Tibetan Royal Year of 2151 | Year of the Wood Dragon

ཀརྨ་པ་རིན་པོ་ཆེ་རྣམ་གཉིས་མཇལ་མོལ་མཛད་པར་མང་ཚོགས་ནས་དགའ་བསུ་ཞུ་བཞིན་པ།

Tibetan News Headlines

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་གཉིས་དང་གླེང་མོལ། 

Sunday 21/04/2024

  • Continuing Tradition: Meet the second Generation Tibetan Farmers in Mainpat Phendeyling

ཁ་སང་ དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་༸རྒྱལ་དབང་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་ཕ་རན་སིའི་དབེན་པའི་གྲོང་གསེབ་ཞིག་ཏུ་མཇལ་མོལ་མཛད་པར་ད་ཆ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་མི་ཚོས་ཚ་ཚ་འུར་འུར་ངང་བགྲོ་གླེང་དང་ཡིག་ཐོག་ནས་དགའ་བསུའི་འཚམས་འདྲི་ཤུགས་ཆེ་ཞུ་བཞིན་འདུག

དེ་ཡང་ཉིན་ཤས་གོང་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་༸རྒྱལ་དབང་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་ཕ་རན་སིའི་དབེན་པའི་གྲོང་གསེབ་ཞིག་ཏུ་མཇལ་མོལ་གནང་ནས་ཁ་སང་རིན་པོ་ཆེ་མཆོག་རྣམ་གཉིས་ལྷན་རྒྱས་ཀྱིས་གསལ་བསྒྲགས་ཤིག་བསྐྱངས་འདུག་པའི་ནང་ལྷན་རྒྱས་ནས་ད་རེས་དབེན་ཞིང་བག་ཕེབས་པའི་ཁོར་ཡུག་འདིར་མཇལ་འཕྲད་བྱུང་ནས་ཕན་ཚུན་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་བྱུང་བ་དེ་ཤིན་ཏུ་སྐལ་པ་བཟང་ལ་འདི་ནི་ངེས་གཉིས་ཀྱི་ལོ་དུ་མའི་རིང་གི་རེ་བ་ཞིག་ཡིན་པར་ལྟར་ད་ལྟ་མངོན་དུ་གྱུར་པ་ནི་ཤིན་ཏུ་དགའ་སྤྲོ་སྐྱེ་འོས་པའི་ཡུལ་དུ་གྱུར་ཡོད་པ་བཀའ་བསྩལ་འདུག་པ་མ་ཟད། མཇལ་འཕྲད་འདི་ནི་གཙོ་བོ་ཕན་ཚུན་༸སྐུ་སྒེར་གྱི་དབར་རྒྱུས་མངའ་དང་འབྲེལ་འདྲིས་ཡོང་བ་དང་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པ་སྲ་བརྟན་དང་དར་རྒྱས་ཡོང་བའི་ཆེད་མཉམ་དུ་ཕྱག་ལས་གནང་ཕྱོགས་ཇི་དགེའི་སྐོར་དགོངས་ཚུལ་སྤེལ་རེས་དང་བཀའ་བསྡུར་གཏིང་ཟབ་ཏུ་ཡོང་རྒྱུ་བཅས་ཡིན་པ་སོགས་འཁོད་ཡོད་པ་རེད།

བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་བླ་མའི་མཛད་པ་ཁག་སོ་སྐྱེ་ཕལ་པ་ཚོའི་ངོས་ནས་དུས་ནམ་ཡང་ཚོད་དཔག་གནང་དཀའ་བ་ཞིག་ཡིན་ནའང་ད་རེས་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་དེའི་བརྒྱུད་སྒྲུབ་བརྒྱུད་ཀརྨ་ཀཾམ་ཚང་ནང་ཁུལ་གྱི་རྩོད་རྙོག་རྣམས་སེལ་ཐུབ་པའི་རེ་བ་ཞུ་བཞིན་ཡོད་པ་གསུངས་སོང་།

གཞི་རྩའི་ཐེངས་འདིའི་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་མཇལ་མལ་མཛད་པའི་གནད་དོན་དེ་དང་འབྲེལ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གཙོ་གྱུར་དོ་སྣང་ཅན་མང་དག་ཞིག་ནས་ངོ་དེབ་དང་ Twitter ལ་སོགས་པའི་སྤྱི་ཚོགས་ཀྱི་དྲྭ་གནས་ཁག་ཏུ་ཚ་ཚ་འུར་འུར་ངང་བགྲོ་གླེང་དང་ཡིག་ཐོག་ནས་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་ལྟར། འགའ་ཞིག་གིས་མཇལ་མོལ་འདི་ནི་བོད་མི་དང་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོ་གཉིས་ཀྱི་ཐོག་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེ་ཞིག་བསྟན་ཡོད་སྐོར་དང་སྦྲགས་དགའ་བསུ་ཞུས་འདུག་པ་དང་འདི་བཞིན་ཀརྨ་པ་རིན་པོ་ཆེ་རྣམ་གཉིས་མཇལ་མོལ་འདིས་འདས་པའི་ལོ་ཤས་རིང་གི་ཀཾ་ཚང་ནང་ཁུལ་གྱི་གླེང་གཞི་ཞི་འདུམ་ཡོང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་གསུངས་འདུག་མ་ཟད། ལ་ལས་དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་འཚམས་འདྲི་ཞུས་པ་དང་འབྲེལ། ང་ཚོ་ལ་དགོས་པ་ནི་མཐུན་སྒྲིལ་ཡིན་ཞེས་མཆན་འགྲེལ་བཀོད་འདུག དེ་བཞིན་ཁག་ཅིག་གིས་རིན་པོ་ཆེ་རྣམ་གཉིས་མཇལ་འཕྲད་གནང་བར་རྟེན་འབྲེལ་བཟང་ལ་དགེ་འདུན་ཐུགས་མཐུན་ཡོང་བ་དང་། ཆོས་དང་བཀྲིས་འཕེལ་བའི་སྨོན་ལམ་ཡོད་ཅེས་སོགས་མཆན་མང་དག་ཞིག་བཀོད་ནས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།