༸སྐུའི་བླ་སྨན་པ་རྣམ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་པས་༸སྐུའི་འཕྲོད་བཞེས་བརྟན་པོ་དང་ཧ་ཅང་འདོད་བློ་ཁེངས་པ་བྱུང་ཡོད་ཅེས་གསུངས་འདུག

དེ་ཡང་དེ་རིང་ཕྱི་ཚེས་ ༢༤ ཉིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ཐོག་༸སྐུའི་ཕྱི་ལུགས་ཀྱི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་བོད་ལུགས་ཀྱི་སྐུ་བཅར་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་རྣམ་གཉིས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྨན་བཅོས་གནས་སྟངས་ཐད་གསལ་བསྒྲགས་ཤིག་བསྐྱངས་འདུག་པའི་ནང་གསལ་ལྟར་ན། མགོན་པོ་༸གང་ཉིད་མཆོག་ཞབས་པུས་སྨན་བཅོས་མཛད་དེ་ད་ཆ་བདུན་ཕྲག་བཞི་འགྲོ་བཞིན་ཡོད་ཅིང་། ཞབས་པུས་སྨན་བཅོས་ཀྱི་རྨ་ཁ་སྐུ་ངལ་གང་ཡང་མེད་པར་དྭངས་སྐྱེད་བྱུང་ཡོད་པ་དང་ཕྱི་བཅོས་གསོ་ཐབས་པ་ཚོས་༸གོང་ས་མཆོག་གི་༸སྐུའི་གནས་སྟངས་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་པ་སྙན་སེང་ཞུ་བཞིན་ཡོད་པ་མ་ཟད། ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་གསུངས་ཡོད་པ་བཀོད་དེ་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་གནས་སྟངས་བརྟན་པོ་དང་ཧ་ཅང་འདོད་བློ་ཁེངས་པ་ཞིག་ཡོད་ཅེས་གསུངས་འདུག
རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་ནས་ད་ལྟའི་ཆར་སྐུ་ངལ་གསོ་བཞུགས་མཛད་མུས་ཡིན་པ་དང་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་ ༧ རྗེས་སུ་ཨ་རིར་ཞབས་སོར་བདེ་བར་འཁོད་པའི་དུས་སྐབས་དང་བསྟུན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་རེ་འདུན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པར་དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཞལ་བཞེས་ཐོབ་ཡོད་ཀྱང་དུས་ཚོད་གཏན་འཁེལ་བྱུང་མེད་པ་རེད་འདུག
དེའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཚེས་ ༢༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གྱིས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག དེ་བཞིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་བཅས་མཇལ་མོལ་གནང་སྟེ། བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ལམ་ལྷོང་ཡོང་བར་སྐུ་ལས་སྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་ལྷག་པར་འདི་ཚེས་ ༢༩ ཉིན་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་རེད་འདུག




