༸སྐྱབས་རྗེ་རྡོ་འབུམ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱིས་བྱབས་ཁྲུས་དང་ན་བཟའ་སྒྲོན་འབུལ།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

རྡོ་འབུམ་སྐུ་ཕྲེང་གསུམ་པ་༸སྐྱབས་རྗེ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གི་ཡང་སྲིད་བཞུགས་སྒར་རྡ་རམ་ས་ལར་ཡུམ་སྐྱིད་གྲོང་བསྟན་འཛིན་བཀྲ་ཤིས་དང་ཡབ་བསྟན་འཛིན་དབང་རྒྱལ་ལགས་ཀྱི་སྲས་སུ་འཁྲུངས་པའི་བསྟན་འཛིན་ཆོས་གྲགས་ཡིན་པ་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་འདུག་པ་དང་།  དེ་རིང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གཟིམ་ཤག་ཏུ་རྡོ་འབུམ་སྐུ་ཕྲེང་བཞི་པ་མཆོག་གི་བྱབས་ཁྲུས་དང་ན་བཟའ་སྒྲོན་འབུལ་ཞུས་གནང་སོང་། 

རྩ་བའི་རྡོ་འབུམ་སྐུ་ཕྲེང་གསུམ་པ་མཆོག་ནི་འདས་པའི་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༩ རེས་གཟའ་ཟླ་བའི་ཞོགས་པ་ཕྱག ཚོད་ ༦ ཡོལ་ཙམ་ལ་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཡོད་པའི་༸སྐུ་ཉིད་ཀྱི་བླ་བྲང་དུ་དགུང་གྲངས་ ༨༢ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་།  སྔ་ལོར་རིན་པོ་ཆེ་མཆོག་གི་སྐུ་འཁོར་ལྷན་རྒྱས་ནས་༸གོངས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་བསྒྱུར་དང་བསྟུན་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐོར་དང་འབྲེལ་སྙན་སེང་གསོལ་འདེབས་ཞུས་ཡོད་པ་བཞིན་༸མགོན་པོ་མཆོག་གིས་དེ་འབྲེལ་བཀའ་ཡིག་བརྒྱུད་རིན་པོ་ཆེ་མཆོག་གི་ཡང་སྲིད་བཞུགས་སྒར་དུ་༸གང་ཉིད་སྐུ་བཞུགས་མཛད་སའི་ཉེ་འཁོར་དུ་འཁྲུངས་ཡོད་པ་བཀའ་སྩལ་བཟང་པོ་ཕེབས་ཡོད་པ་རེད་འདུག

རིན་པོ་ཆེ་མཆོག་གི་སྐུ་འཁོར་རྣམས་ནས་ཉེ་ལམ་དེ་འབྲེལ་བཞུགས་སྒར་རྡ་རམ་ས་ལར་སྐྱེས་པའི་བྱིས་པའི་ཐོ་གཞུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཏེ་༸གང་ཉིད་མཆོག་གིས་བསྐྱར་དུ་བཀའ་ཡིག་ཅིག་གི་བརྒྱུད་རྡ་རམ་ས་ལའི་ཡུམ་སྐྱིད་གྲོང་བསྟན་འཛིན་བཀྲ་ཤིས་ལགས་དང་ཡབ་བསྟན་འཛིན་དབང་རྒྱལ་ལགས་ཀྱི་སྲས་སུ་འཁྲུངས་པའི་བུ་བསྟན་འཛིན་ཆོས་གྲགས་དེ་བཞིན་རྡོ་འབུམ་སྐུ་ཕྲེང་བཞི་པར་ངོས་འཛིན་མཛད་ཡོད་པ་དང་།  དེ་རིང་ཕྱི་ཟླ་ ༤ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཕྱག་ཚོས་ ༨་༣༠ ཙམ་ལ་ཆུང་སྲིད་རིན་པོ་ཆེ་མཆོག་གི་ནང་མི་དང་རྡོ་འབུམ་སྐུ་ཐོག་གོང་མའི་ཕྱག་མཛོད་སོགས་འབྲེལ་ཡོད་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་སྐུའི་གཟིམ་ཤག་ཏུ་རྡོ་འབུམ་སྐུ་ཕྲེང་བཞི་པ་བསྟན་འཛིན་ཆོས་གྲགས་རིན་པོ་ཆེར་བྱབས་ཁྲུས་དང་ན་བཟའ་སྒྲོན་འབུལ་ཞུས་ཡོད་པ་མ་ཟད།  སྐབས་དེར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་འདི་གའི་གསར་འགོད་པར་རྡོ་འབུམ་རིན་པོ་ཆེ་སྐུ་ཐོག་གོང་མ་མཆོག་ནི་སྐུ་ཚེ་ཧྲིལ་པོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་བསྟན་སྲིད་ཆེད་དུ་ཞབས་ཕྱི་ཞུས་མཁན་མཛད་རྗེས་ཅན་གྱི་མི་སན་ཞིག་ཆགས་ཀྱི་ཡོད་པ་མ་ཟད། སྐུ་ཡོན་གྱི་ཐོག་ནས་ཀྱང་མོདོ་སྔགས་རིག་གནས་དང་བཅས་པ་ཆ་ཚང་ལ་མཁྱེན་རྒྱ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་སོགས་གསུངས་སོང་།  

དེའི་རྗེས་ཡང་སྲིད་རིན་པོ་ཆེ་འཁྲུངས་ས་ནང་མིའི་རང་ཁྱིམ་དུ་༸སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་གཙོས་པའི་སྐུ་འཁོར་དང་འབྲེལ་ཡོད་ལྷན་འཛོམས་ཐོག་མཛད་སྒོ་སྟབས་བདེ་ཞིག་ཀྱང་འཆོགས་གནང་སོང་ལ།  སྐབས་དེར་༸སྐུའི་བླ་སྨན་པ་དང་སྐུ་འཁོར་ལྷན་རྒྱས་དབར་རིན་པོ་ཆེ་སྐུ་ཐོག་གོང་མའི་མཛད་འཕྲིན་གཙོས་པའི་ད་ལྟའི་ཡང་སྲིད་རིན་པོ་ཆེའི་མ་འོངས་བསླབ་པ་སློབ་གཉེར་སོགས་གནད་དོན་མང་དག་ཅིག་གི་ཐོག་གྲོས་བསྡུར་ཡང་གནང་སོང་།

གཞི་རྩའི་༸སྐྱབས་རྗེ་རྡོ་འབུམ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་མཆོག་ནི་ཕྱི་ལོ་ ༡༩༤༢ ལོར་མདོ་ཁམས་སྒ་བ་རིན་ཆེན་ཚོ་དྲུག་གི་སྒ་བཞི་དབུས་མདོར་སྐུ་འཁྲུངས་ཏེ། དགུང་ལོ་གཉིས་ཙམ་ལ་སོན་སྐབས་ཕུར་ལྕོག་ཡངས་སྤྲུལ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་རྡོ་བུམ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་དང་། དགུང་ལོ་བཅུ་གཉིས་ཙམ་ལ་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་ཡོད་པ་རེད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་ཏེ། བྱེས་ཀྱི་ཆོས་སྡེ་དང་པོ་སྦག་ས་ཆོས་སྒར་དུ་བཞུགས། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་དགེ་སློང་གི་སྡོམ་པ་བཞེས་པ་མ་ཟད། ཕྱི་ལོ་ ༡༩༦༩ ལོར་ཝཱ་ཎ་ལེགས་སྦྱར་གཙུག་ལག་སློབ་ཁོངས་བོད་ཀྱི་མཐོ་ཡོན་སློབ་ཁང་དུ་ཞུགས་ནས་ཕྱི་ལོ་ ༡༩༧༢ ལོར་ཨ་ཙཱརྱ་ཞེས་སྐབས་དེའི་བོད་གཞུང་གིས་གཏན་འབེབས་གནང་བའི་དགེ་བཤེས་ཨང་དང་པོའི་ཕྱག་འཁྱེར་བཞེས་ཡོད་པ་རེད།

ཕྱི་ལོ་ ༡༩༧༣ ལོ་མཇུག་ཏུ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་བཀའ་བསྟན་གསུང་རབ་ཀུན་དགའ་ར་བའི་དབུ་འཛིན་དང་ཉམས་ཞིབ་པའི་ཐུགས་འགན་གཅིག་ལྕོགས་བཞེས་ཡོད་པ་དང་། ཕྱི་ལོ་ ༡༩༧༥ ལོར་འབྲས་བློ་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་དགེ་བཤེས་ལྷ་རམས་པ་དང་།  དེ་ནས་ཕྱི་ལོ་ ༡༩༧༧ ལོར་༸གོང་ས་མཆོག་གི་བཀས་བཀོད་བཞིན་སྐུ་སྒེར་དྲུང་ཆེའི་ཕྱག་རོགས་ཀྱི་མཚན་གནས་བཞེས་པ་མ་ཟད། དགུང་གྲངས་ ༤༠ ལ་ཕེབས་སྐབས་ཕྱི་ལོ་ ༡༩༨༡ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་ཐུགས་འགན་བཞེས་ཏེ་ཁྱོན་མི་ལོ་ ༣༠ ཙམ་གྱི་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོག་ཞིབ་འཇུག་དང་། མཁས་དབང་མཉམ་འཛོམས་ཀྱིས་བགྲོ་གླེང་ཞིབ་འཇུག དཔྱད་གཏམ་དང་དེབ་ཕྲེང་དུ་མ་སྤེལ་བ་སོགས་ལ་བརྟེན། ལྡི་ལི་བོད་ཁང་འདི་ཉིད་བཙན་བྱོལ་ཁྲོད་ཀྱི་བོད་ཀྱི་གནའ་དེང་རིག་པའི་གཞུང་ལུགས་ཉམས་ཞིབ་ཁང་གི་བསྟི་གནས་སུ་བསྒྱུར་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།