁུངས་དང་མི་མང་འདུ་ས་ཡོངས་སུ་རྒྱ་སྐད་གཅོ་བོར་སྤྱོད་དགོས་པ་མ་ཟད།  ལོ་བསྟར་ཆགས་སུ་ཕྱི་ཟླ་ ༩ པའི་བདུན་ཕྲག་གསུམ་པ་དེ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དར་སྤེལ་དྲིལ་བསྒྲགས་ཀྱི་གཟའ་འཁོར་དུ་གཏན་འབེབས་བྱས་ཏེ་ལག་ལེན་བསྟར་བཞིན་ཡོད་པར་བརྟེན།  ཕྱི་ལོ་ ༢༠༢༧ ཟླ་ ༨ ཚེས་ ༢༡ ཉིན།  བཀའ་ཤག་གིས་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་བརྩི་སྲུང་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་།  ཁྲིམས་ཡིག་དེ་རིགས་ལ་ཁ་གཏད་གཅོག་སྟངས་ཀྱི་ཐབས་ཇུས་ཁག་ཅིག་བཏོན་ཟིན་པ་བཞིན།  སྐུ་ཚབ་དོན་གཅོད་དང་།  ས་གནས་འགོ་འཛིན་སོ་སོའི་འགན་ཁུར་འོག  །བོད་མི་སྒེར་དང་། ་ཁྱིམ་ཚང་།  སློབ་གྲྭ  །ཚོགས་སྐྱིད།  ལས་འགུལ་བ།  བོད་དོན་རྒྱབ་སྐྱོར་བ་བཅས་ཡོངས་སུ་རྫོགས་པ་གདུང་ཤུགས་གཅིག་བསྒྲིལ་གྱིས།  གསལ་བསྒྲགས་ནང་གསལ་གྱི་འགན་ཁུར་བྱེད་སྒོ་རྣམས་འཐུས་གཙང་བསྒྲུབས་ཏེ།  གཞིས་ལུས་སྤུན་ཟླ་རྣམས་ལ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གདུང་སེམས་མཉམ་བསྐྱེད་བྱེད་ཐུབ་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་གསུངས་སོང་།    ལྷག་པར་དུ་བཀའ་ཤག་གི་ངོས་ནས་བོད་ཀྱི་སྐད་ཡིག་གཅེས་སྲུང་གི་རྩ་འཛིན་དང་ལམ་སྟོན་ཡིག་ཆ་ཞིག་གཏན་འབེབས་བྱས་ཡོད་པ་དེ།  བརྙན་ཐུང་བརྒྱུད་ནས་ཀྱང་ངོ་སྤྲོད་བྱས་ཡོད་སྟབས།  ཚང་མས་ཐུགས་སྣང་གནང་བའི་ཐོག་ཡིག་ཆ་ནང་གསལ་གྱི་བྱེད་སྒོ་ཁག་ཁུར་ལེན་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་།  རང་རིགས་གཞོན་སྐྱེས་ཚོའི་ངོས་ནས་ཀྱང་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་ལས་འགུལ་དེ་བདུན་ཕྲག་གཅིག་ལ་ཉམས་ལེན་བྱས་ནས་མ་བཞག་པར།  རང་ཉིད་གཞིས་ལུས་སྤུན་ཟླ་ས་ཡ་བདུན་ལྷག་གི་མགྲིན་ཚབ་པ་ཡིན་པའི་འགན་ཁུར་མ་བརྗེད་པའི་ཐོག  །བོད་དོན་བདེན་པའི་འཐབ་རྩོད་ལ་ནུས་པ་མཉམ་སྤུངས་ཀྱིས།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐིགས་རེ་བཞིན།  འཇིག་རྟེན་ཡོངས་ཀྱིས་དོན་ཆེན་ཁུར་དུ་འཁྱེར་ཐུབ་མཁན་གྱི་བོད་མི་ཞིག་ཆགས་རྒྱུའི་སྙིང་སྟོབས་སྐྱེད་དགོས་པའི་འབོད་སྐུལ་ཞུས་སོང་།  འདི་ག་རླུང་འཕྲིན་ཁང་གིས་དེ་རིང་བཀའ་ཤག་གི་ངོས་ནས་བོད་ཀྱི་སྐད་ཡིག་གཅེས་སྲུང་གི་རྩ་འཛིན་དང་ལམ་སྟོན་ཡིག་ཆ་ཞིག་གཏན་འབེབས་བྱས་ཡོད་པ་དེའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་བཅར་འདྲི་ཞུ་སྐབས་ཁོང་གིས། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་“བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་”ཞེས་པའི་ལས་འགུལ་དབུ་འཛུགས་དང་འབྲེལ།  བོད་མི་ཁྱིམ་ཚང་དང་སློབ་གྲྭ  །སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་བཅས་ཚང་མས་ལག་བསྟར་དགོས་པའི་དོན་ཚན་དྲུག་ཅན་གྱི་སྔོན་གླེང་ལྡན་པའི་བོད་ཀྱི་སྐད་ཡིག་གཅེས་སྲུང་གི་རྩ་འཛིན་དང་ལམ་སྟོན་ཡིག་ཆ་ཞིག་འདོན་སྤེལ་གནང་ཡོད་པ་དེའི་ནང་གཙོ་བོ།   བོད་ཀྱི་སྐད་ཡིག་སློབ་གཉེར་དང་བཀོལ་སྤྱོད་ཀྱི་འགན་ཁུར་ཇི་ལྟར་བཞེས་དགོས་པའི་སྐོར་དང་།  བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་མུ་མཐུད་ལག་བསྟར་རྒྱུན་འཁྱོངས་བྱ་རྒྱུ་བཅས།  བོད་མི་སྒེར་དང་། ཚོགས་སྐྱིད། སྒྲིག་འཛུགས་བཅས་ཡོངས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ལ་ངོས་འཛིན་ཐུབ་པའི་ཐོག་ནས་གཅེས་འཛིན་གྱི་འགན་ཁུར་གནང་བའི་ཐོག་རྒྱལ་སྤྱིའི་རྣ་ལམ་དུ་བོད་མིའི་བདེན་པའི་སྐད་སྒྲ་ཐོས་ཐུབ་པ་བྱེད་གལ་སྐོར་གསལ་ཡོད་པ་གསུངས་སོང་།  

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཁྲིམས་ཡིག་ལ་གདོང་ལེན་ཆེད་བོད་མིའི་སྒྲིག་འཛུག་ནས་སྐད་ཡིག་སྲིད་བྱུས་གཏན་འབེབས་གནང་འཆར་འདུག

རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བ་དྲིལ་བསྒྲགས་རྒྱ་ཁྱབ་དུ་གཏང་རྒྱུའི་འབད་རྩོལ་བྱེད་བཞིན་པའི་ཁྲོད། བོད་མིའི་སྒྲིག་འཛུགས་ནས་ཁྲིམས་ཡིག་དེ་ལ་གདོང་ལེན་ཆེད། བོད་ཀྱི་སྐད་ཡིག་རྒྱུན་འཛིན་གྱི་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་འཆར་འདུག དེ་ཡང་འདི་ལོའི་ཟླ་བ་ ༧ ཚེས་ ༡ ནས་རྒྱ་ནག་གི་བཙན་དབང་འོག་ཡོད་པའི་མི་རིགས་ཡོངས་རྫོགས་ཀྱི་ངོ་བོ་རྒྱ་རིགས་སུ་བཙན་སྒྱུར་བྱ་རྒྱུའི་ཆེད་དུ་ཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བ་དེའི་སྐོར་གོ་རྟོགས་སྤེལ་རྒྱུའི་དམིགས་ཡུལ་འོག རྒྱ་ནག་གཞུང་ནས་ཟླ་བ་ ༩ ཚེས་ ༢༡ ནས་ ༢༧ བར་བདུན་ཕྲག་གཅིག་རིང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དང་། རྒྱལ་ཁབ་སླར་གསོའི་འགྲུལ་བཞུད། ཅེས་པའི་བརྗོད་སྙིང་འོག་ལྷ་ས་དང་། ཨུ་རུམ་ཆི། པེ་ཅིང། ཁྲེན་ཏུའུ་འཚུད་པའི་གྲོང་ཁྱེར་ཆེ་ཁག་ཏུ་ཁྲིམས་ཡིག་དང་འབྲེལ་བའི་གཏམ་བཤད་དང་། འགྲེམས་སྟོན། མི་མང་འདུ་འཛོམས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་མ་ཟད། འབྱུང་འགྱུར་ཡང་ལོ་ལྟར་ཟླ་བ་ ༩ བདུན་ཕྲག་བཞི་པ་དེ་མི་མང་ལ་གནད་དོན་གོ་རྟོགས་སྤེལ་རྒྱུའི་བདུན་ཕྲག་དུ་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་བསྒྲགས་འདུག རྒྱ་ནག་གཞུང་གིས་ཕྱི་ཚེས་ ༡༥ ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་ལྟར་ན། ཕྱི་ཚེས་ ༢༡ ཉིན་ལས་རིམ་གཙོ་བོ་དེ་པེ་ཅིང་གི་དེ་སྔ་བོད་སོག་སློབ་གྲྭ་(National Mongolian and Tibetan School)ཡོད་སའི་ས་ཚིགས་སུ་འཚོག་རྒྱུ་དང་། དེའི་རྗེས་གཟའ་འཁོར་ཧྲིལ་པོར་མི་རིགས་རིག་པ་དང་སྲིད་བྱུས་སྐོར་བགྲོ་གླེང་ཚོགས་འདུ་དང་། མི་རིགས་ཁྲིམས་ཡིག་སྐོར་གཏམ་བཤད། སྦྱར་ཡིག་དང་ངོ་སྤྲོད་དེབ་ཆུང་བགོ་འགྲེམས། བརྙན་ཐུང་བརྒྱུད་སྤེལ། དེ་བཞིན་སློབ་གྲྭ་དང་འགྲེམས་སྟོན་ཁང་། དཔེ་མཛོད་ཁང་། རིག་གཞུང་བསྟི་གནས་ཁང་སོགས་ནས་དེ་དང་འབྲེལ་བའི་བྱེད་སྒོ་སྤེལ་བ་སོགས་ཀྱི་ལམ་ནས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བ་དེའི་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག རྒྱ་ནག་གཞུང་གི་མི་རིགས་རྩ་གཏོར་གྱི་བྱེད་ཕྱོགས་དེ་ལ་གདོང་ལེན་ཆེད། བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་གྱི་སྲིད་བྱུས་གསར་པ་ཞིག་གཏན་འབེབས་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གི་ཁྲིམས་ཡིག་དེའི་ངན་བྱུས་དང་ཤུགས་རྐྱེན་སྐོར་དྲིལ་བསྒྲགས་ཞུ་གཏུག་གནང་རྒྱུ་ཡིན་པ་གསུངས་འདུག   དེ་ཡང་སྐད་ཡིག་སྲིད་བྱུས་གསར་པ་དེ་དང་འབྲེལ་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། མ་འོངས་པར་བོད་ཀྱི་སྐད་ཡིག་མུ་མཐུད་རྒྱུན་འཛིན་ཐུབ་ཐབས་སུ་དམིགས་ཏེ་སྲིད་བྱུས་གསར་པ་དེ་བཟོ་གི་ཡོད་པ་དང་། སྲིད་བྱུས་དེའི་ནང་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་པར་བོད་མིའི་སྒྲིག་འཛུགས་དང་། སློབ་གྲྭ ཕ་མ། བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་ལས་འགན་གང་ཡོད་གསལ་སྟོན་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་ད་ལྟའི་མི་བཟོས་རིག་ནུས་ཀྱི་དུས་སྐབས་སུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ལས་དོན་ནང་མི་བཟོས་རིག་ནུས་ཀྱང་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་གསལ་བཤད་གནང་འདུག དེ་མ་ཟད་བོད་མིའི་སྒྲིག་འཛུགས་ནས་ལོ་ལྟར་ཟླ་བ་ ༩ བདུན་ཕྲག་བཞི་པ་དེ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་སྲུང་བརྩི་ཞུས་པ་བརྒྱུད། བོད་མིའི་ཚོགས་སྐྱིད་དང་། ལས་འགུལ་བ་ཡོངས་ནས། སོ་སོའི་གནས་ཡུལ་ས་གནས་ཁག་ཏུ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་དང་འབྲེལ་བའི་ཆབ་སྲིད་དང་། རིག་གཞུང་། སྒྱུ་རྩལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ནི། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་བཀག་སྡོམ་བྱས་པའི་མི་རིགས་རྩ་གཏོར་དང་། འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཡིན་པ་དང་། དེ་བཞིན་ཁྲིམས་ཡིག་དེ་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བ་མ་ཚད། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་པའི་ལག་ཆ་ཞིག་དང་། ལྷག་པར་དུ་རྒྱ་ནག་གི་བཙན་དབང་འོག་ཡོད་པའི་མི་རིགས་ཚང་མ་རྒྱ་རིགས་སུ་བཙན་སྒྱུར་བྱ་རྒྱུའི་ཆེད་དུ་གཏན་འབེབས་བྱས་པ་ཞིག་ཡིན་སྐོར་གསལ་སྟོན་དང་དྲིལ་བསྒྲགས་བྱེད་དགོས་པའི་ལམ་སྟོན་གནང་ཡོད། གཞན་ཡང་བོད་མིའི་སྒྲིག་འཛུགས་ནས་སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོའི་འགན་ཁུར་འོག ཁྱབ་ཁོངས་བོད་མིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱལ་ཁབ་ཁག་གི་དབུས་དང་ས་གནས་གྲོས་ཚོགས་སུ་ཁྲིམས་ཡིག་དེར་ངོས་ལེན་མེད་པ་དང་། ངོ་རྒོལ་གདོང་ལེན་གྱི་གྲོས་ཆོད། ལངས་ཕྱོགས་བསྒྲགས་གཏམ། བློ་འདོན་བསྟི་གནས་ཁང་ཁག་ནས་ཆེད་དོན་ཉམས་ཞིབ་ཀྱི་སྙན་འདོན་སྤེལ་དང་། བརྒྱུད་ལམ་ཁག་ནང་ཆེད་དོན་དཔྱད་རྩོམ་དང་གནས་ཚུལ་འགོད་སྤེལ་སོགས་ཀྱི་ལམ་ནས་མི་རིགས་རྩ་གཏོར་གྱི་སྲིད་བྱུས་སྐོར་དྲིལ་བསྒྲགས་དང་། ཕྱི་ཟླ་ ༩ ཚེས་ ༢༥ ཉིན། མཉམ་འབྲེལ་རྒྱལ་ཚོགས་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་དབུས་དང་ས་གནས་སྲིད་གཞུང་དང་གྲོས་ཚོགས། བློ་འདོན་ལྟེ་གནས། གསར་འགྱུར་བརྒྱུད་ལམ་སོགས་ལ་དེ་འབྲེལ་སྙན་ཐོ་དབུལ་རྒྱུ་ཡིན་པ་གསུངས་ཡོད། དེ་དང་འབྲེལ་ཏེ་བོད་མིའི་སྤྱི་ཚོགས་ནང་ཁུལ་བོད་མིའི་རིག་གཞུང་གི་ངོ་བོ་གསོན་གནས་རྒྱུན་འཛིན་ཡོང་ཐབས་སུ་ཕྱི་ཟླ་ ༩ ཚེས་ ༢༣ ལྷག་དཀར་ཉིན། ང་བོད་པ་ཡིན། ངས་མ་ཎི་འདོན། ངས་བོད་སྐད་བཤད། ངས་བོད་གོས་གྱོན། ངས་བོད་ཟས་ཟ་ལ་སོགས་པའི་འབོད་ཚིག་དང་བསྟུན་པའི་བྱེད་སྒོ་རྣམས་ཁྱིམ་ཚང་ནས་འགོ་བཙུགས་ཏེ། བོད་མིའི་སྤྱི་ཚོགས་སུ་རྒྱུན་འཇགས་ཡོང་ཐབས་སུ་བརྒྱུད་སྐུལ་འབད་རྩོལ་དགོས་པའི་གཞེན་སྐུལ་གནང་འདུག གཞི་རྩའི་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཟེར་བ་དེ་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཐོག་གཏན་འབེབས་བྱས་ཏེ། ཟླ་བ་ ༧ ཚེས་ ༡ ནས་ལག་བསྟར་བྱེད་འགོ་བཙུགས་ཡོད། རྒྱ་ནག་གཞུང་གིས་བཤད་པ་ལྟར་ན། ཁྲིམས་ཡིག་དེ་ཉིད་རྒྱ་ནག་ནང་གི་མི་རིགས་ནང་ཁུལ་མཐུན་སྒྲིལ་ཡོང་འཕེལ་དང་། མི་རིགས་གཅིག་གི་འདུ་ཤེས་གོང་མཐོར་གཏང་རྒྱུའི་ཆེད་ཡིན་སྐོར་བཤད་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁྲིམས་ཡིག་དེ་ནི་གྲངས་ཉུང་མི་རིགས་ཁག་རྩ་མེད་བཟོ་བའི་ཁྲིམས་ཡིག་ཅིག་ཡིན་པ་ར་སྤྲོད་གནང་གི་ཡོད་པ་རེད།།

Latest news