བོད་མིའི་སྒྲིག་འཛུགས།

མི་རབས་གསར་པའི་ཞི་རྒོལ་སྤེལ་ནས་བགྲང་བྱ་ ༤༠ འཁོར་བའི་ཕྱིར་དྲན་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད།

རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་དང་ལྷག་པར་༸གོང་ས་མཆོག་གིས་ཞི་བའི་དོན་ཚན་ལྔ་འདོན་གནང་མཛད་པར་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས། ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་ངོ་རྒོལ་ངམ་སྟོན་ཁྲོམ་སྐོར་གནང་ནས་ལོ་ངོ་ ༤༠ འཁོར་བ་དང་བསྟུན། དེ་འབྲེལ་མི་རབས་གསར་པའི་ཞི་རྒོལ་སྤེལ་ནས་བགྲང་བྱ་ ༤༠ འཁོར་བའི་ཕྱིར་དྲན། ཞེས་པའི་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་། https://youtu.be/uvNmgE0rPJw?si=ZoUO9A4NrdklQrMD དེ་ཡང་དབུ་འབྱེད་མཛད་སྒོའོ་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དེ་སྔ་ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་སྤྱི་དང་། ལྷག་པར་དུ་ལོ་དེར་༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཞི་བའི་དོན་ཚན་ལྔན་འདོན་གནང་མཛད་པར་རྒྱ་གཞུང་གིས་གཞི་མེད་སྐྱོན་བརྗོད་བྱས་པར། བོད་མི་ཚོས་ངོ་རྒོལ་གནང་སྐབས་ངོ་རྒོལ་དངོས་སུ་མཐོང་ནས་བདེན་དཔང་གནང་མཁན་དང་། དོན་རྐྱེན་དེའི་དངོས་བྱུང་དཔར་ལེན་གནང་མཁན་ John Ackerly ལགས། སྨན་པ་ Blake Kerr ལགས། བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག སྐབས་དེའི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་དགེ་ངག་དབང་འོད་འབར་ལགས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་མི་སྣ་བཅུ་ཕྲག་ཁ་ཤས་འདུ་འཛོམས་གནང་སོང་། སྐབས་དེར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། དེ་རིང་ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༩ ཚེས་ ༢༧ དབར་གྱི་དུས་ཐུང་འགྲེམས་སྟོན་དེའི་ཐོག དེ་སྔ་ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་དམར་གུང་ཁྲན་གྱིས་བོད་ལ་བཙན་འཛུལ་བྱས་འགོ་བཙུགས་པ་ནས་བཟུང་བོད་ཡུལ་གང་སར་ཞི་རྒོལ་སྒེར་ལངས་རིམ་བསྟུད་དུ་བྱུང་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་སྐབས་དེ་དུས་རྒྱ་ནག་གཞུང་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་མེད་རྐྱེན། ཧ་ཅང་ཛ་དྲག་ཆེ་བའི་སྒེར་ལངས་དང་རྒྱ་རྒོལ་འཐབ་རྩོད་དེ་དག་འཛམ་གླིང་མི་མང་གི་ཤེས་རྟོགས་གང་ཡང་བྱུང་མེད་པ་དང་། འོན་ཀྱང་ཕྱི་ལོ་ ༡༩༨༧ ནས་ ༡༩༨༩ བར་བོད་ནང་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་གཙོས་བཙུན་མ་དང་། སློབ་ཕྲུག རྒྱ་ཆེའི་མང་ཚོགས་བཅས་ཀྱིས་བོད་རང་བཙན་སླར་གསོ་དང་། རྒྱ་དམར་བོད་ནས་ཕྱིར་ལོག་བཅས་ཀྱི་ཆེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་དང་། སྐད་འབོད། སྦྱར་ཡིག་འགྲེམས་སྤེལ་སོགས་རྣམ་པ་འདྲ་མིན་གྱི་ཞི་རྒོལ་ལས་འགུལ་སྤེལ་ཡོད་པ་དག་ལ། རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་དང་གསར་བརྗེར་ངོ་རྒོལ་གྱི་ཉེས་མིང་གཡོགས་ཏེ་དྲག་གནོན་དང་སྦྲགས་ནག་བསུབ་ཏུ་གཏོང་ཐབས་བྱས་ཡོད་ཀྱང་། ཞི་རྒོལ་སྐབས་ལྷ་སར་ཡོད་པའི་ཕྱི་རྒྱལ་ཡུལ་སྐོར་བ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ John Ackerly ལགས་དང་། སྨན་པ་ Blake Kerr ལགས་གཉིས་ཀྱིས་ཞི་རྒོལ་སྐབས་ཀྱི་དངོས་བྱུང་གནས་ཚུལ་མང་པོ་ཞིག་པར་ལེན་གྱིས་འཛམ་གླིང་མི་མང་གི་སྤྱན་ལམ་དུ་བསྟར་ཐུབ་ཡོད་པ་དེས། འཛམ་གླིང་མི་མང་ལ་བོད་ཀྱི་གནས་སྟངས་ངོ་མ་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད་པ་གསུངས་སོང་། མ་ཟད། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དུ་མ་བྱེད་བཞིན་པའི་ཁྲོད། ཕྱི་ལོ་ ༡༩༨༧ ལོའི་ཞི་རྒོལ་སྐོར་ལ་ཟླ་ ༡༠ ཚེས ༡༥ ཉིན་ལྡི་ལིར་གསར་འགོད་ལྷན་ཚོགས་ཐོག རྒྱ་མིས་བོད་ནང་གི་ཞི་རྒོལ་རྔམ་སྟོན་དེ་ཕྱི་མིས་སྐུལ་སློང་བྱས་པ་རེད་ཟེར་བ་དེ་ནི་ངན་སེམས་ཁོག་བཅངས་ཀྱིས་རྫུན་གཏམ་བཤད་པ་ཞིག་རེད་ཅེས་དང་། ལྷག་པར་ཕྱི་མི་སུ་གཅིག་གིས་ཀྱང་སྐུལ་སློང་བྱེད་མཁན་མེད་པ་དང་ཆབས་ཅིག དེ་ནི་བོད་མི་རང་ཉིད་ཀྱིས་བྱས་པ་ཞིག་ཡིན་པ་མ་ཟད་གཤམ་འོག་མི་དམངས་འགོ་བཙུགས་བྱས་པ་ཤ་སྟག་ཡིན་སྐོར་འཛམ་གླིང་ལ་གསལ་བསྒྲགས་བྱས་ཡོད་པའི་ཁར། སྐུ་ཞབས་ཁོང་གཉིས་ཀྱི་པར་རིས་ཕྱག་དེབ་དང་ཡིག་ཚགས་ཁག་གིས་རྒྱ་གཞུང་གིས་བོད་ནང་དྲག་གནོན་ཚད་མེད་བྱས་པའི་དཔང་རྟགས་དཀོན་པོ་ཞིག་སྤྲོད་ཀྱི་ཡོད་པ་གསུངས་སོང་ལ། ཐེངས་འདིའི་འགྲེམས་སྟོན་ཐོག་དེ་སྔ་འགྲིག་བཤོམས་གནང་མྱོང་མེད་པའི་ཕྱི་ལོ་ ༡༩༨༧ ལོའི་ལྷ་སའི་ཞི་བའི་ངོ་རྒོལ་གི་པར་རིས་ཁག་གཅིག་འགྲེམས་སྟོན་གནང་ཐུབ་ཡོད་པ་གསུངས་སོང་། དེ་བཞིན་འདི་ག་རླུང་འཕྲིན་ཁང་གིས་དུས་ཐུང་འགྲེམས་སྟོན་དང་འབྲེལ་སྲིད་སྐྱོང་མཆོག་ལ་བཀའ་འདྲི་ཞུ་སྐབས་ཁོང་གིས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པའི་ཐེངས་འདིའི་འགྲེམས་སྟོན་ཐོག་འདས་པའི་ལོ་ངོ་ ༤༠ རིང་བོད་ནང་མི་རབས་གསར་པས་ཞི་རྒོལ་སྤེལ་བའི་བརྒྱུད་རིམ་གསལ་སྟོན་གནང་ཐོག ལྷག་པར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཡུལ་གང་སར་བྱུང་བའི་ཞི་རྒོལ་དེ་དག་ཏཱ་ལའི་རུ་ཚོགས་ཀྱི་ངན་སྐུལ་དང་བྱུས་བཀོད་འོག་བསླངས་པ་རེད་ཅེས་བསྙོན་རྫུན་བྱེད་བཞིན་པའི་ཁྲོད་ John Ackerly ལགས་དང་། སྨན་པ་ Blake Kerr ལགས་གཉིས་ཀྱིས་བདེན་པའི་གནས་ཚུལ་དངོས་གང་ཡིན་རྒྱལ་སྤྱིའི་ཐོག་འགྲེལ་བརྗོད་ལེགས་པར་གནང་ཡོད་སྟབས། སྐབས་དེར་བོད་ནང་གི་ཛ་དྲག་གནས་སྟངས་དངོས་རྒྱལ་སྤྱིའི་ཁྲོད་འཇོག་ཐུབ་ཡོད་པ་གསུངས་སོང་། ཕྱོགས་མཚུངས་རླུང་འཕྲིན་ཁང་གིས་སྐུ་ཞབས་སྨན་པ་ Blake Kerr ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། སྐབས་དེ་ཚེ་དེ་དུས་ཁོང་ལྷ་སའི་ཇོ་ཁང་མདུན་དུ་ཡོད་སྐོར་དང་། སྐབས་དེར་ཁོང་གིས་རྒྱ་ནག་ཉེན་རྟོག་རླངས་འཁོར་ནང་གྲྭ་པ་བཅུ་གཉིས་འཁྲིད་བཞིན་པ་མ་ཟད། ཉེན་རྟོག་པ་ཚོས་ཁང་པའི་ཐོག་ཁ་ནས་ AK 47 མེ་མདའ་བརྒྱབ་པ་དང་ཆབས་ཅིག ཁོ་པས་ལོ་ ༢༥ ཅན་གྱི་སྐྱེས་པ་ཞིག་གི་བྲང་ཁོག་ལ་མེ་མདའ་ཕོག་སྟེ་གྲོངས་པ་མཐོང་བྱུང་ལ། ལོ་བཅུ་ཅན་གྱི་བུ་ཞིག་ལ་མེ་མདའ་ཕོག་སྟེ་ངའི་ལག་པར་གྲོངས་ཡོད་པ། ད་དུང་ལོ་ན་ ༡༦ ཡིན་པའི་ཕོ་གསར་ཞིག་ལ་ཉེན་རྟོག་ལས་ཁུངས་ནས་རྡུང་རྡེག་བཏང་ནས་བསད་པ་བཅས་མཐོང་ཡོད་པ་འགྲེལ་བརྗོད་དང་སྦྲགས། སྐབས་དེར་རྒྱ་གཞུང་གི་དྲག་གནོན་ལ་ཁོང་ཁྲོ་ཞེ་དྲག་ལངས་ཡོད་པ་གསུངས་སོང་བ་དང་། བོད་མི་རྣམ་པས་བློ་སྟོབས་ལ་ཧ་ལས་ཡོད་པ་གསུངས་སོང་། དེ་བཞིན་སྐབས་དེའི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་དགེ་ངག་དབང་འོད་འབར་ལགས་ཀྱིས་ཀྱང་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་དངོས་བྱུང་གནས་སྟངས་འགྲེལ་བརྗོད་གནང་སོང་། རྩ་བའི་ཕྱི་ལོ་ ༡༩༨༧ ལོའི་སྟོན་དུས་ལྷ་སར་བོད་མི་རྣམས་ཀྱིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཐེངས་གསུམ་གོ་སྒྲིག་བྱས་པ་དང༌། རྔམ་སྟོན་ཁྲོམ་སྐོར་དེ་རིགས་ལ་དྲག་གནོན་བྱ་ཆེད་རྒྱ་མིའི་ཉེན་རྟོག་པས་ལག་ཏུ་མཚོན་ཆ་ཁབ་ཙམ་མེད་པའི་མི་མང་ཁྲོད་མེ་མདའ་བརྒྱབ་སྟེ། མི་མང་པོ་ཞིག་དེ་མ་ཐག་ཏུ་དམར་གསོད་བཏང་ཞིང་། གཞན་མང་པོར་རྨས་སྐྱོན་ཕོག་ཏུ་བཅུག་ཡོད་པ་མ་ཟད། མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཡོད། རྔམ་སྟོན་ཁྲོམ་སྐོར་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན་ཏེ། ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཞི་བའི་གྲོས་འཆར་དོན་ཚན་ ༥ འདོན་གནང་མཛད་ནས་བདུན་ཕྲག་གཅིག་གི་རྗེས་ཕྱི་ཚེས་ ༢༧ ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་ ༢༡ གིས་དབུ་འཛུགས་པ་དང་། རིམ་པས་བོད་མི་བརྒྱ་ལྷག་ནས་མཉམ་ཞུགས་བྱས་ཏེ། བོད་ཀྱི་རྒྱལ་དར་དང་། ྋགོང་ས་མཆོག་ལ་རྒྱབ་སྐྱོར་གྱི་འབོད་ཚིག་འཁོད་པའི་འཕྲེད་དར་འཁྱེར་ཏེ། “བོད་རང་བཙན་ཡིན།” “ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག” ཅེས་འབོད་ཚིག་བསྒྲགས་པས། དེ་རྗེས་འཕྲལ་དུ་རྒྱ་མིའི་བདེ་འཇགས་དམག་དཔུང་གིས་ངོ་རྒོལ་བ་ཚོར་དྲག་གནོན་བྱས་ཏེ། དགེ་འདུན་པ་ཡོངས་རྫོགས་དང་། སྐྱ་བོ་ངོ་རྒོལ་བ་ལྔ་འཛིན་བཟུང་བྱས་ཡོད་པ་རེད། དེ་ཡང་ངོ་རྒོལ་དེའི་འཕྲལ་གྱི་རྐྱེན་གཙོ་བོ་དེ། ཟླ་བ་དེའི་ཚེས་ ༢༡ ཉིན་༸གོང་ས་མཆོག་ཨ་རིར་ཕེབས་ཏེ་ཞི་བའི་དོན་ཚན་ལྔ་འདོན་གནང་མཛད་པ་དེ་ལ་རྒྱ་ནག་གཞུང་གིས་མཚན་དམས་ཞུས་པ་མ་ཟད། བོད་མི་ཚོས་ཀྱང་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་དགོས་པའི་ངན་སྐུལ་བྱས་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་པ་རེད།

བོད་མིའི་སྒྲིག་འཛུགས་ནས་ལྡི་ལིར་བོད་ཀྱི་རིག་གཞུང་དུས་སྟོན་དབུ་འཛུགས་གནང་།

བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ India International Centre ལྟེ་གནས་ཁང་དུ། བོད་ཀྱི་རིག་པའི་གནས་ལྔ་དང་འཚེ་མེད་ཞི་བའི་ཆབ་སྲིད་ཀྱི་ལྟ་གྲུབ་བཅས་ལ་ཞི་བཅོལ་བའི་ཉིན་གྲངས་གསུམ་རིང་གི་བོད་ཀྱི་དུས་སྟོན་དེ་རིང་ཕྱི་ཚེས་ ༣ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དབུ་འབྱེད་གནང་སོང་། སྲིད་སྐྱོང་མཆོག་ནས་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་གྱི་རིག་གནས་ཀྱི་ཤུགས་རྐྱེན་འོག་དར་བའི་བོད་ཀྱི་རྩ་ཆེའི་རིག་གནས་ཁག་བརྒྱུད་དེང་གི་སྲ་བརྟན་མེད་པའི་འཛམ་གླིང་འདིར་ཞི་བདེའི་ཕན་རླབས་བསྐྲུན་ཐུབ་པའི་རེ་བ་ཡོད་པ་དང་། ལྷག་པར་ཉེ་ཆར་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་འོག་ནས། བོད་མི་རིགས་ཀྱིས་ད་བར་བདག་གཅེས་བྱས་པའི་རྩ་ཆེའི་རིག་གཞུང་དེ་ཁྲིམས་ཐོག་ནས་རྩ་མེད་བཟོ་རྒྱུའི་འབད་རྩོལ་བྱེད་བཞིན་ཡོད་སྟབས། དུས་སྟོན་འདི་ལྟ་བུ་བརྒྱུད་རྒྱ་གར་གྱི་མི་རབས་རྒན་གཞོན་རྣམས་དང་། ལྷག་པར་འཛམ་གླིང་ཀུན་ལ་བོད་ཀྱི་རྩ་ཆེའི་རིག་གཞུང་སྐོར་གོ་རྟོགས་སྤེལ་ཏེ། རྒྱ་ནག་གི་ཁྱོག་བཤད་ལ་གདོང་ལེན་བྱ་རྒྱུ་ཡིན་པ་གསུངས་སོང་། དེ་རིང་ཕྱི་ཟླ་ ༩ ཚེས་ ༣ ནས་དབུ་འཛུགས་གནང་བའི་བོད་ཀྱི་དུས་སྟོན་དེའི་ཁོངས་སུ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངོས་ནས། བོད་ཀྱི་ཐང་ཀའི་རྒྱུ་རྩལ་། ཤིང་བཀོད། རི་མོ་སོགས་ཀྱི་འགྲེམས་སྟོན་དང་ཚོང་ལས་བཤམ་སྟོན་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ངོས་ནས། རིན་མེད་སྨན་བཅོས་བརྟག་དཔྱད་དང་། སྐར་རྩིས་ཀྱི་སློབ་སྟོན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ངོས་ནས་དེང་རབས་གྲངས་འཛིན་གི་དུས་རབས་འདིར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གནང་ཕྱོགས་སོགས་བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཁོར་ཡུག་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་མཁས་པའི་བགྲོ་གླེང་དང་གཏམ་བཤད། བོད་ཀྱི་འགྲེམས་སྟོན་ཁང་གི་ངོས་ནས་ལོ་རྒྱུས་ཀྱི་པར་རིས་འགྲེམས་སྟོན་གནང་རྒྱུ་མ་ཟད། ཕྱི་དྲོ་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་རིག་གཞུང་གཞས་སྣ་འཁྲབ་སྟོན་གནང་གི་འདུག དེ་བཞིན་དུས་སྟོན་དེའི་ཆ་ཤས་སུ་བོད་ཀྱི་ཡིག་གཟུགས་དང་རི་མོ། དཀྱིལ་འཁོར་བཞེངས་བསྐྲུན་དང་། གློག་བརྙན་གཟིགས་འབུལ་ཞུ་རྒྱུ་རེད་འདུགདེ་རིང་བོད་ཀྱི་དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་མཚམས་རྒྱ་གར་གྱི་གསར་འགོད་པ་དང་། རྒྱལ་ཡོངས་བདེ་འཇགས་དཔྱད་ཞིབ་པ་སྐུ་ཞབས་ Nitin A Gokhale ལགས་ཀྱི་གཙོ་སྐྱོང་འོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྩོམ་སྒྲིག་པ་དང་ལྷོ་ཨེ་ཤི་ཡའི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་དང་རྒྱལ་སྤྱིའི་ཆབ་སྲིད་དཔྱད་ཞིབ་པ་གྲགས་ཅན་ C Raja Mohan ལགས། དེ་བཞིན་Atma Nirbar Soch ཞེས་པའི་ཆབ་སྲིད་ལྟེ་གནས་ཁང་གསར་འཛུགས་གནང་མཁན་མཁས་དབང་དམག་དཔོན་ཟུར་པ་ Brigadier Anshuman Narang བཅས་ཀྱིས་དཔལ་ཡོན་དར་སྤེལ་གྱི་འབྲེལ་ལམ་དང་། དེང་གི་ཐབས་བྱུས་ལམ་ཕྱོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད། གཞི་རྩའི་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༥ བར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་དེ་མུ་མཐུད་འཚོག་གི་ཡོད་པ་དང་། ཉིན་གྲངས་གསུམ་དེའི་རིང་འགྲེམས་སྟོན་ཁག་དང་། སྨན་བཅོས་བརྟག་དཔྱད་སོགས་པའི་སྒྱུ་རྩལ་ཁག་མུ་མཐུད་གནང་རྒྱུ་རེད་འདུག

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཚོགས་འདུའི་ཐོག་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཕྱིར་འཐེན་དགོས་པའི་དགོས་འདུན་བཏོན་འདུག

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་ཕྱིར་འཐེན་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་བསྒྲགས་གཏམ་སྤེལ་བ་དང་སྦྲགས་ནས་ཉིན་གྲངས་ ༣ རིང་གི་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཚོགས་འདུ་འཇུག་སྒྲིལ། བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱི་གོ་སྒྲིག་འོག བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Dhauladhar Heights གསོལ་མགྲོན་ཁང་དུ་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༨ པའི་ཚེས་ ༣༡ ནས་ཕྱི་ཟླ་ ༩ པའི་ཚེས་ ༢ བར་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་དེ་འཚོགས་ཡོད་པ་ལྟར། ཚེས་ ༢ ཉིན་ཚོགས་བཅར་བ་རྣམས་ནས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མ་གཏོགས་རྒྱ་ནག་ལ་བདག་དབང་རྩ་བ་ནས་མེད་པ་དང་། འཚེ་མེད་ཞི་བའི་ཐབས་ལམ་ལ་མུ་མཐུད་འཇུག་སྐྱོང་གནང་རྒྱུ། མང་གཙོའི་དམིགས་ཡུལ་བསྒྲུབ་པར་བོད་རྒྱའི་དབར་ཐུན་མོང་གྱི་ཞི་རྟེན་འཚོལ་རྒྱུ། དེ་བཞིན་རྒྱ་རིགས་སྤྱི་ཚོགས་ཁྲོད་བོད་ཀྱི་གནད་དོན་དང་བོད་དོན་འཐབ་རྩོད། དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་སྐོར་ལ་གོ་རྟོགས་གང་མང་སྤེལ་རྒྱུ། དེ་བཞིན་འདི་ལོ་རྒྱ་ནག་གིས་ལག་ལྟར་བྱེད་མགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དེས་བོད་མི་གཙོས་པའི་རྒྱ་ནག་གི་སྡུག་སྦྱོང་མྱོང་བཞིན་པའི་མི་རིགས་རྣམས་ཀྱི་ངོ་བོ་རྩ་མེད་གཏོང་ངེས་ཡིན་སྐོར་དང་འབྲེལ་ནས་ཁྲིམས་དེ་འཕྲལ་མར་ཕྱིར་ཐེན་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་ནས་ཚོགས་འདུ་འཇུག་སྒྲིལ་སོང་། ཐེངས་འདིའི་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཚོགས་འདུའི་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་དང་ཉམས་ཞིབ་པ་རྣམཔ་། བྱང་ཨ་རི་དང་ཨོ་གླིང་རྒྱ་རིགས་འབྲེལ་མཐུད་པ། དེ་བཞིན་རྒྱ་གར་གཙོས་པའི་ཨ་རི་དང་། ཁེ་ན་ཌ། ཨིན་ཡུལ། ཇར་མ་ནི། ནེ་དར་ལེནྚ། ཨོསྟྲེ་ལི་ཡ། ཉི་ཧོང་། ཐའེ་ཝན། ལྷོ་སོག་བཅས་ནས་ཕེབས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཤེས་ལྡན་མི་སྣ་བཅས་ཁྱོན་མི་གྲངས་ ༢༨ ཙམ་ལྷན་འཛོམས་གནང་ཡོད་པ་རེད། ཚེས་ ༣༡ ཉིན་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་རང་བཞིན་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་དེད་ཀྱི་ཁྲིམས་ཡིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ངོ་སྤྲོད་ཀྱི་གསུངས་བཤད་གནང་འདུག

མང་གཙོ་དུས་ཆེན་ཉིན་བོད་མི་རྣམ་པར་སྤྱི་ཚོགས་ཀྱི་བདེ་འཇགས་དང་རྩ་དོན་སྲུང་སྐྱོབ་ཀྱི་ལས་འགན་ཡོད་པ་དྲན་སྐུལ་གནང་སོང་།

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢ ཉིན་མོ་འདི་བཞིན་དེ་སྔོན་ཕྱི་ལོ་ ༡༩༦༠ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིར་མང་གཙོའི་ལམ་ལུགས་ཡང་དག་པ་གསོལ་རས་གནང་སྟེ། ལོ་ངོ་ ༦༦ ཧྲིལ་པོ་འཁོར་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་པ་དང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོའི་ཐོག་བཀའ་སྤྱི་གཉིས་ནས་བོད་མི་རྣམས་ལ་བཅའ་ཁྲིམས་ཀྱིས་འགན་སྲུང་བྱས་པའི་གཞི་རྩའི་ཐོབ་ཐང་ཡོད་པ་དུས་མཉམ་དུ་སྤྱི་ཚོགས་ཀྱི་བདེ་འཇགས་དང་རྩ་དོན་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱི་བསྐུར་པའི་ལས་འགན་ཡང་ཡོད་པ་མ་ཟད། བཙན་བྱོལ་བའི་གནས་སྟངས་འོག་མང་གཙོ་ལག་བསྟར་བྱེད་བཞིན་ཡོད་སྟབས། མི་མང་གི་མཐུན་སྒྲིལ་དང་མང་གཙོའི་འགན་ཁུར་ནི་ཡུན་རིང་གནས་དགོས་གལ་ཡིན་པ་དྲན་སྐུལ་གནང་སོང་། https://youtu.be/H_YfKg56aKM?si=J3Di7jjR1v0Ka01g དེ་ཡང་དེ་རིང་གཞུང་འབྲེལ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་པེ་ཅིང་གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་དུ་སློབ་ཕྲུག་གིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་སྐབས་འགོ་ཁྲིད་གཙོ་གྲས་ཝང་དན་ Wang Dan དབུས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ ༣༠ ཙམ་དང་། བོད་མིའི་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད། སློབ་ཕྲུག་དང་མང་ཚོགས་བཅས་མཉམ་ཞུགས་གནང་སོང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ཁྲོད། ཕྱི་ལོ་ ༡༩༦༠ ནས་བོད་མིའི་མང་གཙོའི་འཕེལ་རིམ་ངོ་སྤྲོད་དང་འབྲེལ། བཙན་བྱོལ་བའི་གནས་སྟངས་འོག་ཏུའང་མི་མང་གི་མངོན་འདོད་དང་མཐུན་པར་ཁྲིམས་ཀྱི་དབང་བསྒྱུར་གྱི་ལམ་ནས་འཛིན་སྐྱོང་འཐུས་སྒོ་ཚང་བའི་སྒོ་ནས་བྱེད་ཐུབ་པ་འདི་རྒྱལ་སྤྱིའི་ཐོག་མིག་དཔེ་བལྟ་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། མང་གཙོ་ནི་མི་མང་གིས་དབང་སྒྱུར་བྱེད་པ་ཁོ་ན་མིན་པར། མི་མང་གི་སྐུ་ཚབ་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཀྱིས་དབང་སྒྱུར་བྱེད་དགོས་པའི་རྩ་དོན་རྒྱུན་འཁྱོངས་དང་། བོད་མི་མི་རེ་ངོ་རེར་བཅའ་ཁྲིམས་ཀྱིས་འགན་སྲུང་བྱས་པའི་གཞི་རྩའི་ཐོབ་ཐང་ཡོད་པ་དང་མཉམ་དུ། སྤྱི་ཚོགས་བདེ་འཇགས་དང་རྩ་དོན་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་ཡང་ཡོད་པ་དེ་ངེས་པར་དུ་གོ་རྟོགས་ཡོད་དགོས་པ་ནན་བརྗོད་གནང་སོང་། ལྷག་པར་རྒྱ་དམར་གཞུང་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་དེའི་ནང་དོན་ཤེས་པའི་ཐོག་ནས་གདོང་ལེན་ནན་པོ་བྱ་དགོས་ཤིང་། ཁྲིམས་ཡིག་དེས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བཀག་སྡོམ་དང་། ལོ་རྒྱུས་དང་མི་རིགས་ཀྱི་ངོ་རྟགས་རྫུན་བཟོ། སྤྱི་ཚོགས་གཞི་རིམ་གྲོང་གསེབ་བར་དུ་ལུགས་བསྒྱུར་སྲོལ་བརྗེ། བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར། མི་རིགས་མཉམ་བསྲེས་ལ་ཤུགས་སྣོན། འཕྲུལ་རིགས་གི་ལྟ་སྲུང་། ཆབ་སྲིད་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་གནོན་ཤུགས། བོད་རིགས་ལས་བྱེད་པར་ཆབ་སྲིད་ཞིབ་བཤེར། རང་སྐྱོང་གི་ཐོབ་ཐང་རྩིས་མེད་དང་རྒྱལ་མཚམས་ལ་བརྒལ་བའི་དྲག་གནོན་སོགས་ཡིན་པ་གསལ་སྟོན་གནང་སོང་། དེ་བཞིན་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ཁྲོད། མང་གཙོའི་འཕེལ་རིམ་དང་འབྲེལ། མ་འོངས་གཞིས་བྱེས་མཉམ་འཛོམས་བྱུང་བའི་སྐབས་བཙན་བྱོལ་ནང་སྦྱངས་པའི་མང་གཙོའི་རང་དབང་བརྒྱུད་ནས་བོད་ཀྱི་མང་གཙོ་དང་། ཞི་བདེ། ཐུན་མོང་གི་གུས་བརྩི་བཅས་ཀྱི་གཞི་རྩ་ཞིག་ཏུ་འགྱུར་ཐུབ་པ་བྱེད་དགོས་ཤིང་། རྒྱ་དམར་གཞུང་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་འདིའི་ཐོག་རྒྱུས་ལོན་གྱིས་སོ་སོའི་ས་གནས་སུ་གོ་རྟོགས་སྤེལ་བའི་བརྒྱུད་ནས་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་སུ་ཞུ་སྐུལ་མུ་མཐུད་སྤེལ་དགོས་པ། ལྷག་པར་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱིས་ཞལ་ཆེམས་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིར་མང་གཙོ་ཚད་ལྡན་གནང་བའི་སྐོར་ལུང་འདྲེན་དང་འབྲེལ་ནས། བོད་མི་རྣམ་པས་མང་གཙོ་ལག་བསྟར་བྱེད་པའི་སྐབས། རང་དགར་ཐོབ་པའི་ཁེ་ཕན་ཞིག་ཏུ་མི་བརྩི་བར། དེ་ནི་འགན་འཁྲི་དང་གཅེས་སྲུང་བྱ་དགོས་པའི་རིན་ཐང་ཞིག་ཏུ་བརྩིས་ནས་ཕན་ཚུན་གུས་བརྩི་དང་། བཟོད་བསྲན། ཁྲིམས་ལ་བརྩི་སྲུང་། འགན་འཁྲི་དང་དྲང་བདེན་བཅས་གཞིར་བཞག་དགོས་པ་མ་ཟད། རྒྱལ་ཁབ་རང་བཙན་ཡོད་པའི་ནང་སྲིད་དོན་གྱི་འགྲན་སྡུར་ཡོང་གི་ཡོད་པ་དེ་ལྟར་ཡང་། རང་ཅག་རྣམས་བཙན་བྱོལ་བའི་གནས་སྟངས་འོག་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་སྟབས། མཐུན་སྒྲིལ་དང་འགན་ཁུར་ནི་ཡུན་རིང་གནས་དགོས་པ་ཡིན་པ་ཚང་མས་ཡིད་འཇགས་གནང་དགོས་གལ་གྱི་དྲན་སྐུལ་གནང་སོང་། སྐུ་མགྲོན་གཙོ་བོ་རྒྱ་རིགས་མང་གཙོ་དོན་གཉེར་བ་ཝང་དན་ Wang Dan ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་མང་གཙོ་དོན་གཉེར་ཅན་ཡོང་ལ་གུས་བཀུར་ཞུས་པ་དང་འབྲེལ། བོད་ཀྱི་མ་འོངས་པ་དེ་བོད་མི་རང་གི་ཐག་གཅོད་བྱ་དགོས་ཤིང་། རྒྱ་དམར་གཞུང་གིས་བོད་མིའི་འབོད་སྒྲ་ནམ་ཡང་ཉམས་དམས་སུ་བཏང་ཐུབ་མེད་ཅེས་གསུངས་སོང་། ལྷག་པར་ཁོང་གིས་མ་འོངས་པར་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་འདྲ་མཉམ་དང་ཞི་བའི་གྲོས་མོལ་ཐོག་ནས་བསྐྱོད་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་ཉམས་མྱོང་ལས་བློ་སྐྱེད་བླངས་དགོས་པ་སོགས་རྒྱ་ནག་མང་གཙོ་ཅན་དུ་འགྱུར་དགོས་གལ་གྱི་བརྡ་ལན་གནང་སོང་། གཞན་ཡང་དེ་རིང་གི་མཛད་སྒོའི་ཐོག་རྒྱ་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཐོག་ཐེ་ཇུས་བྱེད་དབང་མེད་ཅེས་པའི་རྒྱ་རིགས་ཁག་གཅིག་གི་དཔྱད་རྩོམ་ཕྱོགས་བསྡུས་དཔེ་དེབ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་འདོན་སྤེལ་གནང་བའི་བོད་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་ལམ་ལོ་རྒྱུས་དཔེ་དེབ། སྤྱི་ཟུར་དང་དོན་ཟུར་བློ་བཟང་ཤྰསྟྲྰི་ལགས་ཀྱི་རྩོམ་སྒྲིག་གནང་བའི་བོད་ཀྱི་ཕྱི་འབྲེལ་ལོ་རྒྱུས་དང་དེའི་ཐབས་བྱུས་ཀྱི་དོན་ཆེན་ལོ་ཚིགས་རིམ་བྱུང་ལྟར་ལ་རྒྱུས་པའི་གཏམ་བྱུ་རུའི་ཕྲེང་བ་ A Chronicle of Tibet’s Foreign Relation & Policy (7th - 21st  Century) ཞེས་པའི་ཨིན་སྒྱུར་དཔེ་དེབ། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་དེབ་ཕྲེང་གསུམ་པ་བཅས་དབུ་འབྱེད་གནང་སོང་། མ་ཟད་ཤེས་རིག་ལས་ཁུངས་ནས་སྒྲིག་ཞུགས་རིགས་གཅིག་རྐང་འཛིན་སློབ་མཐར་ཕྱིན་པའི་སློབ་མ་ ༧ ལ་འབུམ་རམས་པའི་ཆེ་བསྟོད་ལག་འཁྱེར་དང་། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཁྲོད་ཕྱོགས་བསྡོམས་ཆ་སྙོམས་བརྒྱ་ཆ་ ༩༥ ཡན་ལོན་པའི་སློབ་ཕྲུག་ ༤ ལ་ཕུལ་བྱུང་བྱ་དགའ་དང་། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཚན་གསུམ་གྱི་རྩེ་ཕུད་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་སོན་པའི་སློབ་ཕྲུག་ ༡༠ ལ་དགའ་ལྡན་ཕོ་བྲང་བྱ་དགའ་བཅསལ་གསོལ་སྩལ་གནང་སོང་། https://youtu.be/f0pK44V5LEY?si=m34shXaaJF4NoaZh

བོད་མིའི་སྒྲིག་འཛུགས་འཕྲོད་བསྟོན་ལས་ཁུངས་ཀྱི་གོ་སྒྲིག་འོག་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༨ པ་འཚོགས་པ།

ཁ་སང་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག །ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉིན་གྲངས་གཉིས་རིང་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༨ པ་བསྐོང་ཚོགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་བྱུས་གཏན་འབེབས་དང་འབྲེལ་ནས་འཕྲོད་བསྟེན་སྨན་པའི་སློབ་སྟོན་ཚོགས་ཆུང་ཞིག་ཆེད་འཛུགས་དང་། ཚོགས་མི་གཏན་འབེབས་གནང་བ་མ་ཟད། དེ་རིང་ཚོགས་འདུ་མཇུག་སྡོམ་དང་འབྲེལ། Health Information System ཞེས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་པའི་གྲངས་མཛོད་གསར་བསྐྲུན་གྱིས་དེའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་རྒན་གཞོན་བར་གསུམ་ཁྲོད། ལུས་སེམས་གཉིས་ཀྱི་དཀའ་ངལ་སེལ་རྒྱུའི་གྲོས་བསྡུར་དང་ཐབས་ལམ་ཚོལ་ཐབས། བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་ཇུས་རགས་ཟིན་བཅས་གྲོས་ཆོད་ཁག་གཅིག་བཞག་འདུག https://youtu.be/HbIJ_lTEoDQ?si=AsS0oVAjUeVVxEvG དེ་ཡང་ཁ་སང་སྔ་དྲོ་ཆུ་ཚོད་ ༩ ཡས་མས་སུ་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་དང་། འཕྲོད་བསྟེན་དྲུང་ཆེ་དང་དྲུང་འཕར། སྐུའི་བླ་སྨན་པ་རྣམ་པ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དང་སློབ་སྤྱི་གཞོན་པ། དེ་བཞིན་བལ་ཡུལ་སྐུ་ཚབ་དོན་གཅོད་དང་དགོན་སྡེ་ཁག་གི་སྨན་ཁང་གི་དབུ་འཛིན་དང་སྨན་པ། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་དབུས་བདེ་ལེགས་སྨན་ཁང་གི་འགན་འཛིན་རྣམ་པ། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་གི་དབུ་འཛིན་དང་སྨན་པ་སོགས་ཁྱོན་མི་གྲངས་ ༤༦ ལྷན་འཛོམས་གནང་སོང་། འཕྲོད་བསྟན་བཀའ་བློན་པདྨ་མཚོ་མཆོག་གིས། འཕྲོད་བསྟེན་གྱི་གལ་གནད་ཐོག་ནན་བརྗོད་ཁྲོད། ཕྱིའི་དངོས་པོ་དང་འཕྲུལ་ཆས་ཡར་རྒྱས་ཇི་ཙམ་ཕྱིན་ཡང་སྔོན་འགོག་གི་ཐབས་ལམ་དང་བྱེད་ཐབས་ཡག་ཤོས་ཤིག་ནི་བོད་ཀྱི་གསོ་བ་རིག་པའི་ཐབས་ལམ་ཡིན་པ་དང་། མ་འོངས་པར་བོད་ཀྱི་གསོ་བ་རིག་པ་དང་ཕྱི་ལུགས་ཀྱི་སྨན་ཟུང་སྦྲེལ་ཐོག་ནས་སྔོན་འགོག་གི་ཐབས་ལམ་ཐོག་ནུས་པ་བཏོན་ཐུབ་དགོས་གལ་སྐོར་གསུངས་བ་དང་། ལྷག་པར་དེང་སྐབས་གཞོན་སྐྱེས་ཁྲོད་སེམས་ཁམས་ཀྱི་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་པ་དང་། ཁོང་ཚོས་དཀའ་ངལ་སེལ་བར་མྱོ་རྫས་དང་ཆང་རག་ལོངས་སུ་སྤྱོད་པ་སོགས་ཀྱི་གནས་ཚུལ་མང་དུ་ཕྱིན་པ་དེ་དག་ལ་སྔོན་འགོག་གི་ཐབས་ལམ་འཚོལ་དགོས་པ་ནན་བརྗོད་ཙམ་མ་ཟད། བོད་པའི་སྤྱི་ཚོགས་ཁྲོད་ཉམ་ཐག་དང་ཛ་དྲག་ཅན་གྱི་ནད་པ་སྐྱོབ་ཐབས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་མཁྱེན་རྟོགས་ཡོད་པའི་ཐོག་སྤྱི་མང་ཞལ་འདེབས་བསྡུ་རུབ་ཀྱིས་ཕན་ཐོགས་སྒྲུབ་དགོས་པ་སོགས་གསུངས་སོང་། རྩ་བའི་འཕྲོད་བསྟེན་ལས་ཁུངས་ནས་ལོ་གཉིས་རེའི་མཚམས་སུ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་བསྐོང་ཚོགས་གནང་སྲོལ་ཡོད་པ་དེ་ལྟར་ཡང༌། ཐེངས་འདིའི་ཚོགས་ཆེན་འདི་བཞིན་ཕྱི་ལོ་ ༢༠༢༢ རྗེས་ཐེངས་དང་པོ་ཆགས་ཀྱི་འདུག ཐེངས་འདིའི་ཚོགས་འདུའི་ཐོག་གཙོ་བོ་འཕྲོད་བསྟེན་སྲིད་བྱུས་གཏན་འབེབས་ཐོག་གྲོས་བསྡུར་དང་། དེ་སྔ་སྐབས་ ༧ པའི་ཚོགས་འདུའི་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་རྣམས་མཇུག་སྐྱོང་དང་ལག་བསྟར་ཇི་བྱུང་གོ་བསྡུར། དེ་བཞིན་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་ཞིག་ཆེད་འཛུགས་གནང་རྒྱུར་དམིགས་ཡོད་པ་རེད། ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་བྱུས་གཏན་འབེབས་དང་འབྲེལ་ནས་འཕྲོད་བསྟན་སྨན་པའི་སློབ་སྟོན་ཚོགས་ཆུང་ཞིག་ཆེད་འཛུགས་གནང་ཡོད་པ་ལྟར། ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས། དེ་བཞིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར། དབུས་བདེ་ལེགས་སྨན་ཁང་གི་འགན་འཛིན་སྨན་པ་བསྟན་འཛིན་བཙོན་གྲུས་ལགས། སྨན་པ་དོན་སྒྲུབ་བཀྲིས་ལགས་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བཅས་བསྐོ་འཛུགས་གནང་འདུག གཤམ་ལ་འདི་ག་གསར་འགོད་པས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་སུ་ཚོགས་འདུའི་མཐའ་མའི་འབྲུ་དོན་དང༌། དེ་བཞིན་ཚོགས་འདུའི་ཐོག་བཅར་བའི་སྨན་པ་དང་སྐུ་ཚབ་ཁག་གཅིག་ས་གནས་སོ་སོའི་ནང་གི་འཕྲོད་བསྟེན་གྱི་གནས་འབབ་སྐོར་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཟེར་བ་དེ་མི་རིགས་རྩ་མེད་བཟོ་མཁན་གྱི་ཁྲིམས་ཡིན་པར་བསྒྲགས།

རྒྱ་ནག་གཞུང་གི་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་ཆེད་དུ་དམིགས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བར་གདོང་ལེན་ཆེད། བོད་མིའི་སྒྲིག་འཛུགས་ནས་ཟླ་བ་དགུ་པའི་ནང་དུ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་སྲུང་བརྩི་བརྒྱུད། རྒྱལ་སྤྱིར་མི་རིགས་བཙན་སྒྱུར་གྱི་ཁྲིམས་ཡིག་དེའི་ངན་བྱུས་དང་ཤུགས་རྐྱེན་སྐོར་དྲིལ་བསྒྲགས་རྒྱ་ཆེ་སྤེལ་རྒྱུ་རེད་འདུག དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༡ འཁོད་བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་འཚུད་པའི་རྒྱ་ནག་གི་མངའ་འོག་ཏུ་བཅུག་པའི་མི་རིགས་ཡོངས་རྫོགས་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ངོ་བོ་མེད་པ་བཟོས་ནས། མི་རིགས་ཡོངས་རྫོགས་རྒྱ་རིགས་སུ་བསྒྱུར་རྒྱུའི་དམིགས་ཡུལ་བཟུང་སྟེ་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་གཏན་འབེབས་ལག་བསྟར་བྱེད་འགོ་བཙུགས་པ་དེ། མི་རིགས་རྩ་གཏོར་(Genocide) དང་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་ (Crime against humanity)སུ་ངོས་འཛིན་གྱིས། དེ་ལ་གདོང་ལེན་བྱ་རྒྱུའི་ཆེད་དུ་ལོ་ལྟར་ཟླ་བ་དགུ་པའི་བདུན་ཕྲག་བཞི་པ་དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་སྲུང་བརྩི་ཞུ་གཏན་འཁེལ་ཡོད་པ་བསྒྲགས་འདུག དེ་བཞིན་གསལ་བསྒྲགས་དེའི་ནང་དུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་དེ་ནི། “རྒྱ་ནག་གི་རྩ་ཁྲིམས་ཀྱིས་མི་རིགས་སོ་སོར་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་དང་། མི་རིགས་འདྲ་མཉམ། སྐད་ཡིག་བཀོལ་སྤྱོད་དང་ཡར་རྒྱས། ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་གྱི་ཐོབ་ཐང་། (རྩ་ཁྲིམས་དོན་ཚན་ ༤ པ།) རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་། སློབ་གསོ། རིག་གནས་འཛིན་སྐྱོང་ (ལེའུ་ ༣ པའི་ཚན་པ་ ༦ པ།) སོགས་ཀྱི་ཐོབ་ཐང་” སྤྲད་ཡོད་པ་དེ་དང་ཡོངས་སུ་འགལ་ཡོད་པ་ཁུངས་སྐྱེལ་གནང་འདུག ལོ་རེའི་ཟླ་བ་དགུ་པའི་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་དེ་བཞིན། སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༡༡ སྟེང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༦ ཀ སྤྱི་མོས་གཏན་འབེབས་གནང་བའི་ནང་། “རང་དབང་ལུང་པར་གནས་འཁོད་བཙན་བྱོལ་བོད་མི་ཚོགས་སྒེར་ཡོངས་ནས། ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་ཅི་རིགས་སྤེལ་རྒྱུ་”ཞེས་གསལ་བ་བཞིན། བཀའ་ཤག་ལྷན་ཚོགས་སུ་བཀའ་བསྡུར་གནང་རྗེས་གཏན་ཁེལ་བྱུང་བ་ཞིག་རེད་འདུག འཆར་གཞི་དེའི་དགོངས་དོན་ལྟར་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གི་མི་རིགས་བཙན་སྒྱུར་གྱི་ལས་འགུལ་དེ་དག་ལ་གདོང་ལེན་ཆེད། བོད་མིའི་ཚོགས་སྐྱིད་དང་། ལས་འགུལ་བ་ཡོངས་ནས། སོ་སོའི་གནས་ཡུལ་ས་གནས་ཁག་ཏུ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་དང་འབྲེལ་བའི་ཆབ་སྲིད་དང་། རིག་གཞུང་། སྒྱུ་རྩལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཏེ། “མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ནི། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་བཀག་སྡོམ་བྱས་པའི་མི་རིགས་རྩ་གཏོར་དང་། འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཡིན་པ་དང་། ཁྲིམས་ཡིག་དེ་ནི། རྒྱ་ནག་གི་རྩ་ཁྲིམས་ཀྱིས་མི་རིགས་སོ་སོར་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་ཡོད་པ་དང་། མི་རིགས་འདྲ་མཉམ་གྱི་ཐོབ་ཐང་འགན་ལེན་བྱས་ཡོད་པ་ལ་རྒྱབ་འགལ་བྱས་པ་ཞིག་ཡིན་པ། ཁྲིམས་ཡིག་དེ་ནི། བོད་དང་ཆོས་རིག་གི་འབྲེལ་བ་ཡོད་པ་དང་། ཆབ་སྲིད་ཀྱི་འབྲེལ་བ་འཛིན་མཁན་ཚང་མར་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་པའི་ལག་ཆ་ཞིག་ཡིན་པ། ཁྲིམས་ཡིག་དེ་ནི། རྒྱ་ནག་རྒྱལ་ཁོངས་སུ་བཅུག་པའི་མི་རིགས་རྣམས་ཀྱི་མཐུན་སྒྲིལ་ལ་སྐུལ་འདེད་ཀྱི་ཆེད་དུ་མ་ཡིན་པར། མི་རིགས་རྣམས་རྒྱ་རིགས་ཁེར་རྐྱང་གི་ཀྲུང་ཧྭ་མི་རིགས་ཟེར་བ་དེའི་ཁོངས་བསྲེས་བསྒྱུར་ལ་དམིགས་པ་ཞིག་ཡིན་པ་”གསལ་འདོན་དགོས་པའི་འབོད་སྐུལ་གནང་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་ནས་སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོའི་འགན་ཁུར་འོག ཁྱབ་ཁོངས་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་བ་དང༌། བོད་རིགས་ཚོགས་པའམ། བོད་རིགས་སྤྱི་མཐུན་ཚོགས་པ། བོད་དོན་རྒྱབ་སྐྱོར་བ་བཅས་ནས་སྣེ་ཁྲིད་དེ། རྒྱལ་ཁབ་ཁག་གི་དབུས་དང་ས་གནས་གྲོས་ཚོགས་སུ་ཁྲིམས་ཡིག་དེར་ངོས་ལེན་མེད་པ་དང་། ངོ་རྒོལ་གདོང་ལེན་གྱི་གྲོས་ཆོད། དབུས་དང་ས་གནས་སྲིད་གཞུང་ནས་ལངས་ཕྱོགས་བསྒྲགས་གཏམ། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནས་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་དམ། ལངས་ཕྱོགས་བསྒྲགས་གཏམ། བློ་འདོན་བསྟི་གནས་ཁང་ཁག་ནས་ཆེད་དོན་ཉམས་ཞིབ་ཀྱི་སྙན་འདོན་སྤེལ་དང་། བརྒྱུད་ལམ་ཁག་ནང་ཆེད་དོན་དཔྱད་རྩོམ་དང་གནས་ཚུལ་འགོད་སྤེལ། དབྱེ་ཞིབ་བགྲོ་གླེང་། གྲོང་ཁྱེར་ཆེ་ཁག་ནང་ཁྲིམས་ཡིག་དེའི་ངན་བྱུས་སྐོར་མཁས་པའི་ཆེད་དོན་བགྲོ་གླེང་། ལས་འགུལ་སྐོར་གྱི་གནས་ཚུལ་དང་། ཡིག་ཆ་རྣམས་སྐད་ཡིག་ཆེ་ཁག་ཏུ་ཕབ་བསྒྱུར་གྱིས་འགྲེམས་སྤེལ་རྒྱ་ཁྱབ་ཡོང་ཐབས་བྱ་དགོས་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལས་ཁུངས་ཁག་ནས་རྒྱ་གཞུང་གི་མི་རིགས་རྩ་གཏོར་གྱི་སྲིད་ཇུས་དང་འབྲེལ་བའི་གྲོས་ཆོད་དང་། བསྒྲགས་གཏམ། ཞིབ་འཇུག་སྙན་ཇི་ཐོན་ཕྱོགས་བསྒྲིགས་བྱས་ཏེ། ཕྱི་ཟླ་ ༩ ཚེས་ ༢༥ ཉིན། མཉམ་འབྲེལ་རྒྱལ་ཚོགས་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་དབུས་དང་ས་གནས་སྲིད་གཞུང་དང་གྲོས་ཚོགས། བློ་འདོན་ལྟེ་གནས། གསར་འགྱུར་བརྒྱུད་ལམ་སོགས་ལ་འབུལ་དགོས་པའི་ལམ་སྟོན་གནང་འདུག དེ་དང་འབྲེལ་ཏེ་བོད་མིའི་སྤྱི་ཚོགས་ནང་ཁུལ་བོད་མིའི་རིག་གཞུང་གི་ངོ་བོ་གསོན་གནས་རྒྱུན་འཛིན་ཡོང་ཐབས་སུ་ཕྱི་ཟླ་ ༩ ཚེས་ ༢༣ ལྷག་དཀར་ཉིན། ང་བོད་པ་ཡིན། ངས་མ་ཎི་འདོན། ངས་བོད་སྐད་བཤད། ངས་བོད་གོས་གྱོན། ངས་བོད་ཟས་ཟ་ལ་སོགས་པའི་འབོད་ཚིག་དང་བསྟུན་པའི་བྱེད་སྒོ་རྣམས་ཁྱིམ་ཚང་ནས་འགོ་བཙུགས་ཏེ། བོད་མིའི་སྤྱི་ཚོགས་སུ་རྒྱུན་འཇགས་ཡོང་ཐབས་སུ་བརྒྱུད་སྐུལ་འབད་རྩོལ་དགོས་པའི་གཞེན་སྐུལ་གནང་འདུག གཞི་རྩའི་རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་ཆོས་དང་རིག་གཞུང་གི་ངོ་བོ་རྩ་མེད་བཟོས་ཏེ། མི་རིགས་ཡོངས་རྫོགས་ཧན་རྒྱ་རིགས་སུ་བསྒྱུར་རྒྱུའི་འབད་རྩོལ་ལྷོད་མེད་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིང་གིས་དབང་སྒྱུར་འོག་མི་རིགས་བཙན་སྒྱུར་གྱི་ལས་གཞི་སྔར་ལས་ཤུགས་ཆེ་རུ་གཏོང་གི་ཡོད་པ་མ་ཚད། འདི་ལོའི་འགོ་སྟོད་དུ་རྩོད་གཞི་ཅན་གྱི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཟེར་བ་གཏན་འབེབས་ཀྱིས། ཟླ་བ་ ༧ ཚེས་ ༡ ནས་ལག་བསྟར་བྱེད་འགོ་བཙུགས་ཡོད། རྒྱ་ནག་གཞུང་གིས་ཁྲིམས་ཡིག་དེ་ཉིད་མི་རིགས་ནང་ཁུལ་མཐུན་ལམ་གཅིག་འགྱུར་ཡོངས་ཐབས་སུ་དམིགས་པ་ཞིག་ཡིན་ལུགས་བརྗོད་ཀྱི་ཡོད་ནའང་། བོད་མིའི་སྒྲིག་འཛུགས་གཙོས་པའི་གནད་དོན་དབྱེ་ཞིབ་པ་མང་པོས་ཁྲིམས་ཡིག་དེ་ནི་མི་རིགས་རྩ་མེད་བཟོ་མཁན་གྱི་ཁྲིམས་ཡིག་ཅིག་ཡིན་པ་དང་། ཁྲིམས་ཡིག་དེ་བརྒྱུད་རྒྱ་ནག་གཞུང་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཚང་མ་རྩ་མེད་བཟོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་བརྗོད་ཀྱི་ཡོད།།

ནང་སྲིད་ཁྱབ་ཁོངས་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༧ པ་དབུ་འཛུགས།

 དེ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༧ པ་དབུ་འཛུགས་དང་འབྲེལ། ཚོགས་ཆེན་ཐོག་རྒྱ་དམར་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བར་གདོང་ལེན་བྱེད་ཕྱོགས་དང་། དབུས་ས་གཉིས་ཀྱི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་སོགས་གྲོས་གཞི་དོན་ཚན་ལྔའི་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག དེ་ཡང་དེ་རིང་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་སྤྱི་ཐབས་ཀྱི་ཡང་སྟེང་ཚོགས་ཁང་དུ། ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༧ པ་དབུ་འཛུགས་གནང་སོང་བ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག བཀའ་བློན་གཞན་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་ནང་སྲིད་ལས་ཁུངས་ཀྱི་སྲི་ཞུ་ལས་བྱེད། ས་གནས་འགོ་འཛིན་ཁག་ ༣༦ དང་སོ་ནམ་སློབ་སྟོན་པ་ ༡༢ བཅས་ལྷན་ཞུགས་གནང་སོང་། ད་རེས་ཚོགས་ཆེན་འདི་ཉིད་འདི་ཚེས་ ༢༨ བར་ཉིན་གྲངས་བཞིའི་རིང་འཚོགས་རྒྱུ་དང་། འདི་ག་རླུང་འཕྲིན་ཁང་ནས་ནང་སྲིད་དྲུང་ཚབ་ཚེ་རིང་གཡུ་སྒྲོན་ལགས་སུ་ཐེངས་འདིའི་ཚོགས་ཆེན་གྲོས་གཞི་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས་གཙོ་བོ་རྒྱ་ནག་གཞུང་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་གདོང་ལེན་བྱེད་ཕྱོགས་དང་། གཞིས་ཆགས་སོ་སོའི་ནང་ཞིང་ས་སྟོང་པ་མ་ལྷག་པར་ཐོག་མའི་དམིགས་ཡུལ་ལྟར་བེད་སྤྱོད་ཚུལ་མཐུན་ཡོང་ཐབས་སྐོར། རྒྱ་བལ་འབྲུག་གསུམ་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་དང་ཁ་འཐོར་ས་གནས་ཁག་གི་སྤྱི་མིའམ་བརྒྱ་དཔོན་རྣམ་པའི་ལས་དོན་འགན་འཁུར་ཞུ་ཕྱིགས་ཀྱི་རྩ་འཛིན་ལམ་སྟོན་ལག་བསྟར་ཞུ་ཕྱོགས་སྐོར། ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒས་གསོ་ཁང་གི་འཛིན་སྐྱོང་ཚགས་ཚུད་གཏོང་ཕྱོགས་སྐོར་དང་། དབུས་ས་གཉིས་ཀྱི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་སྐོར་དང་སྤྱི་སྨན་དགོངས་འཆར་བཅས་གྲོས་གཞི་དོན་ཚན་ལྔ་ཡོད་པ་འགྲེལ་བརྗོད་གནང་སོང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཚོགས་བཅར་བ་རྣམས་ལ་ལས་དོན་གནང་སྐབས་བོད་སྤྱི་པའི་རྩ་དོན་ཆེད་དུ་ཞབས་ཕྱི་ཞུ་མཁན་ཞིག་ཡིན་བསམ་པའི་ཀུན་སློང་སྙིང་བཅངས་དང་། ཁྲིམས་སྒྲིག་གཞི་དང་དཔའ་འབྱོར་གྱི་གནས་བབ་ཡག་པོ་ཤེས་དགོས་རྒྱུ། དེ་བཞིན་ལས་དོན་ཇི་འདྲ་ཞིག་གནང་ཡང་བཅའ་ཁྲིམས་དགོངས་དོན་དང་། ལྷག་པར་ཡུལ་ཁྲིམས་ལ་བརྩི་སྲུང་ངེས་པར་དུ་ཞུ་དགོས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་སུན་མི་ཡོང་བ་དང་བོད་ནང་གི་བོད་མིའི་རེ་བ་མ་བརླག་པ་བྱ་དགོས་གལ་ཡིན་པ་དྲན་སྐུལ་གནང་སོང་། ལྷག་པར་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེའི་ནང་དོན་ཞིབ་ཚགས་པོ་ཤེས་པའི་ཐོག་ནས་གདོང་ལེན་གནང་དགོས་ཤིང་། མཐོ་སློབ་ཁག་ཏུ་གཏམ་བཤད་གོ་སྒྲིག་གིས་ཆ་ཤས་བླངས་དགོས་གལ། ས་གནས་དཔོན་རིགས་ཁག་དང་འབྲེལ་བ་འཐུས་ཚང་ཡོང་བ་བྱ་དགོས་པ། འཐབ་རྩོད་རྒྱུན་ཁྱོང་ཆེད་དུ་མི་རབས་གསར་པ་གསོ་སྐྱོང་གནང་དགོས་པ། མ་ཟད་རྒྱ་གར་གཞུང་གིས་ཕྱི་དངུལ་ལེན་ཕྱོགས་ཐད་ཁྲིམས་དམ་དུ་གཏོང་བཞིན་ཡོད་སྟབས། ས་གནས་འགོ་འཛིན་རྣམ་པས་ཕྱི་དངུལ་ལེན་ཕྱོགས་དང་བེད་སྤྱོད་བྱེད་ཕྱོགས། དེ་བཞིན་རྩིས་དང་འབྲེལ་བའི་ལས་དོན་ཐོག་ལ་དམིགས་བསལ་གྱི་དོ་སྣང་གནང་དགོས་གལ་གྱི་ལམ་སྟོན་གནང་སོང་། ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས། ཚོགས་བཅར་བ་རྣམས་འདིར་ཚོགས་ཆེན་ཐོག་ཕེབས་གོ་ཆོད་པ་ཞིག་བྱ་དགོས་ཤིང་། གཞིས་བྱེས་བོད་མི་མཉམ་འཛོམས་མ་བྱུང་བར་དུ་མང་ཚོགས་རྣམས་ལ་ཆབ་སྲིད་དང་༸རྒྱལ་བའི་མཛད་འཕྲིན་སྐོར་གོ་རྟོགས་ཡག་པོ་སྤེལ་དགོས་པ་དང་། སྤྱི་ཚོགས་འཁྲུག་གཞི་བཟོ་མཁན་ངོས་འཛིན་གྱིས་གདོང་ལེན་འཐུས་ཚང་གནང་དགོས་རྒྱུ། ལྷག་པར་ས་གནས་འགོ་འཛིན་གྱི་ལས་དོན་ནི་མི་མང་དང་། བོད་བསྟན་སྲིད་མི་རིགས། དེ་བཞིན་མི་རིགས་གསོ་སྐྱོང་དང་འབྲེལ་བའི་ཞབས་ཕྱི་ཞིག་ཡིན་པ་དུས་རྟག་ཏུ་དྲན་དགོས་པའི་སྐུལ་འདེབས་གནང་སོང་། གཞི་རྩའི་ད་རེས་ཚོགས་ཆེན་ཐོག་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༦ པའི་གྲོས་ཆོད་ཁག་ལ་དབུས་དང་ས་གནས་གཉིས་ཀྱིས་ལག་བསྟར་ག་རེ་ཞུས་ཐུབ་པ་དང་ཞུས་ཐུབ་མེད་པའི་སྐོར། གཞིས་སྤོས་ལས་གཞི་ལག་བསྟར་ཐོག་འབྲེལ་ཡོད་ས་གནས་འགོ་འཛིན་དང་ས་གནས་ལས་བྱེད་ཀྱིས་འགན་འཁུར་ཞུ་ཕྱོགས། གཞི་རིམ་བཅོས་མའི་རིག་ནུས་སྦྱོང་བརྡར། ལས་ཁུངས་གཞན་ཁག་གི་ལས་དོན་བྱེད་ཕྱོགས། ༸རྒྱལ་བའི་བཀའ་དགོངས་སྒྲུབ་ཐབས། ཕྱི་དངུལ་ལེན་ཕྱོགས་དང་བེད་སྤྱོད་བྱེད་ཕྱོགས། རྩིས་དང་འབྲེལ་བའི་གལ་ཆེའི་གནད་དོན་སོགས་ཀྱི་ཐོག་ལ་གོ་བསྡུར་གནང་རྒྱུ་ཡིན་འདུག་མ་ཟད། དབུས་བོད་མིའི་ངལ་སེལ་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཡང་ཚོགས་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཁག་གཅིག་དང་མཇལ་འཕྲད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་ཕྱི་ཟླ་ ༨ ཚེས་ ༢༣ ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི Lila Palace མགྲོན་ཁང་ནང་དུ་རྒྱ་གར་ནུབ་བྷང་གཱལ་མངའ་སྡེའི་དཔལ་འབྱོར་བློན་ཆེན་གསར་པ་ Dr. Swapan Dasgupta མཆོག་ལ་ཆེ་བསྟོད་ཀྱིས་གསོལ་སྟོན་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་དང་འབྲེལ་འཚམས་འདྲི་མཛད་པ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་ནས་རྒྱ་གར་དབུས་གཞུང་གིས་དཔལ་འབྱོར་བློན་ཆེན་ Smt. Nirmala Sitharaman མཆོག་དང་། དབུས་གཞུང་གིས་རྡོ་སྣུམ་བློན་ཆེན་ Shri Hardeep Singh Puri མཆོག་དབུས་པའི་གནད་ཡོད་དབུ་ཁྲིད་ཁག་གཅིག་མཇལ་འཕྲད་གནང་འདུག འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༠ ཉིན་ནས་ནུབ་བྷང་གཱལ་མངའ་སྡེའི་དཔལ་འབྱོར་བློན་ཆེན་གྱི་ལས་འཁུར་བཞེས་མཁན་ Dr. Swapan Dasgupta མཆོག་ནི་རྒྱ་གར་གྱི་གསར་འགོད་པ་དང་ཆབ་སྲིད་ཀྱི་དཔྱད་ཞིབ་པ་གྲགས་ཅན་ཞིག་ཡིན་ཞིང་། Padma Bhushan ཞེས་པའི་ཆེས་མཐོའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་པ་མ་ཟད། གྲོས་ཚོགས་གོང་མའི་འཐུས་མི་ཡང་གནང་མྱོང་མཁན་ཞིག་ཡིན་པ་དང་། རྒྱུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད་འདུག ཁ་སང་ཕྱི་དྲོ་སྲིད་སྐྱོང་མཆོག་དང་ལྷན་དུ་ Dr. Dasgupta མཆོག་ལ་དགའ་བསུའི་གསོལ་སྟོན་ཐོག་ཆེད་བཅར་ཞུ་མཁན་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་གསུང་བ་ལྟར་ན། སྲིད་སྐྱོང་མཆོག་གིས་མཛད་སྒོའི་ཐོག་སྐུ་ཞབས་ Dasgupta མཆོག་ལ་འཚམས་འདྲིའི་གསུང་བཤད་གནང་བ་མ་ཟད། ཕན་ཚུན་གཉིས་སྨན་དང་འབྲེལ་བའི་གནད་དོན་ཐོག་མུ་མཐུད་འབྲེལ་མོལ་དང་མཉམ་ལས་བྱ་རྒྱུའི་གལ་ཆེན་རང་བཞིན་ནན་བཤད་གནང་བ་མ་ཟད། གཞན་ཡང་རྒྱ་གར་དབུས་གཞུང་གི་དཔལ་འབྱོར་བློན་ཆེན་དང་། རྡོ་སྣུམ་བློན་ཆེན་སོགས་ཀྱི་གནད་ཡོད་དབུ་ཁྲིད་ཁག་གཅིག་མཇལ་འཕྲད་ཞུས་འདུག འདི་ག་རླུང་འཕྲིན་ཁང་གིས་རྒྱ་གར་རྒྱལ་ས་ལྡིའི་གསར་འགོད་པ་དཔའ་ཆེན་རྡོ་རྗེ་ལགས་ཀྱིས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་མཆོག་ལ་ཞལ་པར་བརྒྱུད་དེ་འབྲེལ་བཀའ་དྲི་ཞུས་ཡོད། སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ད་དུང་གསུང་བ་་ལྟར་ན། སྲིད་སྐྱོང་མཆོག་གིས་དེ་རིང་ལྡི་ལིའི་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ Dr. Eliska Zigova མཆོག་གི་ལས་ཡུན་མཇུག་བསྒྲིལ་བའི་དུས་སྐབས་དང་བསྟུན་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དུ་ལྕམ་སྐུ་མཆོག་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་རེད་འདུག ཆུ་ཚོད་གཅིག་རིང་གི་མཇལ་འཕྲད་སྐབས་སུ། ཁོང་རྣམ་གཉིས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་མུ་མཐུད་དུ་སྤེལ་བཞིན་པའི་རྒྱ་བསྒྱུར་སྲིད་བྱུས་དང་། ལྷག་པར་ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱེད་འགོ་ཚུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས།  བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས། དེ་བཞིན་འཛམ་གླིང་གི་དབང་ཆའི་སྙོམ་སྒྲིག་བཅས་ཀྱི་སྐོར་ལ་གྲོས་བསྡུར་གནང་བ་མ་ཟད། སྲིིད་སྐྱོང་མཆོག་གིས་སྐབས་དེར་བོད་མིའི་སྒྲིག་འཛུགས་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ཞི་བའི་གྲོས་མོལ་སྒོ་ནས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་རྩོད་ཐབས་གནང་བཞིན་པར་ཆོད་སེམས་བརྟནཔོ་ཡོད་པ་བསྐྱར་ནན་གནང་འདུག

ཨོ་གླིང་གྲོས་ཚོགས་ནང་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཐོག་གླེང་སློང་གནང་འདུག

ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Dean Smith ཌིན་སི་མིཏ་ལགས་ཀྱིས་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་དེའི་ཉེན་ཁ། དེ་བཞིན་བོད་ཀྱི་གནད་དོན་དང་ཨོ་གླིང་གི་མང་གཙོ་སྲུང་སྐྱོབ་བྱ་དགོས་གལ་ཡིན་པ་ནན་བརྗོད་གནང་འདུག དེ་ཡང་ཟླ་འདི་ཚེས་ ༢༠ ཉིན་ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་ Dean Smith ཌིན་སི་མིཏ་ལགས་ཀྱིས་ཡུལ་དེ་གའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་དེ་བཞིན་རྒྱལ་ཚོགས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སེམས་འཚབ་འབྱུང་གཞི་ཞིག་ཆགས་ཡོད་པ་དང་། ཁྲིམས་ཡིག་དེའི་བརྒྱུད་ནས་རྒྱ་ནག་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་གི་ཡོད་པ་མ་ཟད། རྒྱལ་མཚམས་ལས་བརྒལ་ནས་མང་གཙོ་དང་ཆབ་སྲིད་ཀྱི་དྲིལ་བསྒྲགས། དེ་བཞིན་ཆོས་དང་རིག་གཞུང་སོགས་དམིགས་དབེན་དུ་བཟུང་གི་ཡོད་པ་འགྲེལ་བརྗོད་ཀྱིས་ཨོ་གླིང་མི་མང་ཚང་མས་གནད་དོན་དེར་སེམས་འཚབ་བྱ་དགོས་ངེས་ཤིག་ཡིན་པ་ནན་བརྗོད་གནང་འདུག ཁོང་གིས་ད་དུང་ཨོ་གླིང་ནང་དུ་བོད་མི་དང་ཡུ་གུར་མི་རིགས་སོགས་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་རྒྱལ་ཁབ་ཁག་གི་མི་རིགས་མང་དག་ཅིག་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཁོང་རྣམས་ནི་ཨོ་གླིང་དུ་མང་གཙོ་དང་རང་དབང་ཁོ་ནའི་ཆེད་དུ་སླེབས་པ་ཞིག་ཡིན་པས་ཞེ་སྣང་དང་དངངས་སྐྲག་འོག་ནམ་ཡང་སྡོད་མི་དགོས་ཞེས་ནན་བརྗོད་གསུངས་འདུག །ཨོ་གླིང་གནས་སྡོད་བོད་མི་རྣམས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འོས་བསྡུའི་ནང་མཉམ་ཞུགས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་གྱི་རྣམ་པ་མངོན་གསལ་བྱས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཁྲིམས་གསར་དེའི་བརྒྱུད་ནས་ཉེན་ཁ་དང་དྲག་གནོན་འོག་ཚུད་ཀྱི་ཡོད་ཅིང་། ཨོ་གླིང་བོད་རིགས་དབུ་ཁྲིད་རྣམས་ལ་རྒྱ་ནག་གཞུང་གིས་དུས་རྟག་ཏུ་འགོག་རྒོལ་དང་བོད་མིའི་ཆོས་རིག་གི་མཛད་སྒོ་དག་ལ་ལྟ་སྲུང་ནན་པོ་བྱེད་ཀྱིན་ཡོད་པ་རེད་ཅེས་གསུངས་འདུག དེ་བཞིན་ཨོ་གླིང་གནས་སྡོད་བོད་མི་མང་དག་ཅིག་གིས་ཕ་མ་སྤུན་མཆེད་བོད་ནང་བཞུགས་ཡོད་པར་བརྟེན། ཨོ་གླིང་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་ནང་ཆ་ཤས་ལེན་པ་དང་མཉམ་ཞུགས་བྱས་ཚེ། བོད་ནང་གི་འབྲེལ་ཡོད་སྤུན་མཆེད་རྣམས་ལ་འདྲི་རྩད་དང་བཀག་ཉར། དེ་བཞིན་འཇུ་བཟུང་བྱེད་སྲིད་པའི་ཉེན་ཁ་དང་ཞེ་སྣང་བྱས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་དྲ་རྒྱའི་བརྒྱུད་གནས་ཚུལ་རྫུན་བཟོ་དང་། བོད་ནང་འགྲོ་འོང་བཀག་སྡོམ་སོགས་ཀྱི་བརྒྱུད་ཕྱི་རྒྱལ་གནས་སྡོད་བོད་མི་རྣམས་ཀྱི་འབོད་སྒྲ་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག ལྷག་པར་ཨོ་གླིང་ནང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་མི་སྣ་ཁག་གིས། ཨོ་གླིང་ནང་སྤྱི་ཚོགས་གཏོར་བཤིག་བཏང་བ་དང་དཀྲུག་པ། མང་ཚོགས་ཀྱི་སེམས་ཤུགས་བཅག་པ་སོགས་ཀྱི་བརྒྱུད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་གི་ཡོད་པ་གསལ་སྟོན་གྱིས། ཕྱིའི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཡང་ཨོ་གླིང་གི་རྒྱལ་ནང་གི་གནད་དོན་ཐད་ཐེ་བྱུས་བྱེད་མི་ཆོག་ཅེས་དང་། གནད་དོན་དེ་ནི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཀྱི་གནད་དོན་ཙམ་མ་ཡིན་པར་རྒྱལ་ཁབ་ཀྱི་བདག་དབང་གནད་དོན་ལའང་ཐུག་ཡོད་པར་བརྟེན། ཨོ་གླིང་གཞུང་ངོས་ནས་གནད་དོན་དེ་འབྲེལ་ལན་འདེབས་གསལ་པོ་གནང་དགོས་ཤིང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པར་ངོས་འཛིན་གནང་དགོས་པ། དེ་བཞིན་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་གྱི་གཞུང་སྒེར་ཁག་ལ་སྲིད་དོན་ཉེས་ཆད་འགེལ་དགོས་པ་སོགས་ནན་བརྗོད་གནང་འདུག རྩ་བའི་ཟླ་འདི་ཚེས་ ༢༠ ཉིན་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་ཨོསྟྲེ་ལི་ཡཱའི་བོད་དོན་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ལྕམ་ཛོའེ་བྷེ་ཌི་ཕོར་ཌི་ Zoe Bedford ལགས་ཀྱི་སྣེ་ཁྲིད་འོག སྐུ་ཚབ་ཚོགས་ཆུང་ཞིག་ཨོ་གླིང་གྲོས་ཚོགས་འཐུས་མི་སི་ཊིབ་ཇོར་ཇ་ནཱ་སི་ Steve Georganas ལགས་དང་།  ཨེན་ཌི་རུ་ཝ་ལེ་སི་ Andrew Wallace ལགས། དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་ནིག་མེཀ་ཀིམ་ Nick McKim ལགས། སི་ཊེབ་ཧོ་ཇིན་སི་མེ་ Steph Hodgins-May ལགས་བཅས་དང་མཇལ་འཕྲད་ཀྱིས། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་བརྒྱུད་བོད་མི་རྣམས་ལ་དོ་ཕོག་དང་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་པའི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་པ་ཆེད་འདོན་དང་། གྲོས་ཚོགས་ནང་གནད་དོན་དེ་འབྲེལ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག

Latest news