བོད་མིའི་སྒྲིག་འཛུགས།
༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་རིན་པོ་ཆེ་མཆོག་གི་རྒྱ་གར་ཁྲིམས་ཁང་ནང་གི་གནད་དོན་གསལ་པོ་ཆགས་པའི་རྗེས་སུ་རྒྱ་གར་ལ་ཕྱིར་ལོག་མཛད་སྲིད་པ་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་དུ་ཆེས་ཐོག་མའི་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ། ཁུལ་དེའི་མང་ཚོགས་ལ་བཀའ་སློབ་དང་དྲི་བར་དྲི་ལན་ཁྲོད། དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་བཞུགས་སྒར་རྡ་རམ་ས་ལར་བཅའ་བཞུགས་སྐབས་སུ་སྐུ་ངལ་ཕྲད་པ་དང་འབྲེལ་ནས་ད་ལྟ་རྒྱ་གར་ཁྲིམས་ཁང་ནང་དུ་གནད་དོན་དེ་འགྲོ་བཞིན་ཡོད་སྟབས། རིང་མིན་རྒྱ་གར་ཁྲིམས་ཁང་ནང་གི་གནད་དོན་དེ་དག་གསལ་པོ་ཆགས་པའི་རེ་བ་ཆེན་པོ་ཡོད་པ་དང་། དེ་ལྟར་བྱུང་བའི་རྗེས་སུ་རིན་པ་ཆེ་མཆོག་རྒྱ་གར་ལ་ཕྱིར་ལོག་མཛད་སྲིད་པ་གསུངས་འདུག
དེ་ཡང་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་ཟླ་བ་འདིའི་ཚེས་ ༡༦ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༩ པའི་ཚེས་ ༡ བར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མོན་གྷོ་འདོད་རྒུ་གླིང་དང་རྒྱ་གར་བྱང་ཕྱོགས་ Uttrakhand མངའ་སྡེའི་རྡེ་ར་སྡུན་དང་རྡོ་ལན་ཇི་བོན་པོའི་གཞིས་ཆགས་དང་ཤིམ་ལ་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ཉེ་ཆར་མོན་གྷོ་ས་གནས་མང་ཚོགས་ལྷན་དུ་མཇལ་མོལ་དང་གཏམ་བཤད། དྲི་བར་དྲི་ལན་གྱི་ལས་རིམ་ཁྲོད། བོད་མི་ཞིག་གིས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་གནད་དོན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ག་རེ་གནང་གི་ཡོད་མིན་ཐད་དྲི་བ་ཕེབས་འདུག སྐབས་དེར་བཀའ་བློན་མཆོག་གིས་དེ་སྔ་རིན་པོ་ཆེ་མཆོག་བཞུགས་སྒར་རྡ་རམ་ས་ལར་སྐུ་བཞུགས་མཛད་སྐབས་སྐུ་ངལ་ཁག་གཅིག་བྱུང་བ་དང་འབྲེལ་ནས་གནད་དོན་དེ་རྒྱ་གར་ཁྲིམས་ཁང་ནང་མུ་མཐུད་གནས་བསྡད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་མཆོག་གིས་དེ་སྔ་ཕྱི་རྒྱལ་ལ་ནམ་ཕེབས་སྐབས་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་ཐབས་ཁྲོད། ཁོང་དང་ཐད་ཀར་མཇལ་མོལ་བྱུང་མེད་ཀྱང་རིན་པོ་ཆེ་མཆོག་གི་སྲིང་མོ་ལྷན་དུ་བཀའ་མོལ་བྱུང་ཐུབ་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་རྒྱ་གར་གཞུང་གི་མི་སྣའི་ལྷན་དུ་ཡང་བཀའ་མོལ་བྱུང་ཡོད་པའི་ཁར། རྒྱ་གར་གཞུང་གི་ངོས་ནས་ཀརྨ་པ་རིན་པོ་ཆེ་མཆོག་གི་གལ་གནད་བཅས་ཀྱི་སྐོར་ཤེས་བཞིན་པའི་ཐོག རྒྱ་གར་ལ་ཕྱིར་ལོག་གནང་དགོས་པ་ཡང་ཡང་གསུང་བཞིན་ཡོད་སྐོར་གསུངས་པ་མ་ཟད། རིང་མིན་རྒྱ་གར་ཁྲིམས་ཁང་ནང་གི་གནད་དོན་རྣམས་གསལ་པོ་ཆགས་རྒྱུའི་རེ་བ་ཆེན་པོ་ཡོད་སྟབས། དེའི་རྗེས་སུ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཕྱིར་ལོག་གནང་སྲིད་པ་སོགས་གསུངས་འདུག
ཐེངས་འདིའི་སྐོར་སྐྱོད་ཐོག་ཆོས་རིག་བཀའ་བློན་མཆོག་གིས་ཁུལ་དེའི་གདན་ས་ཁག་ལ་གནས་གཟིགས་དང་། དགའ་ལྡན་ཁྲི་རིན་པོ་ཆེ་དབུས་པའི་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་མཇལ་འཕྲད། ས་གནས་བོད་མི་དང་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མི་མང་ལྷན་དུ་མཇལ་འཕྲད་སོགས་གནང་རྒྱུ་ཡིན་པའི་ཁྲོད། ཕྱི་ཚེས་ ༡༦ ཉིན་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་འབྱོར་རྗེས་གདན་ས་ཁག་ལ་མཆོད་མཇལ་དང་འབྲེལ། དགོན་པའི་ནང་འགྲོ་བཞིན་པའི་གྲངས་འཛིན་དཔེ་མཛོད་གཙོས་པའི་བོད་མིའི་སྒྲིག་འཛུགས་དང་སྒོས་སུ་ཆོས་རིག་ལས་ཁུངས་ཀྱི་ལས་འཆར་ཁག་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད། ས་གནས་ཀྱི་གསོ་རིག་དང་དེང་དུས་སྨན་ཁང་། ཨ་རིའི་དགོན་པ་དང་སློབ་གྲྭ་ཁག་ལ་གཟིགས་སྐོར་གནང་བ་མ་ཟད། ཕྱི་ཚེས་ ༢༠ ཉིན་ས་གནས་སུ་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་སྐུ་གྲོངས་་པའི་ཞག་ ༤༩ མྱ་ངན་རྗེས་དྲན་གྱི་མཆོད་འབུལ་སྨོན་ལམ་དང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་དུའང་མཉམ་ཞུགས་གནང་ཡོད་འདུག
འདི་གའི་ལྷོ་ཕྱོགས་ས་གནས་གསར་འགོད་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་ཆོས་རིག་བཀའ་བློན་མཆོག་ལ་བཀའ་འདྲི་ཞུ་སྐབས། ཆོས་རིག་བཀའ་བློན་མཆོག་གིས་རིང་མིན་ཡོང་རྒྱུའི་ལོ་ལྔའི་ནང་དུ། ཆོས་རིག་ལས་ཁུངས་ཀྱི་རྒྱུན་ལྡན་ལས་དོན་རྣམས་རྒྱུན་སྐྱོང་ཐོག་ལ་དགོན་སྡེ་ཁག་ནང་གི་དཔེ་ཆ་གསར་རྙིང་རྣམས་བཤེར་འབེབས་གནང་སྟེ་གྲངས་འཛིན་དཔེ་མཛོད་ནང་འཇུག་རྒྱུའི་ལས་གཞི་དང་གནས་སྐོར་མཉན་ཆས་ཀྱི་ལས་གཞི་གཉིས་ཀྱི་ཐོག་དམིགས་བསལ་ཤུགས་རྒྱག་འཆར་ཡོད་པ་དང་། ད་ལྟའི་ཆར་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དེ་འགྲོ་བཞིན་པ་དང་། གནས་སྐོར་མཉན་ཆས་ཀྱི་ལས་གཞི་དེ་ཧ་ལམ་ལེགས་གྲུབ་ཀྱི་མཚམས་སུ་སླེབས་ཡོད་པ་སོགས་གསུངས་འདུག
རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཞག་ཞེ་དགུ་དང་བསྟུན་དམ་པ་ཁོང་གི་བློས་བཏང་ལ་རྗེས་དྲན།
འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་བཙན་དབང་གི་མི་རིགས་མཉམ་བསྲེས་དང་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་ཁྲིམས་གསར་ལག་བསྟར་བྱས་འགོ་བཙུགས་པ་དང་འབྲེལ། དེའི་ཕྱི་ཉིན་སྟེ་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་བཅའ་བཞུགས་བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱི་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་མཆོད་ཕུལ་ནས་སྐུ་གྲོངས་པའི་གནད་དོན་བྱུང་བ་ལྟར། དེ་རིང་དམ་པ་དེ་ཉིད་ཀྱི་བདུན་ཚིགས་བདུན་པ་སྟེ་ཞག་ཞེ་དགུའི་དུས་ཚིགས་འཁེལ་ཡོད་པ་རེད།
https://youtu.be/GkLFi2tKyUM?si=XCrR8Z8BfQNA2npy
རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་སྐུ་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བའི་གནད་དེན་དེ་བྱུང་བའི་རྗེས་སུ་བོད་དོན་འཐབ་རྩོད་ཀྱི་མེ་ལྕེ་གསར་པ་ཞིག་འབར་ཏེ། ནིའུ་ཡོག་གཙོས་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་བོད་མི་གནས་སྡོད་ས་གནས་གང་སར་ངོ་རྒོལ་སྐད་འབོད་དང་ཟས་བཅད་ལས་འགུལ། ཞི་བའི་གོམ་བགྲོད། སྦག་སྦག་དང་རྐང་འཁོར་སྐོར་སྐྱོད། སྐྲ་བཞར་ལས་འགུལ་སོགས་རྣམ་པ་འདྲ་མིན་བརྒྱུད་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱི་བློས་བཏང་ལ་རྗེས་དྲན་དང་མྱ་ངན་གུས་འདུད་ཙམ་མ་ཟད། རྒྱ་ནག་གཞུང་གི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་དང་དྲག་རྩུབ་ལ་ངོ་རྒོལ་གནང་དང་གནང་མུས་ཡིན་པ་རེད།
རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་མ་བཏང་བའི་སྐར་མ་ཁ་ཤས་སྔོན་དུ་དམ་པ་ཁོང་གིས་ཞལ་ཆེམས་ཀྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་དང་། བཙན་བྱོལ་བོད་མི་ཚོར་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་དགོས་པ། དེ་བཞིན་བོད་རང་བཙན་འཐབ་རྩོད་སླད་མཉམ་ལས་དགོས་པའི་སྐུལ་འདེད་གནང་ཡོད་པ་རེད།
དེ་རིང་དམ་པ་དེ་ཉིད་ཀྱི་བདུན་ཚིགས་བདུན་པ་ཞག་ཞེ་དགུ་དང་བསྟུན། རྒྱལ་སྤྱི་ཁྱོན་ཡོངས་ཀྱི་བོད་མི་གནས་སྡོད་ས་གནས་གང་སར་ལས་འགུལ་རྣམ་པ་འདྲ་མིན་སྒོ་ནས་རྒྱལ་གཅེས་པ་ཁོང་ལ་རྗེས་དྲན་དང་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བསྟན་པའི་ཁྲོད། བཞུགས་སྒར་རྡ་རམ་ས་ལར་མཚོན་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཐུན་མོང་གི་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མི་མང་སྟོང་ཚོ་བརྒལ་བ་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་འཚོགས་པ་མ་ཟད། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་སྣེ་ཁྲིད་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀྱི་ཉེན་རྟོག་ལས་ཁུངས་མདུན་ཐང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གནང་སོང་།
སྐབས་དེར་ཉེན་རྟོག་ཐང་ཆེན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ལ་རྗེས་དྲན་ཐོག རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ་དུས་དང་རྣམ་པ་ཀུན་ཏུ་གཞིས་བྱེས་བོད་མི་ཐུན་མོང་ནས་གདུང་ཤུགས་ཆིག་སྒྲིལ་དང་གྲུང་པོ། རྣམ་དཔྱོད་ལྡན་པའི་ཐོག་ནས་གདོང་ལེན་མཐར་སྐྱེལ་བྱེད་དགོས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེའི་ངན་བྱུས་ནི། བོད་ཀྱི་སྐད་ཡིག་བེད་སྤྱོད་མེད་པ་བཟོ་རྒྱུ་དང་། བོད་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་ངོ་རྟགས་རྫུན་བཟོ་བྱེད་རྒྱུ། སྤྱི་ཚོགས་གཞི་རིམ་བར་དུ་རིག་གཞུང་བཙན་བསྒྱུར་བྱ་རྒྱུ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ། མི་རིགས་མཉམ་བསྲེས། འཕྲུལ་རིག་གི་ལྟ་སྲུང་། ཆབ་སྲིད་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་གནོན་ཤུགས། བོད་རིགས་ལས་བྱེད་པར་ཆབ་སྲིད་ཞིབ་བཤེར། རང་སྐྱོང་གི་ཐོབ་ཐང་བརྩི་མེད་གཏོང་ཐབས་བཅས་ལ་དམིགས་ཡོད་པ་ཐེར་འདོན་དང་སྦྲགས། སྲིད་བྱུས་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པའི་བརྡ་ལན་གནང་སོང་།
དེ་བཞིན་གཞིས་བྱེས་བོད་མི་ཚོས། སོ་སོའི་ཁྱིམ་ཚང་ནས་འགོ་བཙུགས་ཏེ། རྒྱ་དམར་གཞུང་གི་སྲིད་བྱུས་ངན་པར་འགོག་རྒོལ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སྲུང་སྐྱོབ་ཐད་སྔར་ལྷག་འབད་བརྩོན་བྱ་དགོས་པའི་དྲན་སྐུལ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་རྒྱའི་རྩོད་རྙོག་གི་ངོ་བོ་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་མ་ཡིན་པར། ཐག་ཆོད་མེད་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གནད་དོན་ཞིག་ཡིན་པར་ངོས་འཛིན་གྱིས་སྔོན་འགྲོའི་ཆ་རྐྱེན་མེད་པར་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་ཞི་མོལ་ཡོང་བར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་སོང་།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བའི་ཁྲོད། དཔའ་བོ་ཁོང་ལ་རྗེས་དྲན་དང་འབྲེལ། དུས་སྐབས་དང་གནས་སྟངས་ཛ་དྲག་ཅན་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་པ་དེས་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ཇི་ཐེབས་བལྟ་ཞིབ་ནན་པོ་བྱ་དགོས་པ་དང་། རྒྱལ་ཁབ་ཕན་ཚུན་བར་འབྲེལ་བ་གནང་སྐབས་དང་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་འདུས་པའི་སྒྲིག་འཛུགས་སམ་ལྷན་ཚོགས་དེ་དག་གི་ཐོག་ལ་གནད་དོན་དེའི་ཐོག་གླེང་སློང་གནང་དགོས་པ། རྒྱ་དམར་གཞུང་གིས་ཁྲིམས་འགལ་བཙན་བཟུང་མ་བྱས་གོང་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པར་ངོས་འཛིན་གནང་དགོས་ཤིང་། བོད་རྒྱའི་དཀའ་རྙོག་དེ་བཞིན་འབྲེལ་མོལ་བརྒྱུད་ནས་སེལ་ཐབས་ཆེད་རྒྱ་དམར་གཞུང་གི་འགོ་ཁྲིད་རྣམས་ལ་སྐུལ་འདེད་གནང་དགོས་པ་སོགས་དོན་ཚན་བརྒྱད་ཅན་གྱི་ཐོག་ནས་འབོད་སྐུལ་ཞུས་སོང་།
ལྷག་པར་བཀའ་སྤྱི་གཉིས་ཐུན་མོང་གི་ཐོག་ནས་དེ་རིང་གི་ཉིན་མོ་དང་འབྲེལ། དཔའ་བོ་ཁོང་ལ་རྗེས་དྲན་དང་རྒྱ་དམར་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་བར་བསྔགས་བརྗོད་དང་། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ནས་མུ་མཐུད་ལས་དོན་སྤེལ་རྒྱུ་དང་། བོད་མི་མང་ཚོགས་ནས་བོད་ཀྱི་རྩ་དོན་འཐབ་རྩོད་ཆེད་དུ་ལས་དོན་སྤེལ་དགོས་པའི་སྐུལ་མ་གནང་སོང་།
གཞན་ཡང་དེ་རིང་ཉེན་རྟོག་ཐང་ཆེན་དུ་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇཱིཏ་ནེ་རི་ཡ་ Ajit Nehria ལགས་དང་། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ཤཱམ་ཤེར་སིདྒ་ནེ་རི་ཡ་ Shamsher Singh Nehria ལགས་ཀྱིས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་མ་ཟད། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཤཱན་ཏཱ་ཀུ་མཱར་ Shanta Kumar མཆོག་གིས་གསུང་འཕྲིན་སྙན་སྒྲོན་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས་དཔའ་བོ་བློ་དགའ་རང་བཙན་གྱི་ཞལ་ཆེམས་གསལ་སྟོན་ཐོག བོད་རང་བཙན་གྱི་དོན་དུ་ལས་དོན་རྒྱ་ཆེར་སྤེལ་དགོས་པའི་སྐུལ་མ་གནང་སོང་།
མ་ཟད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་འགུལ་སྤེལ་དང་སྤེལ་བཞིན་པའི་ཁྲོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་ ༧ ཚེས་ ༡༩ ནས་འགོ་འཛུགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཕྱི་རོལ་དུ་རྒྱལ་གཅེས་དཔའ་བོ་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་དེ་རིང་ཉིན་གྲངས་ ༣༣ པ་སྟེ། དཔའ་བོ་ཁོང་གི་ཞེ་དགུ་དང་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཇུག་སྒྲིལ་གནང་སོང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས། རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་ཉིད་མུ་མཐུད་ནས་ཉིན་གྲངས་ ༣༤ པ་དེ་ཨ་རི་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་རྣམས་མཉམ་ཞུགས་ཀྱི་ཐོག་ནས་སྤེལ་བཞིན་ཡོད་ཅིང་། སང་ཉིན་ནས་རིམ་པས་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།
དེ་བཞིན་དེ་རིང་ཨོ་གླིང་ནས་འགོ་འཛུགས་ཀྱིས་རྒྱ་གར་དང་། ཡོ་རོབ་སོགས་ས་ཕྱོགས་གང་སར་བོད་མི་རྣམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་དང་། གོམ་བགྲོད། ཟས་བཅད། སྐྲ་བཞར་སོགས་ཀྱི་ལས་འགུལ་བརྒྱུད་རྒྱལ་གཅེས་དཔའ་བོ་དམ་པ་དེ་ཉིད་ལ་རྗེས་དྲན་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་། བོད་རང་བཙན་གྱི་ཞུ་འབོད་སོགས་གནང་བ་མ་ཟད། དམ་པ་དེ་ཉིད་གཙོས་པའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མངོན་འདོད་གྲུབ་ཐབས་སླད་ལས་འགུལ་མུ་མཐུད་རྒྱུན་སྲིང་དགོས་པའི་ཞུ་སྐུལ་གནང་ཡོད།
མ་ཟད་ཁ་སང་སུད་སི་ Geneva ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་འདུན་དུ་ཡུ་རོབ་ཀྱི་ས་གནས་གང་ས་ནས་ཕེབས་པའི་བོད་མི་ཁག་གཅིག་དབུས་པའི་སུད་སི་དང་ལེག་ཊན་སི་ཊན་བོད་མི་རྣམས་ཀྱིས་དཔའ་བོའི་ཞལ་ཆེམས་ནང་འཁོད་པ་བཞིན་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་དང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞུ་འབོད་དང་སྦྲགས། རྒྱལ་གཅེས་པ་དམ་པའི་ཞེ་དགུ་སྲུང་བརྩི་ཞུས་འདུག
སྤྱིར་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་སྟེ་བོད་ནང་ཆེས་དྲག་གནོན་དང་སྡུག་རྩུབ། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ལག་བསྟར་ཁྲོད། ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཁྲོད་སྐུ་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ལགས་ཀྱིས་དེ་འབྲེལ་ལས་འགུལ་སྤེལ་བའི་རྗེས་སུ། བོད་མིའི་སྒྲིག་འཛུགས་ཀྱི་གྲངས་ཐོར་གཞིགས་ན་ད་བར་བོད་ནང་ཤེས་རྟོགས་བྱུང་བར་བོད་མི་ ༡༥༧ དང་བཙན་བྱོལ་དུ་བོད་མི་ ༡༡ ཙམ་གྱིས་འ་ཆད་འུ་ཐུག་གི་གནས་སྟངས་འོག་བོད་དོན་འཐབ་རྩོད་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གིས་སྐུ་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། དེའི་ཁོངས་ནས་བོད་མི་ ༡༤༥ ཙམ་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་དམ་པ་ཁོང་ནི་བཙན་བྱོལ་ནང་དུ་སྐུ་ལུས་མེར་བསྲེགས་བཏང་མཁན་ ༡༡ པ་དེ་ཡིན་པ་དང་། ལྷག་པར་དུ་ཨ་རིའི་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་སྐུ་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་མཁན་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
རྒྱལ་གཅེས་དཔའ་བོ་ཁོང་ནི་བོད་ཁམས་དཀར་མཛེས་ཁུལ་གྱི་གྲོང་ཚོ་ཆུང་ཆུང་ཞིག་ནས་ཡིན་པ་དང་། ཆུང་དུ་རབ་ཏུ་བྱུང་རྗེས་ཕྱི་ལོ་ ༡༩༩༠ གོ་གྲངས་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་ལྷོ་ཕྱོགས་དགའ་ལྡན་དགོན་པའི་ནང་ཆོས་ཞུགས་ཀྱིས། ཕྱི་ལོ་ ༢༠༠༦། ༢༠༠༧ ཙམ་ལ་ཨ་རིར་གནས་སྤོས་གནང་བ་ཞིག་དང་། ཁོང་རྒྱུན་ལྡན་ནས་བོད་རང་བཙན་སླད་ལས་དོན་རིམ་པ་སྤེལ་མཁན་ཞིག་ཡིན་པ་མ་ཟད། དགོངས་པ་མ་རྫོགས་གོང་དུ་ནིའུ་ཡོག་ས་གནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་རེད་འདུག
དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལས་མེར་བསྲེགས་བཏང་བའི་གནད་དོན་གྱི་རྗེས་སུ་བོད་མི་མང་ཚོགས་ཁྲོད། བོད་དོན་འཐབ་རྩོད་དང་འབྲེལ་བའི་ཞུ་གཏུགས་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྦ་རླབས་གསར་པ་ཞིག་བརྒྱབ་པ་ལྟ་བུ་ཆགས་ཡོད་ཀྱང་། ད་ལྟའི་ཆར་ཚང་མས་ཐུགས་འཚབ་གཙོ་བོ་དེ་ནི་བོད་དོན་འཐབ་རྩོད་ཀྱི་མེ་ལྕེ་དེ་ཞུམ་པ་མེད་པར་མུ་མཐུད་རྒྱུན་སྐྱོང་གནང་རྒྱུའི་གནད་དོན་དེ་ཆགས་ཀྱི་ཡོད་ཅིང་། འདི་ག་རླུང་འཕྲིན་ཁང་གི་བཅར་དྲིའི་ཁྲོད་བོད་མི་མང་དག་ཅིག་གིས་ང་བོད་པ་ཡིན་ཞེས་པའི་བསམ་བློ་དེ་མ་དོར་བར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་གལ་དང་། བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ། དེ་བཞིན་བོད་གཞིས་བྱེས་མཉམ་འཛོམས་ཡོང་བར་ཚང་མས་འབད་བརྩོན་གང་ཐུབ་གནང་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༨༠ འཁོར་བའི་ཉིན་མོ་སྲུང་བརྩི།
དེ་རིང་ཕྱི་ཟླ་ ༨ ཚེས་ ༡༥ སྟེ་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༨༠ འཁོར་བ་དང་བསྟུན། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གནས་ཡུལ་རྒྱལ་ཁབ་ལ་བཀའ་དྲིན་བསམ་ཤེས་དང་ཆེ་མཐོང་མཚོན་ཆེད་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུས་སོང་བ་དང། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གར་འདི་བཞིན་ལོ་བརྒྱ་ཕྲག་གཉིས་ཙམ་གྱི་རྗེས་སུ་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ཡོད་པས་རྒྱ་གར་གཞུང་མང་གཉིས་ནས་རང་དབང་ཡོད་པ་དེ་དག་གང་ཐུབ་སྲུང་སྐྱོང་གནང་དགོས་པ་གསུངས་སོང་།
https://youtu.be/qVTj2pPJMoc?si=59rWdk8BQ0l68QT7
དེ་ཡང་བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག བཀའ་བློན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་ལས་བྱེད་བཅས་ཚང་འཛོམས་ཐོག རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་བ་དང་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ། དེ་བཞིན་མངར་ཟས་བགོ་འགྲེམས་གནང་སྟེ་ཉིན་མོ་འདི་ཉིད་སྲུང་བརྩི་ཞུས་སོང་།
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་རང་བཙན་ཉིན་མོར་རྒྱ་གར་གཞུང་མང་ཡོངས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། རྒྱ་གར་གཞུང་མང་གཉིས་ནི་འདས་པའི་ལོ་ངོ་ ༧༠ ལྷག་གི་ནང་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཆགས་ཡོད་སྟབས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུས་པ་མ་ཟད། ལྷག་དོན་རྒྱ་གར་འདི་བཞིན་ལོ་བརྒྱ་ཕྲག་གཉིས་ཙམ་གྱི་རྗེས་སུ་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ཡོད་སྟབས། ཉམས་མྱོང་འདིའི་འོག་ནས་བོད་མི་རྣམས་ནས་ཀྱང་འཚེ་མེད་ཞི་བའི་ཐབས་ལམ་དེ་རྒྱུན་སྲིང་གནང་ཐོག་འཐབ་རྩོད་གནང་རྒྱུ་ཡིན་པ་དང་ཆབས་ཅིག རྒྱ་གར་གཞུང་མང་གཉིས་ནས་ཀྱང་མི་རབས་མང་པོའི་བློས་བཏང་ལས་བྱུང་བའི་རང་དབང་དེ་ཉིད་གང་ཐུབ་སྲུང་སྐྱོབ་གནང་དགོས་གལ་ཡིན་པ་གསུངས་སོང་།
མ་ཟད། ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཨ་རིར་གནས་བཞུགས་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དང་། ལྷག་པར་ཟླ་བ་ ༧ ཚེས་ ༡ ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བར་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་ཐེར་འདོན་དང་འབྲེལ། རྒྱ་གར་གཞུང་མང་གཉིས་ནས་བོད་དང་བོད་མིའི་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་སོང་།
རྩ་བའི་དེ་རིང་གི་ཉིན་མོ་འདི་དང་བསྟུན་བཞུགས་སྒར་དྷ་རམ་ས་ལའི་ནང་ས་གནས་འགོ་འཛིན་ཀྱི་སྣེ་ཁྲིད་འོག་མང་ཚོགས་ལ་མངར་བཟས་བགོ་འགྲེམས་དང་།གཞན་ཡང་རྒྱ་གར་གྱི་ས་གནས་འདྲ་མིན་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ནས་ཀྱང་རྒྱ་གར་གཞུང་མང་གཉིས་ལ་དགའ་བསུའི་འཚམས་འདྲི་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་གནང་སྒོ་སྣ་མང་སྤེལ་ནས་ཉིན་མོ་འདི་བཞིན་སྲུང་བརྩི་གཟབ་རྒྱས་ཞུ་མུས་ཡིན་པ་དང་། རྒྱ་གར་གྱིས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་ངོ་དེབ་ལ་སོགས་པའི་སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་རྒྱ་གར་གྱི་མཚོན་དོན་གསུམ་ཅན་གྱི་རྒྱལ་དར་གྱི་པར་བཞག་སྟེ་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུས་ཡོད་པ་མངོན་རྒྱུ་འདུག
སྲིད་སྤྱི་གཉིས་ཀྱིས་དབྱིན་ཡུལ་སྲིད་བློན་གསར་པར་འཚམས་འདྲི།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་ཞུས་པ་དང་འབྲེལ། དབྱིན་བོད་གཉིས་བར་གྱི་ཡུན་རིང་གཏིང་ཟབ་ཀྱི་འབྲེལ་བ་དེ་སྲིད་བློན་གསར་པའི་དབུ་ཁྲིད་འོག་མུ་མཐུད་རྒྱུན་སྐྱོང་ཐུབ་པའི་རེ་བ་དང་། ཕྱོགས་གཉིས་ཀྱི་མཉམ་སྤྱོད་ཀྱི་དམ་བཅའ་ཞི་བདེ་དང་། གྲོས་མོལ། རང་དབང་བཅས་ཀྱི་ཐོག་མཉམ་ལས་མདུན་སྐྱོད་བྱ་རྒྱུར་རེ་སྒུག་གནང་བཞིན་ཡོད་པ་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་སྲིད་སྤྱི་གཉིས་འཚམས་འདྲི་གསུང་འཕྲིན་དེའི་ནང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་དང་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ Andy Burnham མཆོག་དབྱིན་ཡུལ་གྱི་སྲིད་བློན་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི་དང་འབྲེལ། དབྱིན་ཡུལ་དང་བོད་བར་གྱི་འབྲེལ་བ་དེ་ལོ་ངོ་བཅུ་ཕྲག་མང་པོའི་རིང་གི་དབྱིན་ཡུལ་གྱི་དཔོན་རིགས་དང་། ཚོང་པ། མཁས་པ་བཅས་ཀྱིས་བོད་མིའི་སྒྲིག་འཛུགས་དང་། ཚོགས་སྡེ་ལྟེ་གནས་ཁག བོད་སྐད་ཡིག་བཅས་དང་ཐད་ཀར་རྒྱུས་མངའ་བྱུང་བའི་ལོ་རྒྱུས་ལ་ཐུག་ཡོད་པ། ལྷག་པར་དུ་དབྱིན་ཡུལ་ནི་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གྱིས་འབྲེལ་བ་གནང་མཁན་ཐོག་མའི་གྲས་ཡིན་པ་དང་། ལོ་རྒྱུས་ཀྱི་བྱུང་རབས་དེས་དབྱིན་ཡུལ་ལ་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་གི་བོད་རྒྱལ་ཁབ་ཀྱི་སྲོལ་རྒྱུན་གནས་སྟངས་ཤེས་རྟོགས་སླད་རམ་འདེགས་བྱས་ཡོད་པ་གསུངས་འདུག
སྲིད་སྐྱོང་མཆོག་གིས་ད་དུང་། དབྱིན་བོད་བར་གྱི་འབྲེལ་ལམ་མུ་མཐུད་རྒྱུན་སྐྱོང་ཡོང་རྒྱུའི་ཐད་དབུ་ཁྲིད་གསར་པར་རེ་བ་ཆེན་པོ་འཆང་བཞིན་ཡོད་སྐོར་དང་འབྲེལ། དབྱིན་ཡུལ་གྱི་ད་ལྟའི་རྒྱལ་སྤྱིའི་ཁྲོད་དུ་ཤུགས་རྐྱེན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་གྱི་ཆོད་སེམས་དེས་འཛམ་གླིང་སྟེང་དབྱིན་ཡུལ་གྱིས་གང་གསུངས་པ་ལ་ཆེ་མཐོང་ཆེན་པོ་ཡོད་པ་ནན་བརྗོད་ཀྱིས། དབྱིན་ཡུལ་སྲིད་གཞུང་ངོས་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཇི་བཞིན་འགྲེལ་བརྗོད་གནང་བར་མུ་མཐུད་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་མིའི་མངོན་འདོད་མཚོན་པའི་བོད་དོན་དྲིལ་བསྒྲགས་ཐད་མཐུན་སྦྱོར་གྱི་རེ་བ་ཡོད་སྐོར་གསུངས་འདུག མ་ཟད་སྲིད་སྐྱོང་མཆོག་གིས་ཨེན་ཌི་སྦན་ཧམ་མཆོག་ལ་སྲིད་བློན་གྱི་ལས་དོན་ལམ་ལྷོང་ཡོང་བ་དང་། ཁོང་གི་དབུ་ཁྲིད་འོག་དབྱིན་ཡུལ་ལྷན་དུ་འཛམ་གླིང་ཀུན་ལ་བྱམས་བརྩེ་དང་དྲང་བདེན་གོང་འཕེལ་གཏོང་ཐུབ་པའི་སྨོན་འདུན་ཡོད་ཅེས། དབྱིན་ཡུལ་དང་བོད་བར་གྱི་མཛའ་འབྲེལ་འདུ་ཤེས་ཇེ་བརྟན་དུ་འགྲོ་བའི་རེ་བ་ཡོད་པ་གསུངས་འདུག
གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་བོད་མི་ཡོངས་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དབྱིན་ཡུལ་སྲིད་བློན་གསར་པར་འཚམས་འདྲི་དང་སྦྲགས། སྲིད་བློན་མཆོག་ལ་བོད་མི་ངོས་ནས་དབྱིན་ཡུལ་རྒྱལ་ཁབ་ཀྱིས་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱིས་དབང་སྒྱུར་བཅས་ཀྱི་ཐོག་བཅངས་པའི་ཆོད་སེམས་ལ་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་སྔ་རྒྱ་གར་དབྱིན་ཡུལ་གྱི་དབང་སྒྱུར་འོག་ཡོད་པའི་དུས་སྐབས་སུ་བོད་དང་དབྱིན་ཡུལ་བར་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། བོད་བཙན་དབང་འོག་མེད་པའི་ལོ་རྒྱུས་ཀྱི་གནས་བབ་མཐོང་མྱོང་ཡོད་པ་བཅས། དབྱིན་ཡུལ་དང་བོད་བར་ལོ་རྒྱུས་ཀྱི་འབྲེལ་བ་དམིགས་བསལ་ཞིག་ཡོད་ལ། དེ་ཡང་ཕྱིས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཆིབས་སྒྱུར་རིམ་པ་བསྐྱངས་པའི་བརྒྱུད་ནས་ཕན་ཚུན་འབྲེལ་བ་ཇེ་བརྟན་དུ་ཕྱིན་ཡོད་པ་དང་། ༸གང་ཉིད་མཆོག་གིས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལམ་སྟོན་གྱིས་རྒྱལ་ཁབ་ཕྱོགས་གཉིས་དབར་མཛའ་གྲོགས་ཀྱི་འདུ་ཤེས་བརྟན་དུ་གྱུར་ཡོད་པ་གསུངས་འདུག
ལྷག་པར་དུ་ཚོགས་གཙོ་མཆོག་གིས་དབྱིན་ཡུལ་མི་མང་ཚུད་པའི་སྲིད་གཞུང་དང་གྲོས་ཚོགས་རིམ་པས་བོད་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་དང་། སྲིད་བློན་གསར་པའི་སྲིད་གཞུང་ལྷན་དུ་ཞི་བདེ་དང་། གྲོས་མོལ། དེ་བཞིན་རང་དབང་དང་མིའི་ཆེ་མཐོང་བཅས་ཀྱི་ཐོག་མཉམ་ལས་མདུན་སྐྱོད་བྱ་རྒྱུའི་རེ་སྒུག་གནང་བཞིན་ཡོད་པ་གསུངས་འདུག
བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པ་གནང་བཞིན་པ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ཐོག་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡ་ཐེངས་བཅུ་པ་གནང་བཞིན་པ་དང་དེ་ནི་ཕྱི་ལོ་ ༢༠༡༩ རྗེས་སུ་གོ་སྒྲིག་ཞུས་ཐུབ་པ་ཞིག་ཆགས་ཀྱི་འདུག
དེ་ཡང་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་ཟླ་བ་འདིའི་ཚེས་ ༢༠ ནས་ ༢༩ བར་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པ་གོ་སྒྲིག་གནང་ཡོད་ཅིང་། སྦྱོང་བརྡར་དེའི་ཐོག་ཁྲིམས་ལུགས་རིག་པ་བ་དང་ཁྲིམས་རྩོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་དོན་ལས་བྱེད་བཅས་ཚོགས་བཅར་བ་ཁྱོན་ ༣༠ ཙམ་མཉམ་ཞུགས་གནང་འདུག
འདི་ག་རླུང་འཕྲིན་ཁང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་ཆེན་མོ་ལྷ་འབྲུག་ལགས་སུ་སྦྱོང་བརྡར་དེའི་དམིགས་ཡུལ་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་བོད་མི་དཀྱུས་མ་ས་གནས་སོ་སོ་ནས་སྤྱི་སྒེར་སུ་རུང་ལ་རྩོད་གཞི་གང་འདྲ་ཞིག་བྱུང་ཚེ། ཁྲིམས་ཞིབ་ཁང་འོག་མ་ནས་གོང་རིམ་ལ་ཁྲིམས་གཏུག་ཆེད་རོགས་རམ་བྱེད་ཐུབ་པའི་ཆེད་དུ་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཅིང་། སྤྱིར་ཁྲིམས་ལུགས་ཀྱི་སློབ་སྦྱོང་ནི་ཉིན་གྲངས་བཅུའི་ནང་ཡོང་ཐུབ་རྒྱུ་ཞིག་མིན་ཡང་། སྦྱོང་བརྡར་འདིའི་ནང་ཁ་མཆུ་གཏུག་སྟངས་ཀྱི་འགྲོ་ལུགས་གང་ཡིན་པ་ཞིབ་ཕྲ་ཤེས་རྟོགས་སླད་དུ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང་། ཁ་མཆུ་བྱུང་བའི་རྗེས་དཔང་རྟགས་ནི་དགོས་ངེས་ཅན་ཞིག་ཡིན་པར་དེའི་བརྒྱུད་རིམ་ཤེས་རྟོགས་སླད་དུ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག་གཉིས་ཀྱི་ཞིབ་ཕྲ་སློབ་ཁྲིད་གནང་གི་ཡོད་པ་དང་། དེ་བཞིན་ཁྲིམས་ཡིག་དེ་གཉིས་ཀ་འགྲོ་ལུགས་ཁྲིམས་ཡིག་ཡིན་པ་དང་། ཁ་མཆུ་བྱུང་བའི་རྗེས་འགྲོ་ལུགས་དེ་མེད་ཚེ་བྱེད་སྟངས་མི་ཤེས་པ་དང་ཐག་གཅོད་ཡང་བྱེད་མི་ཤེས་པའི་གནས་སྟངས་ཡོང་གི་ཡོད་སྟབས། གཉིས་ཀ་མཉམ་དུ་འགྲོ་དགོས་པ་མ་ཟད། དཔེ་མཚོན་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཡང་ལུང་འདྲེན་བྱ་དགོས་ཚེ་དེ་ལྟར་གནང་གི་ཡོད་པ་འགྲེལ་བརྗོད་གནང་སོང་།
ལྷག་པར་ཕྱི་ལོ་ ༢༠༡༩ ནས་ད་བར་ལོ་བདུན་རིང་དེ་འབྲེལ་སྦྱོང་བརྡར་གནང་མ་ཐུབ་པའི་གནས་སྟངས་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ཕྱི་ལོ་ ༢༠༡༩ ལོར་སྦྱོང་བརྡར་ཐེངས་དགུ་པ་ཚོགས་ཡོད་པ་དང་། ད་བར་ཚོགས་མ་ཐུབ་པའི་བརྒྱུད་རིམ་ནི། ཕྱི་ལོ་ ༢༠༢༠ ཡས་མས་སུ་བཀའ་འཁྲོལ་ཐོབ་པའི་འོག་ནས་དེ་འབྲེལ་ཟབ་སྦྱོང་གཉིས་གོ་སྒྲིག་ཞུ་གཏན་འཁེལ་ཡང་། སྐབས་དེར་སྤྱི་ཚོགས་ནང་ཤེས་གསལ་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དཀའ་ངལ་ཞིག་ཕྲད་རྗེས། ཕྱི་ལོ་ ༢༠༢༡ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་གསུམ་དེ་བཞིན་མཐའ་མའི་བཀའ་འཁྲོལ་དེ་སྤྱི་འཐུས་ལྷན་ཚོགས་ནས་ཐོན་དགོས་པ་བསྐྱར་བཅོས་སོང་ཡོད་པ་བཞིན། ཕྱི་ལོ་ ༢༠༢༦ ལོར་ཁྲིམས་ཡིག་དེ་དག་བཀའ་འཁྲོལ་ཐོན་པ་གཞིར་བཟུང་འདི་ལོའི་སྔོན་རྩིས་འཆར་འབུལ་གྱིས་ཟབ་སྦྱོང་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
ད་དུང་སྦྱོང་བརྡར་དེའི་ནང་སྲི་ཞུ་ལས་བྱེད་ཡང་མཉམ་ཞུགས་གནང་ཡོད་སྟབས་ཁོང་རྣམ་པའི་ཁྲིམས་རྩོད་པའི་ཕྱག་ལས་གནང་ཆོག་གི་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་བྱེ་བྲག་གང་ཡིན་པ་ཞིག་ལ་གནས་ཚུལ་ཞིག་བྱུང་ནས་ལས་ཁུངས་དེས་རེ་བ་བརྒྱབ་ཚེ། སྲི་ཞུ་བ་དེར་ཁྲིམས་རྩོད་པའི་སློབ་སྦྱོང་ཡོད་ཀྱང་ཁྲིམས་དེ་ལེན་དང་མ་ལེན་དོ་དག་རང་ཉིད་ལ་རག་ལུས་ཡོད་པ་འགྲེལ་བརྗོད་གནང་སོང་། ཁོང་གིས་ད་དུང་དེ་དང་འབྲེལ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མི་སྣ་མང་པོར་སྦྱོང་བརྡར་གནང་ཡོད་ཀྱང་ཁྲིམས་ཡིག་ལ་རྒྱུན་དུ་དོ་སྣང་མ་བྱས་པར་གློ་བུར་དུ་ཁྲིམས་རྩོད་པ་གནང་ཚེ་ནོར་འཁྲུལ་མང་པོ་བྱུང་གི་ཡོད་པར་བརྟེན། ཁྲིམས་ཡིག་དེ་དག་ལ་ཡང་ནས་ཡང་དུ་དོ་སྣང་བྱ་དགོས་གལ་ཡིན་པ་མ་ཟད། སྦྱོང་བརྡར་འདིའི་ནང་སྲི་ཞུ་ལས་བྱེད་གཉིས་དེ་སྔ་སྦྱོང་བརྡར་ཐོབ་ཚར་བ་དང་ད་རེས་བསྐྱར་སྦྱོང་ཆགས་ཀྱི་ཡོད་སྟབས་མགོ་ཚོད་རྒྱུ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་གསུང་གིན་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་ཆེན་མོས་ད་ལྟའི་བོད་པའི་སྤྱི་ཚོགས་ནང་ལ་ཁྲིམས་རྩོད་པའི་གནས་བབ་སྐོར་དང་འབྲེལ་ནས། དེ་སྔོན་ཁྲིམས་ལུགས་རིག་པ་ཐོན་མཁན་གང་ཞིག་བོད་པའི་སྤྱི་ཚོགས་ནང་ཁ་མཆུ་གཏུག་ནས་རོགས་པ་བྱེད་མཁན་མེད་པ་ལྟ་བུ་ཡིན་པ་དང་། ད་ལྟའི་དུས་སྐབས་སུ་དུས་ཚོད་འགྱུར་བའི་དབང་གིས་མང་དུ་འགྲོ་ཡི་ཡོད་པར་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། དེ་ནི་ངེས་པར་དུ་དགོས་ངེས་ཤིག་ཡིན་པ་མ་ཟད། ཁོང་རྣམ་པ་ཚོར་ཁྲིམས་ལུགས་རིག་པའི་རྒྱབ་ལྗོངས་ཡོད་པར་བརྟེན། བོད་པའི་སྤྱི་ཚོགས་ནང་གི་ཁྲིམས་ཡིག་དེ་དག་མགོ་ཚོད་རྒྱུ་ལས་སླ་པོ་ཡོད་པའི་ཁེ་ཕན་ཡོད་པ་འགྲེལ་བརྗོད་གནང་སོང་།
རྩ་བའི་འདི་ཚེས་ ༢༠ ཉིན་དབུ་འབྱེད་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག་བཅས་དབུ་བཞུགས་གནང་ཡོད་པ་དང་། སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་མི་མང་ཁྲོད་ཁྲིམས་ཀྱི་གོ་རྟོགས་ཧ་ཅང་ཞན་པོ་ཡོད་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་ཁྲིམས་ལུགས་རིག་པའི་རྒྱབ་ལྗོངས་ཡོད་མཁན་གང་མང་ལ་སྦྱོང་བརྡར་གོ་སྒྲིག་གནང་གི་ཡོད་པ་མ་ཟད། མཉམ་ཞུགས་གནང་མཁན་རྣམས་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་གཞན་དུ་མང་གཙོའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་གོ་སྐབས་ཐོབ་པ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་དང་བོད་མིའི་སྒྲིག་འཛུགས་འདི་གཙིགས་ཆེར་འཛིན་དགོས་གལ་ཡིན་པ་གསུངས་ཡོད།
གཞི་རྩའི་འདི་ཚེས་ ༢༩ ཉིན་སྦྱོང་བརྡར་ཉིན་མཐའ་མ་ཆགས་ཀྱི་ཡོད་པ་དང་། སྐབས་དེར་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་དེབ་འགོད་བགྱིས་པ་རྣམས་ལ་ཁྲིམས་རྩོད་པའི་ལག་འཁྱེར་གསོལ་རས་གནང་རྒྱུ་དང་། སྦྱོང་བརྡར་ནང་མཉམ་ཞུགས་གནང་མཁན་རྣམས་ལ་མཉམ་ཞུགས་པའི་ལག་འཁྱེར་གནང་རྒྱུ། དེ་བཞིན་མཉམ་ཞུགས་བྱེད་མཁན་ཁོངས་ནས་བསྐྱར་སྦྱོང་བྱེད་མཁན་རྣམས་ལ་ཕྱག་འཁྱེར་བཅས་གནང་རྒྱུ་ཡིན་པ་རེད་འདུག
བོད་ཉིང་ཁྲི་ནང་འཚོག་བཞིན་པའི་ཧི་མ་ལ་ཡའི་གླེང་སྟེགས་དེས་རྒྱ་ནག་ལ་དུས་ད་ལྟའང་བོད་ཐོག་བདག་དབང་མེད་པ་མཚོན་གྱི་ཡོད་པ་གསུངས་སོང་།
རྒྱ་གཞུང་གིས་ཁ་སང་ཕྱི་ཚེས་ ༡༦ ནས་འགོ་འཛུགས་ཀྱིས་སང་ཉིན་ཕྱི་ཚེས་ ༡༨ བར་ཉིན་གྲངས་གསུམ་རིང་རྒྱ་དཀར་ནག་གཉིས་དབར་གྱི་རྩོད་གླེང་ཆེ་བའི་འཕགས་བོད་ས་མཚམས་ཨ་རུ་ནཱ་ཅལ་ས་ཁུལ་ནས་རྒྱང་ཐག་སྤྱི་ལེ་ ༡༦༠ སར་ཆགས་པའི་བོད་ཉིང་ཁྲི་ས་གནས་སུ་ Trans-Himalaya Forum for International Cooperation ཞེས་ཀྲུང་གོའི་བོད་ལྗོངས་དང་ཧི་མ་ལ་ཡའི་ས་ཁུལ་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཐེངས་ལྔ་པ་སྟེ་འཚོག་བཞིན་པ་དང་འབྲེལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས། གླེང་སྟེགས་དེ་ནི་རྒྱ་ནག་གིས་ད་བར་བོད་ཐོག་བདག་དབང་རྩོད་བཞིན་པ་དེ་དག་ལམ་ལྷོང་འབྱུང་གི་མེད་པ་དང་། བོད་ཀྱི་དཀའ་ངལ་ཏེ་ད་དུང་ཡང་སེལ་མེད་པའི་དཀའ་ངལ་ཞིག་ཡིན་པ་མཚོན་གྱི་ཡོད་པ་མ་ཟད། ཚོགས་འདུ་དེ་ནི་རྒྱ་ནག་གིས་བོད་ཐོག་རྩོད་བཞིན་པའི་བདག་དབང་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་ཤིག་ཡིན་པ་གསུངས་སོང་།
སྤྱིར་ཐེངས་འདིའི་འདུ་འཛོམས་ཐོག་རྒྱ་ནག་ཚུད་པའི་བལ་ཡུལ་དང་མཱིན་མཱར་སོགས་རྒྱལ་ཁབ་ ༢༠ ལྷག་གི་སྐུ་ཚབ་ནས་མཉམ་ཞུགས་གནང་འདུག་པ་དང་། འདི་ལོའི་གླེང་སྟེགས་ཀྱི་བརྗོད་གཞི་ཡང་ Harmonious Coexistence of Humanity and Nature — Sharing the Fruits of Development and Cooperation འམ་འགྲོ་བ་མི་དང་རང་བྱུང་སྐྱེ་ཁམས་ཞི་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་དང་མཉམ་ལས་ཀྱི་འབྲས་བུ་མཉམ་སྤྱོད་བྱེད་པ་ཞེས་པ་དེ་ཡིན་པ་མ་ཟད། ནང་དོན་གཙོ་བོ་ Advancing Green Development and Building a Beautiful Homeland Together སྔོ་ལྗང་འཕེལ་རྒྱས་ལ་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུའི་སྐོར་གྲོས་བསྡུར་གྱིས་ལྟ་སྐོར་དང་བརྗེ་རེས་སོགས་ཀྱི་བརྒྱུད་བོད་ནང་དམ་དྲག་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་ལུགས་ཀྱི་རྣམ་པ་ཞིག་མངོན་པར་བྱེད་ཀྱི་ཡོད་པ་རེད་འདུག
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ད་དུང་། རྒྱ་ནག་གིས་ཉེ་བའི་ཆར་བོད་དང་འབྲེལ་བ་བཏགས་ཏེ་ཚོགས་འདུ་རིམ་པ་འཚོགས་ཡོད་པ་དང་། དེ་དག་ནི་གཙོ་བོ་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་དྲིལ་བསྒྲགས་ཤུགས་ཆེ་རུ་འགྲོ་བའི་ཕྱིར་ཡིན་པ་མ་ཟད། བོད་ཀྱི་གནད་དོན་གཙོས་པའི་རྒྱ་དཀར་ནག་དབར་འཕགས་བོད་ས་མཚམས་ཀྱི་ རྩོད་རྙོག་སོགས་དང་འབྲེལ་བའི་འགྲེལ་བརྗོད་ཀྱི་ཁ་ཕྱོགས་བསྒྱུར་ཐབས་ཤིག་ཡིན་པ། ལྷག་པར་དུ་རྒྱལ་ཁབ་འདྲ་མིན་གྱི་ཚོགས་བཅར་བ་ཚོགས་འདུ་རིམ་པའི་ཐོག་མགྲོན་འབོད་ཀྱིས་གཙོ་བོ་ཆབ་སྲིད་ཀྱི་དགོས་མཁོ་ལ་དམིགས་ཏེ་རྒྱལ་སྤྱིའི་བསམ་བློའི་འཕེལ་རིམ་བསྒྱུར་བ་གཏོང་ཐབས་ཀྱི་འབད་བརྩོན་ཞིག་ཡིན་པ་ གསུངས་སོང་ལ། དེས་རྒྱ་ནག་ལ་དུས་ད་ལྟའང་བོད་ཐོག་བདག་དབང་མེད་པ་མཚོན་གྱི་ཡོད་པ་གསུངས་སོང་།
རྩ་བའི་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲོད་བོད་ལ་དམ་དྲག་མེད་པ་དང་བོད་དེ་བཞིན་དཔལ་འབྱོར་དང་གང་སྤྱིའི་ཐད་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་ལུགས་ཀྱི་རྣམ་པ་སྟོན་ཐབས་དང་འབྲེལ་བའི་གླེང་སྟེགས་འདི་ཡང་ཕྱི་ལོ་ ༢༠༡༨ ནས་བཟུང་ད་བར་ཐེངས་ལྔ་འཚོགས་ཡོད་པ་དང་། ལྷག་པར་དུ་གླེང་སྟེགས་དེ་དག་དམིགས་སུ་བཀར་ནས་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཡོད་སའི་ས་ཁུལ་གྱི་ཉེ་འདབས་སུ་སྐོང་འཚོགས་བྱེད་ཀྱི་ཡོད་པར། རྒྱ་གར་གྱི་གནད་དོན་དབྱེ་ཞིབ་པ་ཚོས་འདས་པའི་ལོ་འགའ་ཤས་ནང་རྒྱ་ནག་གིས་གླེང་སྟེགས་ཚོགས་འདུ་འདི་ལྟ་བུ་རྒྱ་གར་ས་མམས་ཉེ་འཁྲིས་དང་ཧི་མ་ལ་ཡའི་ས་ཁུལ་རྒྱལ་ཁབ་ཁག་གཅིག་མགྲོན་འབོད་ཞུས་པའི་ཐོག་འཚོགས་དགོས་དོན་གཙོ་བོ་ནི། བོད་དེ་རྒྱ་ནག་གིས་སྣེ་ཁྲིད་པའི་ཧི་མ་ལ་ཡའི་ས་ཁུལ་འཛུགས་སྐྲུན་གྱི་ལྟེ་བ་ཡིན་པར་མངོན་པར་བྱེད་པའི་བརྒྱུད་ཧི་མ་ལ་ཡའི་ས་ཁུལ་ཁག་གི་ནང་དུ་ཤུགས་རྐྱེན་རྒྱ་སྐྱེད་གཏོང་བར་འབད་བརྩོན་གྱི་ཆ་ཤས་ཙམ་མ་ཟད། ས་ཁུལ་དེ་དག་རྒྱ་ནག་ལ་བདག་དབང་ཡོད་ལུགས་དང་། དེའི་བརྒྱུད་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ཁྲོད་ལ་བརྡ་ལན་སྤྲོད་ཆེད་དུ་ཡིན་པ་བཅས་སྐྱོན་བརྗོད་ནན་པོ་གནང་ཡོད་པའི་ཐོག་ཨ་རུ་ནཱ་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་མངའ་ཁུལ་ཞིག་ཡིན་པ་གསལ་འདོན་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་ཁྲོད་བོད་མིའི་རུབ་སྡོད་ས་ཁུལ་ཁག་ཚགས་ཚུད་དགོས་གལ་ཡིན་པ་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་བའི་ཁྲོད། ཁུལ་དེར་འཛུགས་སྐྲུན་གྱི་ལས་གཞི་གང་དང་གང་ཡིན་རུང་མ་འོངས་ཕུགས་རྒྱང་རིང་པོར་དམིགས་ཏེ་འཆར་གཞི་ལྡན་པའི་འོག་ནས་སྤེལ་དགོས་པ་དང་། ལ་དྭགས་གླེ་བྱང་ཚུད་པའི་བོད་མིའི་རུབ་སྡོད་ས་ཁུལ་ཆ་ཚང་ཚགས་ཚུད་དགོས་གལ་ཡིན་པ་མ་ཟད། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་ངེས་པར་དུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་སྐུལ་མ་གནང་འདུག
རྩ་བའི་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ལ་དྭགས་སུ་སྲུང་བརྩི་གཟབ་རྒྱས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གསར་དུ་འདེམས་ཐོན་བྱུང་བའི་བཀའ་ཤག་སྐབས་བཅུ་བདུན་པའི་ཚབ་བྱས་ཏེ་ཁུལ་དེར་ཆེད་ཕེབས་ཀྱིས། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་དང་། བོད་ཕྲུག་ཁྱིམ་སྡེ། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་གནང་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་སྲིད་སྐྱོང་མཆོག་ནས་ལ་དྭགས་བྱང་ཐང་ཉོ་མར་འཚམས་གཟིགས་ཀྱིས་མི་མང་ལ་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༡༠ ཉིན་ལ་བྱང་བཀག་གཞུང་དང་། རྒོད་ཡུལ། ཧན་ལེ་བཅས་སུ་འཚམས་གཟིགས་དང་འབྲེལ་མང་ཚོགས་ལ་གསུང་བཤད་གནང་ཡོད་པ། ལྷག་པར་དུ་ཐེངས་འདིའི་ལ་བྱང་ཁུལ་དུ་འཚམས་གཟིགས་དེ་བཞིན་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བའི་སྤེན་པ་ཚེ་རིང་མཆོག་གིས་འཚམས་གཟིགས་གནང་བ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་གི་མང་ཚོགས་ལ་གནད་དོན་མང་དག་ཅིག་གི་ཐོག་གསུང་བཤད་གནང་བའི་ཁོངས་སུ་གཙོ་བོ། སྲིད་སྐྱོང་མཆོག་གིས་ཐེངས་འདིར་གླེ་བྱང་ཁུལ་དུ་རྟོག་ཞིབ་ཁྲོད་ས་གནས་དེར་ཡར་རྒྱས་གང་ལ་གང་ཙམ་ཕྱིན་ཡོད་པ་མངོན་རྒྱུ་འདུག་སྐོར་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་ནང་ནས་གལ་ཆེ་བ་གཅིག་ནི་གཞུང་དང་མི་མང་བར་འབྲེལ་བ་ཡག་པོ་ཉར་ཚགས་བྱ་རྒྱུ་དེ་ཡིན་པས། བཀའ་ཤག་སྐབས་བཅུ་བདུན་པའི་ངོས་ནས་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་དེ་སྔོན་ལྟར་ཐེངས་གཉིས་རེ་འཚམས་གཟིགས་གནང་རྒྱུ་གལ་ཆེན་དོན་ཆེན་དུ་བརྩི་ཡི་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་རྨང་གཞི་དེ་བཞིན་བོད་མིའི་གཞིས་ཆགས་དང་རུབ་སྡོད་ས་ཁུལ་རེ་རེ་ཡན་ཆད་ཀྱིས་མཚོན་གྱི་ཡོད་པ་མ་ཟད། དེས་སྤྱི་ཡོངས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱང་རང་བཞིན་གྱི་ཡག་པོ་ཞིག་ཆགས་རྒྱུ་ཡིན་དུས། གླེ་བྱང་ཚུད་པའི་བོད་མིའི་རུབ་སྡོད་ས་ཁུལ་ཁག་ཚགས་ཚུད་དགོས་གལ་དང་། གང་ལྟར་ཁུལ་འདིར་འཛུགས་སྐྲུན་གྱི་ལས་གཞི་གང་ཞིག་སྤེལ་གྱི་ཡོད་པ་དེ་དག་མ་འོངས་ལོ་མང་པོར་དམིགས་ཏེ་འཆར་གཞི་ལྡན་པའི་ཐོག་ནས་གནང་དགོས་པ་གསུངས་འདུག
ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ད་བར་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་རམ་མཚོན་པའི་སྲིད་སྐྱོང་ལ་གུས་ཞབས་སྣེ་ལེན་གང་ཐོབ་ཀྱི་ཡོད་པ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། ༸མགོན་པོ་མཆོག་གིས་བཀའ་དགོངས་དབུ་མའི་ལམ་གྱི་གནད་འགག་སྐོར་ངོ་སྤྲོད་གནང་བ་མ་ཟད། ༸གང་ཉིད་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་སྟེ་དུས་ཀྱི་དགོས་མཁོ་དང་མཐུན་པའི་བཀའ་སློབ་ལམ་སྟོན་ཤ་སྟག་ཡིན་པ་དང་། ༸གོང་ས་མཆོག་གིས་བོད་བརྒྱུད་ནང་བསྟན་ཏེ་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་རྩ་བ་ཚུགས་པའི་བསམ་བློའི་འཁྱེར་སོ་ཞིག་ཡིན་དུས་དེས་འཛམ་གླིང་ཡོངས་ལ་ཕན་ཐོགས་སྒྲུབ་ཐུབ་ཀྱི་ཡོད་པ་སོགས་བཀའ་སྩལ་མཛད་ཀྱི་ཡོད་པ་དག་ལ་དོ་སྣང་གནང་དགོས་པའི་དྲན་སྐུལ་གྱིས། ༸གོང་ས་མཆོག་དགུང་གྲངས་ ༡༣༠ ལྷག་སྐུ་འཚོ་བཞུགས་མཛད་རྒྱུའི་ཞལ་བཞེས་ཡོད་ཀྱང་དེར་བླ་སློབ་ཀྱི་དམ་ཚིག་ཡག་པོ་དགོས་གལ་ཡིན་པ་དང་། ༸མགོན་པོ་མཆོག་གིས་མུ་མཐུད་མཛད་པ་འཕྲིན་ལས་སྐྱོང་བཞིན་པ་ཁག་ལ་མི་མང་ཚོས་བཀའ་དྲིན་རྗེས་དྲན་ཞུ་དགོས་གལ། དེ་བཞིན་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གི་གནས་ཚུལ་ཆུང་ཆུང་རིགས་ཀྱིས་༸སྐུ་མདུན་ཐུགས་སུན་པོ་བཟོ་མི་དགོས་པ་ཞིག་ངེས་པར་དུ་གནང་དགོས་པ་གསུངས་འདུག་ལ། ༸གང་ཉིད་སྐུ་འཚོ་བཞུགས་མེད་པའི་དུས་སུ་བོད་མིའི་སྒྲིག་འཛུགས་ལ་ད་ལྟ་བཞིན་ཆེ་མཐོང་མུ་མཐུད་ཐོབ་པའི་རེ་བ་དང་ང་ཚོའི་ངོས་ནས་ཀྱང་༸གོང་ས་མཆོག་གིས་སོན་བཏབ་གནང་མཛད་པའི་མང་གཙོའི་ལམ་ལུགས་མུ་མཐུད་རྒྱུན་སྐྱོང་ཐུབ་པ་གནང་དགོས་གལ་ཡིན་པ་གསུངས་འདུག
ལྷག་པར་དུ་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་བོད་ཀྱི་སྣོད་ཀྱི་བྱུང་རབས་ལོ་རྒྱུས་དང་དེང་དུས་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་སྐོར་ངོ་སྤྲོད་དང་འབྲེལ། ད་ལྟའི་རྒྱ་ནག་རྒྱལ་ཁབ་སྟེ་ཕྱི་ཕྱོགས་ནས་བལྟས་ན་སྟོབས་ཤུགས་ཆེན་པོ་ཞིག་ཏུ་སྣང་གི་ཡོད་ཀྱང་སྲིད་གཞུང་ནང་ལོག་ལ་དཔོན་རིགས་ཕན་ཚུན་དོགས་པ་རྣམ་རྟོག་གི་ཁེངས་ཡོད་པ་མ་ཟད། ཆབ་སྲིད་སོགས་གང་སྤྱིའི་ཐད་ནས་ཕྱི་གསལ་ནང་གསལ་མེད་པ་སོགས་ཐེར་འདོན་གྱིས། ཉེ་ལམ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་བྱས་པའི་སྐོར་གསུངས་ཏེ། ད་ལྟའི་རྒྱ་ནག་གིས་བྱེད་བབ་ལ་བལྟས་ན་སྐད་ཆ་བཤད་སའི་ལམ་ཁ་མེད་པ་དེ་ལྟར་ཡང་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་པ་གསུངས་འདུག
མ་ཟད་སྲིད་སྐྱོང་མཆོག་གིས་ད་ལྟ་བྱང་ཐང་ཉོ་མར་ཁྱིམ་ཚང་ ༣༡ དང་། རྒོད་ཡུལ་དུ་ ༢༥། ཧན་ལེར་ཁྱིམ་ཚང་ ༨༦ བཅས་བྱང་ཐང་ཁུལ་གྱི་ས་ཁུལ་བཞིའི་ནང་གྲོང་པ་ ༢༠༠ ཙམ་ཡོད་པའི་གནས་སྟངས་གསལ་འདོན་དང་འབྲེལ། ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་ཡི་ཡོད་པ་དང་། བོད་མི་གནས་སྤོས་གནང་མཁན་ཡང་ཕྲན་བུ་འབྱུང་གི་ཡོད་དུས། ཕྱག་ལས་གང་གནང་གི་ཡོད་པ་དེ་དག་ས་གནས་ས་ཐོག་གི་ཁྲིམས་གཞིར་བཟུང་དང་དྲང་བདེན་ངང་གནང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་སྤྱིར་བཏང་རྒྱ་གར་ཁྱོན་ཡོངས་ནང་ས་ཁུལ་ ༣༧ ལ་ལྟ་རྟོག་གནང་དགོས་ཀྱི་ཡོད་ཀྱང་། གླེ་བྱང་ཁུལ་གྱི་ས་ཆའི་དཀའ་རྙོག་རྣམས་ལ་དྭགས་ད་གནས་ཀྱི་འབྲེལ་ཡོད་དང་ལྷན་དུ་གྲོས་མོལ་གྱིས་སེལ་ཐབས་བྱེད་བཞིན་ཡོད་སྐོར་གསུངས་པ་མ་ཟད། གཙོ་བོ་བྱང་ཐང་མང་ཚོགས་ངོས་ནས་ས་གནས་སྲིད་གཞུང་གིས་ཁྲིམས་མཐུན་ཐོག་གནང་བའི་རང་སོ་སོའི་ས་ཆ་ཡོད་པ་དེ་དག་བདག་པོ་ཡག་པོ་རྒྱག་དགོས་པ་དང་། འབྱུང་འགྱུར་དུས་སུ་འབྲེལ་ཡོད་ཚོས་ཞིབ་འཇུག་རྟོག་ཞིབ་སླད་ཕེབས་སྐབས་དགོས་ངེས་ཀྱི་བདག་དབང་ཡིག་ཆ་ཁག་སྔོན་ཚུད་ནས་གྲ་སྒྲིག་གནང་དགོས་པ་གསུངས་འདུག
སྤྱིར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་འཚམས་གཟིགས་ཁྲོད་དེ་སྔ་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བྱང་ཐང་ཆུ་མུར་དུ་གནས་སྡོད་བོད་མི་རྣམས་ལ་དྭགས་གླེ་རུ་གཞིས་སྤོས་ཆེད་ས་ཆ་ཨེ་ཀར་ ༨ མ་ཟིན་ཙམ་གསོལ་སྩལ་གནང་ཡོད་པ་སོགས་གླེ་བྱང་ཁུལ་དུ་འགྲོ་བཞིན་པའི་ལས་གཞི་ཁག་ལ་གཟིགས་ཞིབ་དང་། ཁུལ་དེའི་གཞིས་ཆགས་དང་སློབ་གྲྭ་རྒས་གསོ་ཁང་བཅས་སུ་ལྟ་སྐོར་གྱིས་བདེ་སྡུག་གསན་བཞེས་ཀྱིས་བོད་མིའི་སྒྲིག་འཛུགས་ངོས་ནས་ས་མཚམས་ཁུལ་དུ་གནས་སྡོད་བོད་མི་རྣམས་ཀྱི་བདེ་དོན་ནི་གལ་གནད་ཆེན་པོར་བརྩིའི་ཡོད་པས་ཤེས་ཡོན་དང་། སྡོད་ཁང་། སྤྱི་ཚོགས་ཀྱི་རྨང་གཞིའི་མཐུན་རྐྱེན་བཅས་ཡར་རྒྱས་གཏོང་རྒྱུའི་ཐོག་འབད་བརྩོན་གང་ཐུབ་གནང་གི་ཡིན་པ་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཐད་ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས་གསུངས་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་ལ་དྭགས་བསོད་ནམས་གླིང་གཞིས་མི་རྣམས་ལ་གསུང་བཤད་ཁྲོད། ཉེ་ལམ་ཨ་རིའི་རོགས་དངུལ་ཆད་པའི་རྐྱེན་གྱིས་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་ཏོག་ཙམ་ཕྲད་ཀྱང་། ད་ཆ་དངུལ་སྐོར་ལ་ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས་ཅེས་གསུངས་པ་དེ་ལྟར་ཡང་། བོད་མི་རྣམས་ཀྱིས་སྒྲིག་འཛུགས་ནས་རོགས་རམ་སོགས་ཞུ་སྐབས་དངོས་ཡོད་དགོས་ངེས་ཅན་ཡིན་ན་མ་གཏོགས་གཞན་གྱི་གོ་སྐབས་འཕྲོག་རྒྱུ་མེད་པའི་སྐུལ་མ་གནང་འདུག
དེའང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་སྐབས་ལ་དྭགས་ཀྱི་རྒྱལ་ས་གླེ་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༧ གྱི་སྔ་དྲོ་ལ་དྭགས་བསོད་ནམས་གླིང་ཚོགས་ཁང་དུ་ཆེད་ཕེབས་ཀྱིས་མི་མང་ལ་ཆུ་ཚོད་གཅིག་ལྷག་ཙམ་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ད་སྐབས་རྒྱ་ནག་དེ་ཉིད་དཔལ་འབྱོར་གྱི་ཆ་ནས་འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེ་ཤོས་གྲས་ཤིག་ཆགས་ཡོད་པ་མ་ཟད། འཛམ་གླིང་ཐོག་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པ་ལྟར། ཆབ་སྲིད་ཀྱི་བ་རླབས་འདི་ལྟ་བུའི་ནང་བོད་ཀྱི་གནད་དོན་དེ་ཉིད་གསོན་པོར་གནས་ཐུབ་པ་བྱ་རྒྱུ་དང་གོ་སྐབས་ཤར་སྐབས་དམ་འཛིན་བྱ་རྒྱུ་གལ་ཆེ་ཡིན་པ་ལྟར། དེ་འབྲེལ་བཀའ་ཤག་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པའི་ཁྲོད་བོད་དོན་ཞུ་གཏུགས་སོགས་ཀྱི་བརྒྱུད་ནས་འབད་བརྩོན་གང་ཐུབ་གནང་བཞིན་ཡོད་སྐོར་གསུངས་པ་དེ་ལྟར་ཡང་། ཕྱོགས་གཞན་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་འཁྲིད་པའི་རྒྱ་དམར་གཞུང་དེ་ཉིད། Autocratic Capitalist Under the Garb of Communism ཞེས་དམར་ཤོག་གི་འབག་གྱོན་པའི་དབང་ཆ་གཅིག་བསྡུས་ཀྱིས་མ་རྩའི་རིང་ལུགས་པ་ཞིག་ལ་འགྲེལ་བརྗོད་གནང་བ་མ་ཟད། དེའང་ཞེད་སྣང་གི་ཁོར་ཡུག་ལྡན་ཞིང་དམངས་གཞི་བརྟན་པོ་མེད་པའི་གནས་སྟངས་ཤིག་གི་འོག་ལུས་ཡོད་པའང་འགྲེལ་བརྗོད་གནང་འདུག
སྲིད་སྐྱོང་མཆོག་གི་ད་དུང་ལ་དྭགས་ཀྱི་ས་གནས་མང་ཚོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་སྐོར་ལ་འགྲེལ་བརྗོད་དང་འབྲེལ། དེ་སྔ་དཀའ་ངལ་བྱུང་ཡང་ད་ཆ་དངུལ་ཐོག་ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས་ཅེས་གསུངས་འདུག
ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ངོས་ནས་ཡོང་རྒྱུའི་ལོ་ཤས་ནང་སྤྱི་བའི་འཛུགས་བསྐྲུན་གྱི་ལས་དོན་ལ་དོ་སྣང་ཆེ་ཙམ་གནང་རྒྱུའི་འཆར་གཞི་ཡོད་པ་འགྲེལ་བརྗོད་དང་འབྲེལ། ལ་དྭགས་ནང་མཚོན་ན་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བོད་མིའི་སྡོད་ཁང་ཆེད་ས་ཁྱོན་གང་ཙམ་གསོལ་སྩལ་གནང་བ་ལུང་འདྲེན་གྱིས། བཙན་བྱོལ་བོད་མིའི་མི་འབོར་ནང་བརྒྱ་ཆ་བཅུ་ཙམ་ད་ལྟའང་སྡོད་ཁང་མེད་མཁན་ཆགས་ཡོད་སྟབས། བོད་མི་ཚོས་དགོས་ངེས་ཅན་ཡིན་ན་མ་གཏོགས་སྒྲིག་འཛུགས་ནས་རོགས་རམ་སོགས་ཞུ་སྐབས་གཞན་གྱི་གོ་སྐབས་འཕྲོག་རྒྱུ་མེད་པའི་སྐུལ་མ་གནང་འདུག
མ་ཟད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་སྐབས་ལ་དྭགས་གཙོས་བཙན་བྱོལ་བོད་མི་ཁག་གཅིག་གིས་རྒྱ་གར་ཡུལ་མིའི་ཁེ་དབང་བཞེས་ཏེ་འོས་འཕེན་ལག་འཁྱེར་བཟོ་བཞིན་པའི་གནད་དོན་གླེང་སློང་དང་འབྲེལ། གནད་དོན་དེའི་ཐོག་ངེས་པར་དུ་བསམ་ཞིབ་བྱ་དགོས་པ་དང་། ལྷག་པར་ཡུལ་མིའི་ཆབ་སྲིད་ཀྱི་གནད་དོན་ནང་ཐེ་གཏོགས་མ་བྱེད་པར་རང་སར་གནས་དགོས་པའི་ལམ་སྟོན་གནང་འདུག
སྲིད་སྐྱོང་མཆོག་གིས་གཞན་ཡང་གསུང་བཤད་དེའི་ཁྲོད་དབུ་མའི་ལམ་གྱི་འཕེལ་རིམ་དང་གལ་ཆེའི་རང་བཞིན། བོད་རྒྱའི་དཀའ་རྙོག་དེ་ཞི་བའི་ལམ་ནས་སེལ་དགོས་པ། བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་དང་ལས་གཞི་ཁག་སོགས་ངོ་སྤྲོད་གནང་བ་མ་ཟད། རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་ཐད་ཕྱི་ཟླ་ ༩ པའི་ནང་ལས་འཆར་ཁག་བང་སྒྲིག་བཞིན་པ་ལྟར། སྲིད་སྐྱོང་མཆོག་བཞུགས་སྒར་དུ་ཕྱིར་ལོག་གནང་མ་ཐག་བཀའ་ཤག་ལྷན་རྒྱས་རིམ་པ་སྐོང་འཚོག་གིས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་ཐད་གོ་བསྡུར་གནང་རྒྱུ་ཡིན་པ་གསུངས་འདུག
རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་བློ་རྩེ་གཅིག་མཐུན་གྱིས་བོད་དོན་འཐབ་རྩོད་བྱ་རྒྱུ་དམ་བཅའ་བརྟན་པོའི་ཐོག་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པའི་ཉིན་མཐའ་མར་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་མཚོན་པའི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་བོད་ཀྱི་གཞོན་སྐྱེས་རྣམས་བློ་རྩེ་གཅིག་མཐུན་གྱིས་བོད་དོན་འཐབ་རྩོད་བྱ་རྒྱུ་དམ་བཅའ་བརྟན་པོ་ཡོད་པ་མ་ཟད། ༸རྒྱལ་བའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ཚོགས་པ་ཁོ་ན་ལ་ཡོད་པ་ལས། གལ་ཏེ་རྒྱ་ནག་གིས་ཐེ་གཏོགས་བྱེད་ཚེ་ངོས་ལེན་གཏན་ནས་མེད་ཅེས་བསྒྲགས་གཏམ་འདོན་སྤེལ་གནང་སོང་།
https://youtu.be/K3p4zckAbNQ?si=ahLiLBNYNfFFQQqQ
དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་སྐོང་འཚོགས་གནང་ཡོད་ཅིང་། ཚོགས་ཆེན་གྱི་ཉིན་མཐའ་མར་ཚོགས་བཅར་བ་རྣམས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་ཡོད་པ་དང་། བསྒྲགས་གཏམ་དེའི་ནང་། ཕྱི་ཟླ་ ༧ ཚེས་ ༡ ནས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱེད་འགོ་ཚུགས་པ་དང་འབྲེལ། བོད་རྒྱལ་ཁབ་ནི་རྒྱ་ནག་གི་དབང་སྒྱུར་འོག་ཉེན་ཚབས་ཆེ་བའི་གནས་སུ་ལྷུང་ཡོད་ཅིང་། ཁྲིམས་ཡིག་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་ཆོས་དང་རིག་གཞུང་བཅས་པ་རྩ་མེད་གཏོང་ཐབས་དང་བོད་མི་རིགས་བཙན་དབང་གིས་རྒྱ་ནག་ཅན་དུ་བསྒྱུར་རྒྱའི་ཁྲིམས་ལུགས་ཀྱི་སྒྲོམ་གཞི་ཞིག་ཆགས་ཀྱི་ཡོད་པར་སྐྱོན་བརྗོད་ཐོག བོད་ཡོངས་ནས་ལྷོད་གཡེང་མེད་པར་མཉམ་རུབ་ཀྱི་འཐབ་རྩོད་བྱ་དགོས་གལ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཁ་ཚ་དགོས་གཏུགས་ཀྱི་བར་འཚང་བྱ་དགོས་པའི་དུས་ལ་བསླེབས་ཡོད་པའི་འབོད་སྐུལ་ཞུས་འདུག
ཁྲིམས་ལུགས་དེ་ཇི་ཙམ་གྱི་ཛ་དྲག་ཡིན་མིན་ནི། ལག་བསྟར་བྱས་པའི་ཉིན་རྗེས་མར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་ཁོང་གིས་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་སྐུ་ལུས་མཆོད་མེར་ཕུལ་པ་དེ་ལས་གསལ་པོར་ཤེས་ཐུབ་པ་དང་། ཕྱི་ལོ་ ༡༩༩༨ ལོ་ནས་བཟུང་ད་བར་བོད་མིས་སྐུ་ལུས་མེར་མཆོད་ཕུལ་མཁན་རྒྱལ་གཅེས་དཔའ་བོ་ ༡༦༠ ལྷག་བྱུང་ཡོད་པར་ལས་འགུལ་དེ་དག་ནི། རྒྱ་གཞུང་གིས་བོད་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བརྒྱུད་བོད་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་སླེབས་ཆེད་དང་། བོད་མིས་རང་རྒྱལ་ཁབ་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་བཞིན་པའི་དྲན་སྐུལ་ཡང་གཏོང་གི་ཡོད་ཅེས་ནན་བརྗོད་གནང་འདུག ལྷག་པར་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་བློས་བཏང་ལ་རྗེས་དྲན་དང་། ལས་འཕྲོ་མཇུག་སྐྱོང་གཡོལ་ཐབས་མེད་པ་མ་ཟད། བོད་མི་རྣམས་མཐུན་སྒྲིལ་གྱི་སྟོབས་ཤུགས་རྒྱ་སྐྱེད་གཏོང་རྒྱུ། རང་དབང་སླར་གསོ་བྱ་རྒྱུ་བཅས་ནི་གཞོན་སྐྱེས་མི་རབས་འདིའི་མཐར་ཐུག་གི་ལས་འགན་ཡིན་པར་དགའ་སྤོབས་ཆེན་པོས་ཕྲག་པའི་སྟེང་དུ་བླང་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་གསལ་སྟོན་གནང་འདུག
དེ་བཞིན་རྒྱ་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་ཕ་མེས་ཀྱི་རིག་གཞུང་དང་ཁ་བྲལ་གཏོང་སླད་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོས་ལེན་མེད་པ་དང་། གཞིས་ལུས་སྤུན་ཟླའི་སྙིང་སྟོབས་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་འཐབ་རྩོད་དང་ལས་འགུལ་ལ་ནུས་པ་ཁྱད་པར་ཅན་ཞིག་སྦྱིན་གྱི་ཡོད་ཅིང་། ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ཚོགས་པ་གཅིག་པུ་ལ་ཡོད་པ་ལས་རྒྱ་གཞུང་གིས་དེར་ཐེ་བྱུས་བྱས་ཚེ་ངོས་ལེན་རྩ་བ་ནས་མེད་ཅེས་ནན་བརྗོད་གནང་འདུག
མཇུག་སྡོམ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་པའི་གཞོན་སྐྱེས་རྣམས་ལ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ རིག་གཞུང་སོགས་སྦྱང་བརྩོན་བྱ་དགོས་གལ་ཡིན་པ་དང་ཆབས་ཅིག ཤེས་ཡོན་དང་བསམ་པའི་ནུས་པ་གོང་མཐོར་གཏོང་དགོས་པ། ནང་ཁུལ་རྡོག་རྩ་ཆིག་སྒྲིལ། དྲང་བདེན་དང་ཞི་བའི་ལམ་ནས་རང་གི་ཐོབ་ཐང་དང་རང་དབང་ཆེད་འཐབ་རྩོད་བྱ་དགོས་པ། རང་མི་རིགས་ཀྱི་ལོ་རྒྱུས་ཤེས་རྟོགས་ཐོག་ནས་རང་གི་བདག་དབང་རྩོད་ལེན་བྱ་དགོས་པ། ཕ་ཡུལ་ནང་དུ་འབྱུང་བཞིན་པའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་བརྒྱུད་བསྒྲགས་དང་རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་ཐབས་བྱ་དགོས་པའི་ལམ་སྟོན་གནང་སོང་བ་མ་ཟད། རྒྱལ་སྤྱིའི་དང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་རང་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་ཡོང་ཐབས་ཀྱི་ལས་དོན་བསྒྲུབ་དགོས་པ་སོགས་གསུངས་སོང་།
རྩ་བའི་མཇུག་སྡོམ་མཛད་སྒོའི་ཐོག་གཞན་སྐུ་མགྲོན་དུ་རྒྱ་གར་ Konrad-Adenauer-Stiftung འགན་འཛིན་ལས་རོགས་ཨན་ཇ་ལི་ར་ཝཌ་ Anjali Rawat ལགས། འཇར་མན་གྲོས་ཚོགས་འཐུས་མིའི་ལས་ཁུངས་ཀྱི་འཇར་མན་དང་པཱོ་ལེནྜ་འབྲེལ་ལམ་ཐོག་མཁས་པ་ཇོ་ནཱསི་ཀོ་ལེ་ཀི་ Jonas Kolecki ལགས། ཟབ་ཁྲིད་པ་ཨོ་གླིང་དུ་རྟེན་གཞི་བྱས་པའི་ཁྱེད་ཀྱི་ཐོན་རྫས་འདེམས་ཞེས་པའི་ཚོང་ལས་ཁང་གི་འགན་འཛིན་ཚེ་བརྟན་སྒྲོལ་མ་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་བཅས་ཆེད་ཕེབས་གནང་འདུག
གཞི་རྩའི་ད་རེས་ཀྱི་གཞོན་སྐྱེས་ཚོགས་ཆེན་དེའི་ཐོག་རྒྱལ་ཁབ་ཁག་ ༡༣ ནས་བོད་པའི་གཞོན་སྐྱེས་ ༩༨ མཉམ་ཞུགས་གནང་ཡོད་ཅིང་། གཞོན་སྐྱེས་ཚོགས་ཆེན་དེའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་ཤེས་བྱ་དང་ལས་རྩལ། བློ་སྟོབས་བཅས་གོང་མཐོར་གཏོང་རྒྱུ་དང་། དེ་བཞིན་བོད་དོན་འཐབ་རྩོད་དང་འབྲེལ་བའི་སོ་སོའི་བསམ་ཚུལ་བརྗེ་ལེན་གྱི་སྡིངས་ཆ་བསྐྲུན་རྒྱུ། བོད་ནང་གི་དངོས་ཡོད་གནས་ཚུལ་རྒྱུས་ལོན་དང་དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་འཐབ་རྩོད་ཀྱི་གནས་བབ་ཤེས་པའི་ཐོག་ནས་གོ་སྐབས་དང་གདོང་ལེན་ཀྱི་གནད་དོན་ཅི་རིགས་རྣམས་བོད་པའི་གཞོན་སྐྱེས་མི་རབས་གསར་པ་རྣམས་ལ་གོ་རྟོགས་གསལ་པོ་ཡོང་རྒྱུ་དང་ཞུ་གཏུག་གི་ལས་འགུལ་ཚད་ལྡན་ཡོང་ཐབས་བཅས་ལ་དམིགས་པ་ཞིག་ཆགས་ཀྱི་ཡོད་པ་རེད།




