མེསྶི་ཡིས་ད་བར་སྤོ་ལོ་མང་ཤོས་བླུགས་པའི་འཛམ་གླིང་ནང་ཟིན་ཐོ་གསར་པ་ཞིག་བཀོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་རྩོད་རྙོག་དང་དེ་སྔོན་ཕྱི་ལོ་ ༢༠༢༤ ལོར་ཧོང་ཀོང་ནང་དུ་འཚོགས་པའི་རྩེད་འགྲན་ལ་གཞིགས་ཏེ། གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་རྒྱུར་བཀག་འགོག་བྱས་ཡོད་པ་རེད་འདུག

དེ་ཡང་ད་ལྟའི་ཆར་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ FIFA World Cup རྐང་རྩེད་སྤོ་ལོའི་འགྲན་སྡུར་བྱེད་བཞིན་པའི་ཁྲོད། འདི་ཚེས་ ༢༢ ཉིན་འཛམ་གླིང་ཁྱོན་ཡོངས་སུ་སྙན་གྲགས་ཆེ་བའི་རྩེད་འགྲན་པ་རང་ལོ་ ༣༨ ལ་སོན་པའི་ Argentina ཨར་ཇིན་ཊི་ནཱའི་རུ་དཔོན་ Lionel Messi ལི་ཡོ་ནཱལ་མེསྶི་ཡིས་ Austria ཨོ་སི་ཊི་ཡ་དང་ལྷན་དུ་རྩེད་འགྲན་སྐབས། སྤོ་ལོ་ ༢ བླུགས་ཡོད་པ་དང་། ཁྱོན་བསྡོམས་ད་བར་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཁྲོད་སྤོ་ལོ་ ༡༨ བླུགས་ཏེ་ཟིན་ཐོ་གསར་པ་ཞིག་བཀོད་ཡོད་ཀྱང་། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ CCTV རྩེད་རིགས་གནས་ཚུལ་ཚན་པས་དེ་འབྲེལ་གནས་ཚུལ་བཀག་འགོག་གིས་དེ་ཙམ་གྱི་འགོད་སྤེལ་བྱས་མེད་པ་རེད་འདུག
འོན་ཀྱང་འདི་ཚེས་ ༡༦ ཉིན་ Algeria ཨེལ་ཇི་རི་ཡའི་དང་ལྷན་དུ་རྩེད་འགྲན་སྐབས་མེསྶི་ཡིས་སྤོ་ལོ་ ༣ བླུགས་ཏེ། ད་བར་སྤོ་ལོ་ ༡༦ བླུགས་པའི་འཛམ་གླིང་གི་ཟིན་ཐོར་བཀོད་མཁན་འཇར་མ་ནིའི་རྩེད་འགྲན་པ་ Miroslav Klose མི་རོས་ལེབ་ཀོ་ལོ་སི་དང་འདྲ་མཉམ་ཆགས་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ CCTV དང་དེའི་རྩེད་རིགས་གནས་ཚུལ་ཚན་པས་སྤྱི་ཚོགས་དྲྭ་རྒྱའི་སྟེང་། མེསྶི་ལྷར་བརྩི་བ་ནི་ལྷ་ལ་བསྟོད་བསྔགས་རེད་ཅེས་བྲིས་ཏེ་བསྟོད་བསྔགས་བཏང་ཡོད་ཀྱང་། ཚེས་ ༡༨ ཉིན་བརྒྱུད་ལམ་དེ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་དྲྭ་རྒྱའི་ཁ་བྱང་སོགས་ནས་ཁོང་དང་འབྲེལ་བའི་གནས་ཚུལ་རྣམས་བསུབ་པ་དང་འཚོལ་ཞིབ་བྱེད་ཁག་པོར་གྱུར་ཡོད་པ་མ་ཟད། མེསྶི་ལ་དགའ་མོས་བྱེད་མཁན་རྒྱ་རིགས་དེ་དག་གིས་དོ་སྣང་བྱུང་བ་ཞིག་ལ་རྩེད་འགྲན་སྐབས་དེ་སྔོན་ལྟར། ཁོང་ལ་དམིགས་སུ་བཀར་ནས་བརྙན་ཐུང་ལེན་པ་དང་སྤོ་ལོ་བླུགས་རྗེས་དགའ་བསུའི་བཤད་པ་ཉུང་དུ་འགྲོ་ཡོད་པ་འགྲེལ་བརྗོད་བྱས་འདུག

རྩ་བའི་ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ནང་ཧོང་ཀོང་ནང་དུ་ Hong Kong League XI དང་ Inter Miami ཨིན་ཊར་མི་ཡ་མི་རུ་ཁག་བར་ Friendly Match འམ་མཛའ་མཐུན་གྱི་རྩེད་འགྲན་ཞིག་འཚོགས་ཡོད་པ་དང་། སྐབས་དེར་ Inter Miami ཨིན་ཊར་མི་ཡ་མི་རུ་ཁག་ནང་མེསྶི་རྩེད་འགྲན་གནང་གི་ཡོད་པའི་གནད་དོན་དང་འབྲེལ་ནས་ཁོང་ལ་དགའ་མོས་བྱེད་མཁན་རྒྱ་རིགས་ཁྲི་ཕྲག་མང་པོས་འཛིན་བྱང་ཉོས་ཡོད་པ་དེ་ལྟར་ཡང་། མེསྶི་ལ་རྨས་སྐྱོན་ཕོག་པའི་རྒྱུ་མཚན་བགྲང་ནས་རྩེད་འགྲན་གྱི་དུས་ཚོད་ཡོངས་རྫོགས་ཟུར་དུ་བསྡད་ཡོད་སྟབས། མི་མང་པོ་ཞིག་བློ་ཕམ་བྱུང་ཡོད་པ་དང་། ཉིན་ཤས་རྗེས་ལ་ཉི་འོང་ནང་དུ་རྩེད་འགྲན་སྐབས་མེསྶི་མཉམ་ཞུགས་བྱས་ཡོད་པར་གནད་དོན་དེས་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོའི་ནང་ཁོང་ལ་དགའ་མོས་བྱེད་མཁན་ཁྲོད་ཁོང་ཁྲོ་སློང་གཞི་ཞིག་ཏུ་གྱུར་ཡོད་པ་རེད།
མ་ཟད་ཧོང་ཀོང་གི་གཙོ་འཛིན་ John Lee ཇོན་ལི་ཟེར་བ་དེས་དེ་ནི་ཧ་ཅང་བློ་ཕམ་ཡིན་པ་དང་། རྒྱ་ནག་གཞུང་དང་འབྲེལ་བའི་བརྒྱུད་ལམ་ Global Times ནས་བྱ་སྤྱོད་དེར་ཆབ་སྲིད་ཀྱི་ཀུན་སློང་མེད་པ་བརྗོད་མི་ཐུབ་པ་དང་། ཕྱི་རོལ་གྱི་ཤུགས་རྐྱེན་ལས་ཧོང་ཀོང་ལ་ངོ་ཚ་ཁ་སྐྱེངས་བཟོ་ཐབས་བྱས་ཡོད་པར་བསམ་འཆར་བཏོན་ཡོད། དེའི་རྗེས་མེསྶི་ཡིས་སྐབས་དེར་རྩེད་འགྲན་མཉམ་ཞུགས་བྱས་མ་ཐུབ་པ་དེ་ནི་རྨས་སྐྱོན་ཕོག་པ་ལས་ཆབ་སྲིད་དང་འབྲེལ་བའི་རྒྱུ་མཚན་གང་ཡང་མེད་ཅེས་བརྗོད་ཡོད་པ་རེད།
གཞི་རྩའི་རྒྱ་ནག་གི་རྒྱལ་སྤྱིའི་རྩེད་འགྲན་དང་འབྲེལ་ནས་བྱ་འགུལ་དེའི་རིགས་སྤེལ་མྱོང་ཡོད་པའི་ཁྲོད། དེ་སྔོན་ཕྱི་ལོ་ ༢༠༡༩ ལོར་སིལ་སྤོལ་རྩེད་འགྲན་ NBA ཡིས་སྐབས་དེའི་སྤྱི་ཁྱབ་འགན་འཛིན་ Daryl Morey ལགས་ཀྱིས་ཧོང་ཀོང་ནང་གི་ངོ་རྒོལ་བ་རྣམས་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་བྱས་སྐབས། CCTV ནས་དེ་འབྲེལ་རྩེད་འགྲན་རྒྱང་སྲིང་བྱ་རྒྱུ་བཀག་འགོག་བྱས་ཡོད་པ་རེད། ད་ཆ་མེསྶི་ཡི་གནད་དོན་དང་འབྲེལ་གཞུང་འབྲེལ་གྱི་བཀག་སྡོམ་བཀོད་ཁྱབ་མེད་ཀྱང་། རྒྱ་ནག་ནང་ཤུགས་རྐྱེན་ཆེ་བའི་བརྒྱུད་ལམ་ཁག་ཏུ་ཁོང་གི་སྐོར་ལ་གནས་ཚུལ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད་འདུག




