fbpx

Tibetan Royal Year of 2149 | Year of the Water Tiber

༸གོང་ས་མཆོག་བཞུགས་སྒར་དྷརྨ་སཱ་ལཱར་༸ཞབས་སོར་བདེ་བར་འཁོད་པ།

Must read

More articles

དེ་རིང་ཕྱི་ཟླ་ ༡ ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཚོུད་ ༡༡ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་བི་ཧཱར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་བཞུགས་སྒར་དྷརྨ་སཱ་ལཱར་ཕྱིར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།མགོན་པོ་༸གང་ཉིད་མཆོག་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་གསར་འགོད་པས་ཐེངས་འདིའི་མཛད་འཆར་དང་འབྲེལ་བའི་བཀའ་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་ཟླ་གཅིག་བ་ལྷག་གི་རིང་ལ་སྟོན་པ་བཅོམ་ལྡན་འདས་དང་ལོ་ངོ་སྟོང་ཕྲག་གྱི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་གནའ་བོའི་རིག་གནས་ལས་བྱམས་བརྩེའི་བརྡ་ལེན་བསྣམས་ཏེ་མང་ཚོགས་དང་མཇལ་མོལ་མཛད་ཡོད་ཡོད་པར་བཀའ་སྩལ་བ་དང་ཆགས་ཅིག་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་ནི་ད་ལྟའི་འཛམ་གླིང་ལ་ཉེར་དགོས་ཅན་ཞིག་ཆགས་ཡོད་སྐོར་བཀའ་སྩལ་ཡོད།གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཐོན་གྱིས་ཕྱི་ཚེས་ ༢༡ ཉིན་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཆགས་པའི་ཧ་རི་ཡ་ན་མངའ་སྡེའི་གུ་རུ་ག་རམ་གྱི་ Salwan སློབ་གྲྭར་ལྡི་ལི་དང་རྒྱལ་སའི་ཉེ་འཁོར་ NCR ཁུལ་གྱི་སློབ་གྲྭ་ ༦༡ གི་སློབ་ཕྲུག་དང་དགེ་ལས་ཕ་མ་བཅས་མི་གྲངས་ ༥༠༠༠ བརྒལ་བར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་བཀའ་སློབ་ལམ་སྟོན་སྩལ་ཡོད་པ་དང་། སྐབས་དེར་རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་དང་ལྷག་པར་དུ་མང་གཙོ་དང་ཆོས་ལུགས་ཚང་མར་གུས་བརྩི་ཞུས་དང་ཞུ་མུས་ཡིན་པ་ནི་རྒྱ་གར་གྱི་ངོས་ནས་སྤོབས་པ་གནང་འོས་པའི་རིག་གཞུང་བཟང་པོ་ཞིག་ཆགས་ཡོད་སྟབས། རྒྱ་གར་གྱི་ན་གཞོན་ཚོས་རིག་གཞུང་དེ་དག་བདག་གཅེས་གནང་གལ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད། ཕྱི་ཚེས་ ༢༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་དེ་ཕྱི་ཚེས་ ༢༣ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་མཛད་པ་དང་ཕྱི་ཚེས་ ༢༩ ནས་ཚེས་ ༣༡ བར་བོད་མི་གཙོ་བོར་གྱུར་པའི་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ ༦༠ ལྷག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་བདུན་ཁྲི་འགལ་བར་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པར་མཛད་པ་དང་ཆབས་ཅིག་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཅས་བཀྲིན་བསྐྱངས་ཡོད། དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས ༡ སྟེ་ཕྱི་ལོ་གསར་བཞད་དང་བསྟུན་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་ར་བར་རི་བོ་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་བླ་མ་མཆོད་པའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་དང་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པར་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་རིག་འཛིན་ཡུལ་ཀ་བདེ་ཆེན་རྒྱལ་མོའི་སྒོ་ནས་མཁའ་འགྲོའི་བསུན་ཟློག་དང་འབྲེལ་བའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་བཅས་བསྟར་འབུལ་ཞུས་ཡོད་པ་རེད། བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་སྤྱི་ལོ་གསར་པའི་ནང་བཀྲ་ཤིས་པའི་ཉི་མ་ཤར་རྒྱུའི་ཐུགས་ཚོར་ཡོད་སྐོར་བཀའ་སྩལ་ཡོད་པ་མ་ཚད་པར་དེ་བཞིན་སླད་མར་བོད་གངས་ཅན་གྱི་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འདབས་རྩེ་ཕོ་བྲང་གི་མདུན་གྱི་བཞུགས་ཁྲི་གླིང་གར་ལྷན་འཛོམས་ཡོང་བའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་ཡོད། གནས་མཆོག་རྡོ་རྗེ་གདན་དུ་ཟླ་བ་གཅིག་ཙམ་རིང་༸སྐུ་བཞུགས་མཛད་སྐབས་སུ་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད་པ་གཙོས་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ལོ་ལྔའི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་པ་དང་། དེ་བཞིན་ཝིཏ་ནམ་དང་ཨི་ཊ་ལིའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་དབུས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་བརྒྱ་ཕྲག་དུ་མར་ཐུགས་བརྩེ་ཆེན་པོས་གཟིམ་ཆུང་མཇལ་ཁ་སྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་གྷ་ཡ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་ཡོད་པ་དང་ཚེས་ ༢༡ ཉིན་རྒྱལ་ས་ལྡི་ལིར་ Indian Institute of Public Administration འམ་རྒྱ་གར་སྤྱི་དམངས་འཛིན་སྐྱོང་ལྟེ་གནས་ཁང་གིས་ TN Chaturvedi དྲན་རྟེན་ལེགས་སྦྱར་དབུ་འབྱེད་མཛད་པ་དང་སྦྲགས། བྱམས་བརྩེ་དང་འཛིན་སྐྱོང་གི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ་མ་ཟད། ཁ་སང་ཕྱི་ཚེས་ ༢༢ ཉིན་ལྡི་ལི་ཁུལ་གྱི་གནད་ཡོད་ཀྱི་དཔོན་རིགས་ཁག་གཅིག་ལ་ཞལ་མཇལ་གྱི་མཛད་འཕྲིན་བཅས་ལེགས་པར་གྲུབ་སྟེ་དེ་རིང་ཕྱི་ཚེས་ ༢༣ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཆིབས་ཐོན་གྱིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱར་༸རྒྱལ་བ་རིན་པོ་ཆེའི་མཛད་འཆར་ཡོངས་གྲགས་གནང་བར་གཞིགས་ན། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༧ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་ཟླ་ ༣ ཚེས་ ༨ དང་ ༩ བཅས་ཉིན་གྲངས་གཉིས་རིང་བདེ་མཆོག་ནག་པོ་བའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་འདུག

(Visited 97 times, 1 visits today)

LEAVE A REPLY

Please enter your comment!
Please enter your name here
Captcha verification failed!
CAPTCHA user score failed. Please contact us!

Latest article