དེ་རིང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་ནི། དེ་སྔ་ཕྱི་ལོ་ ༡༩༥༩ ལོར་ཆོལ་གསུམ་བོད་མི་ཡོངས་ནས་རྒྱ་དམར་གྱི་བཙན་འཛུལ་ལ་ངོ་རྒོལ་ཆེད་རང་དབང་སྒེར་ལངས་བྱས་ཏེ། མི་ལོ་ཧྲིལ་པོར་ ༦༦ འཁོར་བའི་ཉིན་མོ་ཞིག་ཡིན་པ་དང་བསྟུན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་ཚོགས་པའི་ཁྲོད། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ནས། རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། གཉིས་སྨན་དབུ་མའི་ལམ་གྱི་བརྒྱུད་གྲོས་མོལ་དང་འཚེ་བ་མེད་པའི་སྒོ་ནས་བོད་རྒྱའི་རྩོད་རྙོག་སེལ་བའི་བོད་མིའི་མངོན་འདོད་འདི་རྒྱུ་མཚན་ཡང་དག་དང་ལག་ལེན་བསྟར་རུང་ཞིག་ཡིན་པ་བསྐྱར་ནན་གནང་བ་མ་ཟད། བོད་འདི་བཞིན་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་བསྐྱར་ནན་ཐོག་བོད་རྒྱ་འབྲེལ་མོལ་ཐད་གཉིས་ཕན་གྱི་སྲིད་བྱུས་ལམ་ནས་དཀའ་རྙོག་སེལ་རྒྱུར་ལམ་ལྷོང་མ་བྱུང་ཚེ་དེའི་འགན་འཁྲི་ཡོངས་རྫོགས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་འཁུར་དགོས་པ་ནན་བརྗོད་གནང་སོང་།
དེ་ཡང་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་གཞུང་འབྲེལ་མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོར་ Slovakia སོ་ལོ་ཝ་ཀི་ཡའི་སྲིད་འཛིན་ཟུར་པ་ Andrej Kiska མཆོག་དང་། དམིགས་བསལ་སྐུ་མགྲོན་ཨིས་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་པ་ Juku-Kalle Raid ཡུ་ཀུ་ཀེ་ལེ་རེཌ་མཆོག དེ་བཞིན་ཨིས་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་ཁག་གཅིག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་སྲི་ཞུ་རྣམ་པ། རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷག་པའི་ཆོལ་གསུམ་བོད་མི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་བརྒལ་བ་ནས་ལྷན་ཞུགས་གནང་ཡོད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ཁྲོད། འདས་པའི་མི་ལོ་ ༦༦ རིང་དང་། ལྷག་པར་དུ་ད་ལྟའི་རྒྱ་ནག་གི་དབང་འཛིན་པ་ཚོས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་སྦས་སྐུང་མེད་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་ཟེར་བའི་འོག་བོད་རྒྱ་སྒྱུར་དང་། ཁོར་ཡུག་གཏོར་སྐྱོན་སོགས་ཀྱི་སྲིད་བྱུས་མངོན་སུམ་འཛེམས་མེད་ཀྱི་ལག་བསྟར་དེ་ནི་རང་གཞན་གཉིས་ཕུང་གི་ལས་ཡིན་པ་མི་འགྱངས་བར་ར་སྤྲོད་བྱེད་ངེས་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཇུག་ངོགས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་པ་ནི། གྲོས་མོལ་དང་། འཚེ་བ་མེད་པ། གཉིས་སྨན། ཕུགས་རིང་གི་དཀའ་སེལ་ཐབས་ལམ་བཅས་ལ་བརྟེན་ནས་བོད་རྒྱའི་རྩོད་རྙོག་སེལ་བའི་མངོན་འདོད་འདི་རྒྱུ་མཚན་ཡང་དག་དང་ལག་ལེན་བསྟར་རུང་ཡིན་པར་ཡིད་ཆེས་ཡོད་ཅེས་དང་། བོད་ཀྱི་བདག་པོ་བོད་མི་རིགས་འདིར་སུས་ཀྱང་གཞོམ་གཞིག་མི་ཕོད་པའི་ཆོས་རིག་གི་ཁྱད་ཡོན་དང་། སུས་ཀྱང་སྤ་བཀོང་མི་ནུས་པའི་མི་མང་གི་སེམས་ཤུགས། སུས་ཀྱང་ཚབ་བྱེད་མི་ཐུབ་པའི་བླ་མེད་དབུ་ཁྲིད་ཅིག་ཡོད་ཅེས་ནན་བརྗོད་གནང་སོང་།

དེ་བཞིན་སྲིད་སྐྱོང་མཆོག་གི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་སྟེ། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་སྐོར་རྒྱས་པར་གསུངས་རྗེས། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱིས་༸སྐུའི་གོ་སྟོན་ནས་བཟུང་ལོ་འཁོར་མོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུ་ཡིན་པའི་མགོན་པོ་༸གང་ཉིད་མཆོག་གི་བཞེད་དགོངས་རྣམས་ལ་བོད་མི་དང་དད་ལྡན་རྣམ་པས་སློབ་གཉེར་གནང་གལ་ཡིན་པ་མ་ཟད། རང་དབང་ལུང་པའི་བོད་མི་རྣམས་ནས་དཀའ་ངལ་སྣ་ཚོགས་ཀྱི་ཁྲོད། ཚང་མས་སྙིང་སྟོབས་བསྐྱེད་དེ་སྤྱི་དོན་ཐོག་འབད་བརྩོན་གནང་དགོས་གལ་ཡིན་པའི་དྲན་སྐུལ་གནང་སོང་།

ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་གསུང་བཤད་ཁྲོད། ཕྱི་ལོ་ ༡༩༤༩ ནས་བཟུང་བོད་ནང་རྒྱ་དམར་གཞུང་གིས་བཙན་འཛུལ་དང་བོད་མིས་ངོ་རྒོལ་རིམ་པ་སྤེལ་བའི་དེ་བྱུང་ལོ་རྒྱུས་ཁག་ངོ་སྤྲོད་ཞིབ་རྒྱས་དང་འབྲེལ། ད་ཆ་བོད་ཆོལ་ཁ་གསུམ་གྱི་ཚབ་མཚོན་ཐུབ་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་མུ་མཐུད་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་གནང་བཞིན་ཡོད་སྐོར་གསུངས་བ་མ་ཟད། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པ་བསྐྱར་ནན་དང་འབྲེལ། རྒྱ་གཞུང་གིས་བོད་རྒྱའི་འབྲེལ་ལམ་ཐོག་ལན་དེབས་ཁྲོད། བོད་འདི་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཐེ་ཝན་ནི་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཡོངས་ཁྱབ་ཁས་ལེན་བྱ་དགོས་པ་སོགས་ཀྱི་དོན་དངོས་དང་མི་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་བཏོན་བཞིན་པ་དག་ཁས་ལེན་ནམ་ཡང་བྱ་ཐབས་མེད་པ་མ་ཟད། དེ་འདྲའི་ཆ་རྐྱེན་མུ་མཐུད་བཏོན་ནས་བོད་རྒྱ་འབྲེལ་མོལ་ཐད་བར་ཆད་ཀྱིས་གཉིས་ཕན་གྱི་སྲིད་བྱུས་ལམ་ལྷོང་མ་བྱུང་ཚེ་དེའི་འགན་འཁྲི་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་འཁུར་དགོས་པ་ནན་བརྗོད་གནང་སོང་།

ལྷག་པར་ད་བར་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ད་ཆ་འཛམ་གླིང་གི་ཆབ་སྲིད་འགྱུར་འགྲོས་ཧ་ཅང་མྱུར་པོ་ཡོད་པར་བརྟེན། རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་དང་བོད་མིར་ཕན་པའི་དམིགས་བསལ་གོ་སྐབས་བཟང་པོ་རྣམས་དམ་འཛིན་བྱ་ཐུབ་དགོས་པ་དང་། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་སྤྱི་པའི་ལས་དོན་ཐོག་ལྷག་བསམ་དང་ནུས་པ་ཇི་ཡོད་གནང་ཐབས་བྱ་དགོས་པ་གལ་ཆེ་ཆགས་ཡོད་སྐོར་གསུངས་སོང་།

མ་ཟད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ Slovakia སོ་ལོ་ཝ་ཀི་ཡའི་སྲིད་འཛིན་ཟུར་པ་ Andrej Kiska མཆོག་གིས་སོལོ་ཝ་ཀི་ཡའི་རྒྱལ་ཁབ་འདི་བཞིན་དེ་སྔོན་ཨུ་རུ་སུའི་དམར་པོའི་རིང་ལུགས་ཀྱི་འོག་མནར་གཅོད་མྱངས་བའི་ལོ་རྒྱུས་ཁག་དྲན་གསོ་དང་འབྲེལ། རྒྱ་ནག་དང་ཨུ་རུ་སུ་གཉིས་བར་ཁྱད་པར་གང་ཡང་མེད་ཅིང་། བོད་འདི་བཞིན་ས་ཆའི་མིང་ཙམ་མིན་པར་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་མོས་རྡོག་རོལ་གཏོང་ཡུལ་དཔེ་མཚོན་ཞིག་ཡིན་པ་ནན་བརྗོད་ཀྱིས། བོད་པའི་མི་རབས་གཞོན་པ་ཚོས་རེ་བ་ནམ་ཡང་བརླག་རྒྱུ་མེད་པ་དང་། སྙིང་རྗེ་དང་དྲང་བདེན་ལྡན་པའི་རང་མི་རིགས་ཀྱི་ཁྱད་ནོར་རྣམས་བདག་སྲུང་བྱ་དགོས་པ་མ་ཟད། མྱུར་དུ་བོད་ལ་ལོག་ཐུབ་པའི་སྨོན་འདུན་ཐོག་བོད་མི་རྣམས་ཁྱེར་རྐྱང་མ་རེད་ཅེས་རྒྱབ་སྐྱོར་ཀྱི་རྣམ་པ་མངོན་གསལ་གནང་སོང་།

དམིགས་བསལ་སྐུ་མགྲོན་ཨིས་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་པ་ Juku-Kalle Raid ཡུ་ཀུ་ཀེ་ལེ་རེཌ་མཆོག་གིས་ཀྱང་། ཨ་རུ་སུའི་དམར་པོའི་རིང་ལུགས་ཀྱི་ལོ་རྒྱུས་བསྐྱར་བཤད་དང་འབྲེལ། རྒྱ་གཞུང་གི་བཙན་གནོན་འོག་བོད་མི་གྲངས་ས་ཡ་ ༡་༢ ཚེ་སྲོག་ཤོར་ཡོད་པ་གདུང་སེམས་མཉམ་བསྐྱེད་ཐོག བོད་མི་རྣམ་པའི་དཀའ་སྡུག་ང་ཚོས་ཚོར་ཐུབ་ཀྱི་འདུག་ཅེས་དང་། བོད་མི་རིགས་འདི་བཞིན་བོད་མི་རང་གིས་སྲུང་སྐྱོབ་དགོས་གལ་དང་། སོ་སོའི་མངོན་འདོད་གང་ཡིན་གསལ་པོར་ཤེས་དགོས་ཤིང་། ད་ལྟའི་རྒྱ་གཞུང་དང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་འཐབ་བརྩོད་བྱེད་བཞིན་པ་དེ་ལའང་བསམ་བློ་གཏོང་དགོས་པ་མ་ཟད། དམར་པོའི་རིང་ལུགས་དེ་དག་ངེས་པར་དུ་ཚར་གཅོད་དགོས་པ་རེད་ཅེས་མཐར་བོད་རྒྱལ་ལོ་ཞེས་སྐད་ཤུགས་ཆེན་པོས་འབོད་སོང་།




