Tibetan Royal Year of 2151 | Year of the Wood Dragon

བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པར་མངོན་གསལ།

Tibetan News Headlines

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་གཉིས་དང་གླེང་མོལ། 

Sunday 21/04/2024

  • Continuing Tradition: Meet the second Generation Tibetan Farmers in Mainpat Phendeyling

རྒྱ་ནག་གཞུང་གིས་འགོ་ཁྲིད་ཁག་ཅིག་བོད་ཀྱི་ས་ཁུལ་ཁག་ཏུ་ཆེད་མངགས་བཏང་ནས་ས་གནས་ཀྱི་འབྲེལ་ཡོད་འགོ་ཁྲིད་གཙོས་མི་མང་རྣམས་ལ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་གྱི་སྲིད་བྱུས་ཁྲིམས་སྲོལ་ཟེར་བའི་སྐོར་ལ་གོ་རྟོགས་ཀྱི་ལས་གཞི་སོགས་སྤེལ་ཏེ་བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པར་མངོན་གསལ་གནང་ཡོད།
ཁ་སང་ཨ་རི་ནང་རྟེན་གཞི་བྱས་པའི་ Human Rights Watch ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བར་ཉེ་ཆར་ཕྱི་ཟླ་ ༡༡ གི་ཟླ་མཇུག་ཙམ་ལ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་འགོ་ཁྲིད་ཁག་ཅིག་བོད་སོག་རྫོང་ཁུལ་གྱི་གཡག་ལ་གྲོང་རྡལ་དང་ཧྲོག་རྟ་ཤང་། ར་བ་ཤང་བཅས་སུ་བསྐྱོད་དེ་གྲོང་རྡལ་དེ་དག་གི་འབྲེལ་ཡོད་འགོ་ཁྲིད་དང་དགོན་སྡེ་ཁག་གི་གནད་ཡོད་མི་སྣ། གྲོང་ཚོའི་ལས་བྱེད་དང་ས་གནས་ཀྱི་ཉེན་རྟོག་པ། སློབ་གྲྭ་ཁག་གི་དགེ་ལས་སོགས་ཁྱོན་མི་སྣ་ ༡༢༠ ལྷག་ཆེད་བསྐོང་གིས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་གྱི་སྲིད་བྱུས་ཁྲིམས་སྲོལ་ཟེར་བ་དེ་ནི་སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་འགན་ལེན་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ལས་དོན་ཚད་ལྡན་ཡོང་ཐབས་སོགས་ཀྱི་ཡིག་ཆ་གལ་ཆེ་ཞིག་ཡིན་སྟབས། ས་གནས་ཀྱི་འབྲེལ་ཡོད་འགན་འཁུར་བ་རྣམ་པས་གཙོས་པའི་མང་ཚོགས་ཡོངས་ནས་བླ་སྤྲུལ་ཡང་སྲིད་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་བཤད་ཡོད་པར་བཀོད་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ངོས་ནས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་གྱི་སྲིད་བྱུས་ཁྲིམས་སྲོལ་ཟེར་བའི་སྐོར་ལ་གོ་རྟོགས་སྤེལ་བཞིན་པ་དེ་ནི་ས་གནས་ཀྱི་འབྲེལ་ཡོད་འགོ་ཁྲིད་རྣམས་རྒྱ་ནག་གི་ཁྲིམས་སྲོལ་ཐད་ལ་བློ་ཁ་བསྒྱུར་ཏེ་བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་རྣམ་པ་མངོན་གསལ་རེད་ཅེས་གསུངས་ཡོད།
བོད་ཀྱི་ས་ཁུལ་ཁག་ཏུ་ཆོས་ཕྱོགས་ཀྱི་ལས་དོན་ལ་དམ་དྲག་ཤུགས་ཆེར་བྱེད་མཁན་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་གནད་དོན་ལ་ཐེ་བྱུས་བྱས་ཏེ། རྒྱ་ནག་རང་ཉིད་ཀྱི་དགོས་མཁོ་དང་འཚམས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་གྱི་སྲིད་བྱུས་ཁྲིམས་སྲོལ་ཟེར་བ་ཞིག་གཏན་འབེབས་བྱས་པ་མ་ཟད། ད་ཆ་སྲིད་བྱུས་ཁྲིམས་སྲོལ་ཟེར་བ་དེ་བོད་ཀྱི་ས་གནས་ཁག་ཏུ་ཡོངས་གྲགས་ཐོག་ཁྱབ་བསྒྲགས་དང་གོ་རྟོགས་ཀྱི་ལས་གཞི་སྤེལ་བཞིན་པ་དེས་རྒྱ་ནག་གཞུང་ནས་མ་འོངས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལ་ཐེ་བྱུས་བྱ་རྒྱུ་དང་ལྷག་པར་དུ་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་གནས་སྟངས་ཤིག་གི་སྐབས་སུ་རྒྱ་ནག་གཞུང་གི་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་དང་དེ་བཞིན་འཆར་གཞི་གང་ཡོད་པ་རྣམས་ད་ལྟ་ནས་གྲ་སྒྲིག་བྱེད་བཞིན་ཡོད་པ་ཞིག་མཚོན་གྱི་ཡོད་སྐོར་བཀོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་དོན་ཚན་ ༡༤ ཅན་གྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་གྱི་སྲིད་བྱུས་ཁྲིམས་སྲོལ་ཟེར་བ་ཞིག་གཏན་འབེབས་ཀྱིས་ལག་བསྟར་བྱས་པ་ནས་བཟུང་སྟེ་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ཐོག་ལ་ཐེ་བྱུས་བྱེད་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་པ་དང་ལྷག་པར་དུ་ཁྲིམས་སྲོལ་ཡིག་ཆར་གསལ་བའི་བླ་སྤྲུལ་ཡང་སྲིད་རྣམས་ནས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཐོག་ལ་ནུས་པ་སྤུང་རྒྱུ་དང་། བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་སྐབས་རྒྱ་ནག་སྲིད་གཞུང་གི་ཆོག་མཆན་དགོས་པ་སོགས་ཀྱི་ཆ་རྐྱེན་དོན་ཚན་ཁག་སྤྱོད་དེ་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་གི་ལས་དོན་ལ་དམ་དྲག་བྱས་པ་ཙམ་མ་ཟད་གཞི་རིམ་མི་མང་གི་སྤྱི་ཚོགས་ཁྲོད་དུའང་ཆོས་ཀྱི་བྱེད་སྒོ་ལ་ཞུགས་མི་ཆོག་པ་སོགས་ཀྱི་བཀོད་ཁྱབ་བཏང་བའི་གནས་སྟངས་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།