རྒྱ་ནག
རྒྱ་གཞུང་གིས་རང་གི་ལྟ་སྤྱོད་མི་མཐུན་པ་རྣམས་འཛིན་བཟུང་ཆེད་དུ་རྒྱལ་སྤྱིའི་སྐོར་སྲུང་སྒྲིག་འཛུགས་བེད་སྤྱོད་ལོག་པ་བྱེད་བཞིན་པ།
ཧོང་ཀོང་ནང་དུ་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཐེངས་ ༩༤ དེ་འཚོགས་འཆར་དང་འབྲེལ་ཨིན་ཡུལ་གྱི་ཁྲིམས་རྩོད་པ་གྲགས་ཅན་ཞིག་གིས། རྒྱ་ནག་གཞུང་གིས་རང་གི་ལྟ་སྤྱིད་མི་མཐུན་པ་རྣམས་འཛིན་བཟུང་ཆེད་དུ་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་རེ་སྐུལ་ཞུས་ཏེ། སྒྲིག་འཛུགས་དེ་ཉིད་ཀྱི་ཚོགས་མི་རྒྱལ་ཁབ་སྤྱི་ལ་ཁྱབ་པའི་ཉེན་བརྡའི་བཀོད་ཁྱབ་དེ་བེད་སྤྱོད་ལོག་པ་བྱེད་བཞིན་ཡོད་པ་ཐེར་འདོན་གནང་འདུག
ཟླ་བ་འདིའི་ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༣ བར་ཧོང་ཀོང་ནང་དུ་ Interpol General Assembly རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༤ དེ་འཚོགས་འཆར་ཡོད་པ་དང་། ལྷན་ཚོགས་དེའི་ཧོང་ཀོང་ནང་དུ་ཐེངས་དང་པོ་ཆགས་ཀྱི་ཡོད་ཅིང་། འཛམ་གླིང་གི་རྒྱལ་ཁབ་ ༡༩༦ གི་སྐོར་སྲུང་སམ་ཉེན་རྟོག་དཔོན་རིགས་རྣམས་མཉམ་ཞུགས་བྱ་རྒྱུ་དང་། རྒྱལ་སྤྱིའི་སྐོར་སྲུང་བའི་སྲིད་བྱུས་གཏན་འབེབས་བྱ་རྒྱུ་མཚོན་པའི་འགན་འཁྲི་དང་འབྲེལ་བའི་གྲོས་ཆོད་འཇོག་རྒྱུ། དེ་བཞིན་སྔོན་རྩིས་གཏན་འབེབས་སོགས་ཀྱི་ལས་དོན་གནང་གི་ཡོད་པ་རེད།
རྩ་བའི་སྒྲིག་འཛུགས་དེ་ལ་མཚོན་ན་ཚོགས་མི་རྒྱལ་ཁབ་ཚོས་རེ་སྐུལ་ཞུས་པ་ལྟར། ནག་ཉེས་ཅན་རྩིས་སྤྲོད་དང་མགོ་བཏགས་ཞུས་པ། ཡང་ན་ཁྲིམས་ཐོག་ནས་འཇུ་བཟུང་དང་། འབྲེལ་ཡོད་མི་དེ་གང་དུ་ཡོད་མེད་ཀྱི་རྩད་ཞིབ་དང་དོ་དམ་བྱ་རྒྱུ་ཆེད་དུ་ Red Notice འམ་ཉེན་བརྡའི་བཀོད་ཁྱབ་གཏང་རྒྱུའི་དབང་ཚད་ཡོད་པ་དང་། བཀོད་ཁྱབ་དེ་ཡང་རེ་སྐུལ་ཞུ་མཁན་རྒྱལ་ཁབ་དེའི་ཁྲིམས་ལུགས་དབང་འཛིན་པས་འཛིན་བཟུང་བཀོད་ཁྱབ་དང་ཁྲིམས་ཁང་གི་བཀའ་རྒྱ་ལ་གཞི་བཅོལ་དགོས་ཀྱི་ཡོད་པ་རེད། འོན་ཀྱང་དེ་འབྲེལ་ལག་བསྟར་བྱེད་མིན་ནི་རྒྱལ་ཁབ་སོ་སོས་ཁྲིམས་ལ་རག་ལུས་ཀྱི་ཡོད་པ་མ་ཟད། རེ་སྐུལ་དེ་དག་ཆབ་སྲིད་དང་དམག་དོན། ཆོས་ལུགས། མི་རིགས་ཀྱི་གནད་དོན་རང་བཞིན་ཅན་ཞིག་མིན་པ་ཡིན་དགོས།
དེ་ཡང་ Guardian གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་། ཨིན་ཡུལ་གྱི་ཁྲིམས་རྩོད་པ་གྲགས་ཅན་དང་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་སྒྲིག་འཛུགས་དེའི་ Red Notice འམ་ཉེན་བརྡའི་བཀོད་ཁྱབ་ཀྱི་གནད་དོན་ཐོག་ཆེད་མཁས་པ་ Ben Keith བེན་ཀིཐ་ལགས་ཀྱིས། ཁོང་ད་ལྟའི་ཆར་ཨིན་ཡུལ་ནང་དུ་གནས་སྡོད་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ལྔའི་གནད་དོན་དང་འབྲེལ་ནས་ལས་དོན་གནང་བཞིན་ཡོད་ཅིང་། ལས་དོན་ཁྲོད་རྒྱ་ནག་གིས་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ལ་མི་སྣ་ལྔ་པོ་དེ་དག་དང་འབྲེལ་བའི་ཉེན་བརྡའི་བཀོད་ཁྱབ་གཏོང་དགོས་པའི་དོགས་གཞི་ཅན་གྱི་རེ་སྐུལ་བྱས་ཡོད་པ་ཐེར་འདོན་གནང་འདུག
ཁོང་གིས་ད་དུང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་དུ་ལྷན་ཚོགས་དེ་ཉིད་ཀྱི་ Law Enforcement Organisation འམ་ཁྲིམས་སྒྲིག་ལག་བསྟར་ཚན་པའི་འབྲེལ་ཡོད་མི་སྣར་འབྲེལ་གཏུག་བྱས་ཏེ། རྒྱ་ནག་གཞུང་ནས་སྒྲིག་འཛུགས་དེར་མི་སྣ་ལྔ་པོ་དང་འབྲེལ་བའི་ཉེན་བརྡའི་བཀོད་ཁྱབ་གཏང་དགོས་པའི་རེ་སྐུལ་ཞུས་ཡོད་མེད་བཀའ་འདྲི་ཞུས་པར། ཕྱི་ཟླ་ ༡༠ པའི་ནང་དེ་འབྲེལ་ལན་འདེབས་ཁྲོད། དངོས་འབྲེལ་གནས་ཚུལ་གང་ཡང་བརྒྱུད་སྐུལ་བྱས་མེད་སྟབས། སྒྲིག་འཛུགས་དེར་རྒྱ་ནག་གཞུང་གིས་རེ་སྐུལ་ཞུས་ཡོད་སྲིད་པའི་སེམས་འཚབ་མངོན་གསལ་གནང་འདུག
ཁོང་གིས་ད་དུང་། གལ་སྲིད་སྒྲིག་འཛུགས་དེར་དེ་འབྲེལ་གནས་ཚུལ་མེད་ན་མེད་ཅེས་བརྗོད་དགོས་རྒྱུ་དང་། གལ་སྲིད་གནས་ཚུལ་ཡོད་ཚེ་ལན་འདེབས་བྱས་པ་ལ་ཧོང་ཀོང་ནས་བཀའ་འཁྲོལ་ཐོབ་དགོས་ཀྱི་ཡོད་ཚུལ་ཟུར་ཟ་དང་འབྲེལ། ད་བར་དུས་ཡུན་གང་འཚམ་ཕྱིན་ཡོད་ཅིང་། སྒྲིག་འཛུགས་དེར་མི་སྣ་དེ་དག་སྐོར་ལ་གནས་ཚུལ་ཡོད་སྲིད་པར་དེ་ནི་འཇིགས་སྣང་སྐྱེ་གཞི་ཞིག་རེད་ཅེས་བརྗོད་འདུག
ཉེ་བའི་ལོ་ཤས་ནང་ཨིན་ཡུལ་ནང་དུ་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་མང་པོ་ཞིག་བྲོས་བྱོལ་དུ་སླེབས་ཏེ། ཡུལ་དེ་གའི་མི་སེར་ལག་འཁྱེར་བླངས་ཡོད་པ་དེ་ལྟར་ཡང་། དེས་ཨིན་ཡུལ་ཕྱི་ལ་བསྐྱོད་ཚེ་ Interpol’s Red Notice འམ་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་སྒྲིག་འཛུགས་དེའི་ཚོགས་མི་རྒྱལ་ཁབ་སྤྱི་ལ་ཁྱབ་པའི་ཉེན་བརྡའི་བཀོད་ཁྱབ་དེ་ལས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པ་མ་ཟད། རྒྱ་ནག་ནང་དུ་ཕྱིར་སློག་བྱེད་སྲིད་པའི་ཉེན་ཁ་ཡོད་པ་དང་། ལྷག་པར་ཞི་ཅིན་ཕིང་གི་འོག་ཏུ་རྒྱ་ཁྱབ་ཆེན་པོའི་ཐོག་ནས་བྱས་པ་ཤིག་ཆགས་ཀྱི་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་སློབ་སྟོན་པ་ཨིན་ཡུལ་གྱི་ཁྲིམས་རྩོད་པ་གྲགས་ཅན་ Ben Keith དང་ Rhys Davies གཉིས་ཀྱིས་ Red Notice Trap འམ་ཉེན་བརྡའི་བཀོད་ཁྱབ་ཀྱི་དྲ་བ་ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོ་དེའི་ནང་ཁྲིམས་ཁང་གི་དཔྱད་ཁྲ་དང་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་སྒྲིག་འཛུགས་ཀྱི་ཡིག་ཆ། དེ་བཞིན་རྒྱ་ཡིག་ཐོག་ཡོད་པའི་གཞུང་འབྲེལ་ཡིག་ཆ་དེ་དག་ལ་ཞིབ་འཇུག་བྱས་རྗེས། རྒྱ་ནག་གིས་དེ་གའི་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཁ་འགོག་ཐབས་དང་རྒྱ་ནག་ནང་དུ་ཕྱིར་སློག་བྱ་ཐབས་ཀྱི་ལས་འགུལ་ཁྲོད་སྒྲིག་འཛུགས་དེའི་ཉེན་བརྡའི་བཀོད་ཁྱབ་ཇི་ལྟར་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་གསལ་སྟོན་བྱས་ཡོད་པ་རེད།
ལྷག་པར་སྙན་ཐོ་དེའི་ནང་། དེ་སྔོན་ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༧ པའི་ནང་ཡུ་གུར་གྱི་ལས་འགུལ་བ་ Yidiresi Aishan ཡི་དི་རེ་ཤི་ཨའེ་ཤཱན་ལགས་ Turkey ཏུར་ཀི་ནས་ Moroco མོ་རོ་ཀོ་རྒྱལ་ཁབ་ཀྱི་ Casablanca ཁེ་སཱ་བེ་ལེན་ཀ་གནམ་ཐང་དུ་འབྱོར་སྐབས་ཡུལ་དེ་གའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་དེ་ཡང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་རེ་སྐུལ་ཞུས་རྗེས་སྒྲིག་འཛུགས་དེའི་ཉེན་བརྡའི་བཀོད་ཁྱབ་འོག་བྱས་པ་ཞིག་ཡིན་པ་མ་ཟད། ཁོང་འཛིན་བཟུང་བྱས་པའི་བདུན་ཕྲག་གཉིས་ནང་ཚུད་ལ་སྒྲིག་འཛུགས་དེས་ཉེན་བརྡའི་བརྡ་ཁྱབ་ཕྱིར་བསྡུ་བྱས་ཡོད་པ་དེ་ལྟར་ཡང་། ལོ་དེའི་ཕྱི་ཟླ་ ༡༢ ནང་མོ་རོ་ཀོ་ཁྲིམས་ལུགས་དབང་འཛིན་པས་ཁོང་རྒྱ་ནག་ལ་ཕྱིར་སློག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད་འདུག །སྐབས་དེར་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་ཐབས་ཚོགས་ཆུང་ངོས་ནས་ཕྱིར་སློག་བྱ་རྒྱུའི་གནད་དོན་དེ་ནི་ཚོགས་ཆུང་གི་ཁྲིམས་ཡིག་དོན་ཚན་ ༣ པ་དང་འགལ་གྱི་ཡོད་པ་གསལ་སྟོན་རྗེས། མོ་རོ་ཀོ་གཞུང་ནས་ཁོང་ཕྱིར་སློག་བྱས་མེད་ཀྱང་། ཕྱི་ལོ་ ༢༠༢༥ ཟླ་ ༢ པའི་བར་ལོ་གསུམ་ལྷག་ཡུ་གུར་གྱི་ལས་འགུལ་བ་ཁོང་ཡུལ་དེ་གའི་ནང་དུ་བཙོན་འཇུག་བྱས་ཡོད་པ་གསལ་སྟོན་གནང་ཡོད།
མ་ཟད་ལྷན་ཚོགས་དེའི་ངོས་ནས་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་འཛུགས་དེ་དང་འབྲེལ་བའི་ལྟ་སྐུལ་ཁྲིམས་ལུགས་ཐད་ལག་བསྟར་བྱེད་ཕྱོགས་ལ་བསྐྱར་བཅོས་བྱས་པའི་སྐབས། རྒྱ་ནག་གིས་སྒྲིག་འཛུགས་དེར་ཉེན་བརྡའི་བཀོད་ཁྱབ་གཏང་དགོས་པའི་རེ་སྐུལ་དེ་ནི་རྒྱ་ནག་ཕྱི་ལ་བྲོས་བྱོལ་དུ་ཡོང་མཁན་ཚོ་ཕྱིར་སློག་བྱ་རུ་འཇུག་པའི་ཆེད་དུ་བེད་སྤྱོད་ལོག་པ་གཏོང་བཞིན་ཡོད་པ་ཐེར་འདོན་གནང་འདུག
གཞི་རྩའི་ཁྲིམས་རྩོད་པ་ Ben Keith བེན་ཀིཐ་ལགས་ཀྱིས། ཧོང་ཀོང་ནང་དུ་རྒྱལ་སྤྱིའི་སྐོར་སྲུང་བའི་ལྷན་ཚོགས་གོ་སྒྲིག་དེའི་བརྒྱུད། རྒྱ་ནག་གིས་སྒྲིག་འཛུགས་དེར་ཉེན་བརྡའི་བཀོད་ཁྱབ་ཀྱི་རེ་སྐུལ་ཧ་ཅང་མང་པོ་བྱས་པ་དང་། འབྲེལ་ཡོད་མི་སྣ་རྣམས་རྒྱ་ནག་ནང་དུ་ཕྱིར་སློག་བྱ་རྒྱུའི་རེ་སྐུལ་དེ་དག་ཆབ་སྲིད་ཀྱི་ཀུན་ནས་སློང་བ་ཞིག་ཆགས་ཀྱི་ཡོད་སྟབས། གནད་དོན་དེ་སྦས་སྐུང་དང་མིང་ཆད་ངན་པ་དག་སེལ་ཆེད་དུ་གོ་སྐབས་ཤིག་སྤྲད་ཡོད་ཅེས་སྐྱོན་བརྗོད་བྱས་འདུག
རྒྱ་མི་ཉེན་རྟོག་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་རྔོན་བཞིན་པར་ས་གནས་བོད་མིས་ངོ་རྒོལ།
རྒྱ་གཞུང་གི་ཕྱེ་བའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་། སྨད་ཐ་ཡུལ་ཚོའི་རྩྭ་ཐང་ས་ཁུལ་དུ་ཟླ་བ་སྔོན་མར་རྒྱ་མི་ཉེན་རྟོག་པ་ ༤ ཡིས་ཉེན་རྟོག་པའི་མོ་ཊ་ཁྱེར་ནས་རྩྭ་ཐང་དུ་སྟོང་ལ་ཉེ་བའི་རི་དྭགས་སེམས་ཅན་ Tibetan Gazelle འམ་རྒོ་བ་རྔོན་བཞིན་པ་ས་གནས་བོད་མིའི་ཤེས་རྟོགས་བྱུང་སྟེ། ཁོང་ཚོར་བཀག་འགོག་བྱས་པར་ཉེན་རྟོག་པ་དེ་དག་ལི་ཐང་ངོས་སུ་བྲོས་ཕྱིན་པའི་རྗེས་སུ། བོད་མི་ཚོའི་ས་གནས་སྲིད་གཞུང་གི་ལས་ཁུངས་སུ་ཕྱིན་ཏེ། ཉེན་རྟོག་པ་དེ་དག་གི་ཁྲིམས་འགལ་བྱ་སྤྱོད་ལ་ངོ་རྒོལ་བྱས་ཀྱང་། ས་གནས་སྲིད་གཞུང་གིས་བོད་མིའི་ངོ་རྒོལ་ལ་དང་ལེན་བྱེད་རྒྱུ་ལས་ལྡོག་སྟེ། གནས་ཚུལ་དེ་ཕྱིར་བསྒྲགས་བྱ་རྒྱུ་མེད་པའི་དམ་དྲག་བྱས་ཡོད་པ་རེད་འདུག
དེ་ཡང་ཁ་སང་ཨ་རིའི་རྒྱལ་ས་ Washington DC ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་ནས་ལག་སོན་བྱུང་བའི་དཔར་དང་བརྙན་ཐུང་འདོན་སྤེལ་གནང་བ་དང་སྦྲགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཕྱི་ཟླ་ ༡༠ པའི་ཟླ་མཇུག་ཏུ་ཉག་ཆུ་སྨད་ཐ་ཡུལ་ཚོའི་རྩ་ཐང་ཁུལ་དུ་ཉིན་གྲངས་ ༢ ཙམ་གྱི་རིང་ལ་མེ་མདའི་སྒྲ་དང་སྦྲགས་ནས་ཁུལ་དེའི་སྟོང་ལ་ཉེ་བའི་རི་བདག་རྒོ་བ་རྔོན་པས་རྗེས་སུ། ཕྱི་ཟླ་ ༡༠ པའི་ཚེས་ ༢༤ ཉིན་ས་གནས་ཡུལ་མི་ཚོ་ས་ཁུལ་དུ་དངོས་སུ་རྟོག་ཞིབ་ཆེད་བསྐྱོད་ནས་མོ་ཊ་རྗེས་འདེད་གཏོང་སྐབས། རི་དྭགས་རྔོན་མཁན་རྒྱ་མི་ཉེན་རྟོག་པ་ ༤ ཡིན་པ་དང་། དེའང་ཉེན་རྟོག་པའི་མོ་ཊ་ཁྱེར་ནས་རྔོན་བཞིན་པ་མངོན་གསལ་བྱུང་ཡོད་པ་དང་། ས་གནས་བོད་མི་རྣམས་ཀྱི་ཉེན་རྟོག་པ་དེ་དག་གི་འགྲམ་དུ་བསྐྱོད་ནས་དེ་ལྟར་བྱ་རྒྱུ་མེད་པའི་བཀག་འགོག་བྱས་སྐབས། ཉེན་རྟོག་པ་དེ་དག་ལི་ཐང་ཕྱོགས་སུ་བྲོས་བྱོལ་ལ་ཕྱིན་ཡོད་པ་རེད་འདུག
དེ་རྗེས་བོད་མི་རྣམས་ནས་ཉག་ཆུ་རྫོང་ལས་ཁུངས་སུ་བསྐྱོད་དེ་ཉེན་རྟོག་པས་ཁྲིམས་འགལ་གྱི་རི་དྭགས་རྔོན་བཞིན་པའི་གནད་དོན་སྐོར་སྙན་སེང་ཞུས་ཏེ་ཁྲིམས་ལྟར་ལག་ལེན་བསྟར་དགོས་པའི་རེ་འབོད་བྱས་ཀྱང་། རྫོང་གི་ལས་བྱེད་པས་བོད་མིའི་རེ་འདུན་ལ་དང་ལེན་བྱ་རྒྱུ་ལས་ལྡོག་སྟེ་བོད་མི་རྣམས་ལ་ལག་ཐོག་ཁ་པར་ནས་བླངས་པའི་དཔར་དང་བརྙན་ཐུང་རྣམས་ནག་གསུབ་གཏང་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད་འདུག །མ་ཟད་དེའི་ཕྱི་ཉིན་ WeChat སྐད་འཕྲིན་ཐོག་གནད་དོན་དེ་དག་འབྲེལ་བའི་བརྙན་དཔར་བརྒྱུད་སྤེལ་བྱེད་མཁན་རྣམས་ལ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུའི་སྡིགས་ར་སྐུལ་ཏེ། སྐད་འཕྲིན་ཐོག་གི་དཔར་དང་བརྙན་ཐུང་རྣམས་ཀྱང་ནག་གསུབ་གཏང་དགོས་པའི་བཙན་བཀའ་བཏང་འདུག
རྩ་བའི་བོད་མཐོ་སྒང་ཐོག་འཚོ་བཞིན་པའི་རྒོ་བ་ཞེས་པའི་སེམས་ཅན་དེ་ནི་ International Union for Conservation of Nature འམ་ IUCN ཞེས་པའི་རྒྱལ་སྤྱིའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་དང་། རྒྱ་ནག་གི་རི་དྭགས་སེམས་ཅན་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་སྒྲིག་གི་དོན་ཚན་ ༦ པའི་ནང་གསལ་སྟོང་ལ་ཉེ་བའི་རི་དྭགས་སེམས་ཅན་ཁོངས་སུ་མིང་འདོན་བྱས་པའི་རི་དྭགས་སེམས་ཅན་ཞིག་ཡིན་པའི་ཁར། རྒྱ་ནག་གི་ཁྲིམས་ནང་ཚོགས་སྒེར་སུ་འདྲ་ཞིག་གིས་རྒོ་བ་རྔོན་པ་དང་ལྐོག་ལ་ཚོང་འགྲེམས་བྱས་པ་དེ་ཁྲིམས་འགལ་གྱི་ལས་དོན་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ད་བར་བོད་མཐོ་སྒང་དུ་རྒོ་བ་ཇི་ཙམ་ལྷག་ཡོད་པའི་གྲངས་ཐོ་ཁ་གསལ་མེད་ཀྱང་། བོད་མཐོ་སྒང་གི་རྒོ་བ་དང་གཙོད། དེ་བཞིན་རི་བདག་སེམས་ཅན་གཞན་རྣམས་ཀྱི་སྤུ་དང་ལྤགས་པ། རྭ་ཅོ་བཅས་ཀྱི་སྨན་གྱི་ནུས་པ་དང་བཅའ་དངོས་ཁག་གི་ཚོང་རའི་རིན་ཐང་ལ་གཞིགས་ཏེ་སེམས་ཅན་དེ་དག་རྔོན་ནས་ནག་ཚོང་རྒྱག་པའི་ཁྲོད། དེ་སྔོན་སེམས་ཅན་གྲངས་ལས་འདས་པ་ཡོད་པ་དེ་དག་ད་ཆ། རྒྱལ་སྤྱིའི་སྟོང་ལ་ཉེ་བའི་རི་དྭགས་སེམས་ཅན་གྱི་ཁོངས་སུ་བཞག་དགོས་ཁེལ་ཡོད་པ་རེད། མ་ཟད་རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་གཏན་འབེབས་བྱས་པའི་ནང་དུའང་རི་དྭགས་སེམས་ཅན་དེ་དག་རྔོན་པ་རྣམས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ངོས་འཛིན་བྱ་རྒྱུ་ཡིན་པ་གསལ་པོ་འཁོད་ཡོད་ཀྱང་། ད་ཆ་རི་དྭགས་རྔོན་མཁན་ཁོངས་སུ་རྒྱ་མིའི་ཉེན་རྟོག་པ་ཡོད་པ་དང་། ས་གནས་སྲིད་གཞུང་གིས་གནད་དོན་དེ་དག་དང་འབྲེལ་བའི་དཔང་རྟགས་སྦས་སྐུང་བྱེད་བཞིན་པའི་བྱ་སྤྱོད་དེ་དག་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་ཡོངས་སུ་རྒྱབ་འགལ་འགྲོ་ཡི་ཡོད་པ་རེད།
ལས་འགུལ་ཁང་ལ་ལག་སོན་བྱུང་བའི་བརྙན་དཔར་གྱི་ནང་དུ། ས་གནས་བོད་མི་ཞིག་གིས་ཉེན་རྟོག་པ་རྣམས་ལ་རྔོན་རྒྱག་པར་བཀག་སྡོམ་བྱས་པའི་ཁྲོད། ངས་ཁྱེད་ཚོ་ངོ་ཤེས་ཀྱི་ཡོད། ཁྱེད་ཚོ་ག་པར་བྲོས་ནས་འགྲོ་བསམ་གྱི་འདུག་ཅེས་གསུངས་པ་ཐོས་རྒྱུ་འདུག །དཔར་དང་བརྙན་དེ་དག་གི་ནང་དུ་ཉེན་རྟོག་པའི་མོ་ཊའི་ཨང་གྲངས་གསལ་པོ་མངོན་རྒྱུ་ཡོད་པ་དང་། དེའང་ཟི་ཁྲོན་ཞིང་ཆེན་གྱི་དཀང་རྡིང་དང་ལི་ཐང་རྫོང་གཉིས་ཚུད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མོ་ཊ་ཡིན་པ་གསལ་པོ་ར་འཕྲོད་ཐུབ་རྒྱུ་ཡོད་འདུག
ས་གནས་བོད་མི་ཞིག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་དུ། རྒོ་བའི་རྔོན་ཡང་ཡང་རྒྱག་པའི་ཁྲོད་མེ་མདའ་མང་པོ་རྒྱག་པའི་རྐྱེན་གྱིས་རྒོ་བའི་ཁྱུ་ལྷག་མ་རྣམས་གཡས་གཡོན་གྱི་རྩ་ཐང་ནང་དུ་ཁ་ཐོར་ཕྱིན་ཡོད་པ་གསུངས་འདུག
དེ་བཞིན་བོད་མི་གཞན་ཞིག་གིས་གསུང་ཡག་ལ། དེ་སྔོན་ཉག་ཆུ་རྫོང་ལས་ཁུངས་ཀྱིས་བོད་མི་རྣམས་ཐེངས་ཁ་ཤས་ཚོགས་འདུར་འདུ་སྐོང་བྱས་ཏེ་རི་བདག་སེམས་ཅན་རྔོན་མི་ཆོག་པའི་བཀོད་པ་བཏང་ཡོད་པ་དེ་ལྟར་ཡང་། ད་རེས་ཀྱི་གནས་ཚུལ་དེས་བོད་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་གཞུང་གི་མི་སྣ་ཡིན་པ་དང་། དོན་དངོས་ཐོག་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ས་གནས་བོད་མི་རྣམས་ཡིན་པའི་གནད་དོན་མངོན་གསལ་བྱེད་ཀྱི་ཡོད་པ་ཐེར་འདོན་གནང་འདུག
གཞི་རྩའི་དེ་སྔོན་ ༢༠༢༢ ལོའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བར་གཞིགས་ན། རྒྱ་ནག་གཞུང་གིས་ད་བར་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་ ༥༠ ལྷག་ལ་ཉེས་འཛུགས་འདྲ་མིན་འོག་ཁྲིམས་ཐག་བཅད་ཡོད་པ་ཐེར་འདོན་གནང་ཡོད་པའི་ཁྲོད། ༢༠༢༣ ལོའི་ཕྱི་ཟླ་ ༨ པའི་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཁྱད་ལས་མི་སྣས། རྒྱ་ནག་གཞུང་ལ་ལོ་ངོ་ ༡༡ བར་གྱི་བཙོན་འཇུག་ཁྲིམས་ཆད་མྱོང་བཞིན་པའི་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དགུའི་མཚན་འབོད་གནང་སྟེ། ཁོང་རྣམས་ཀྱི་གནས་སྟངས་སྐོར་གནས་ཚུལ་ཁ་གསལ་བཟོ་དགོས་པའི་དགོས་འདུན་བཏོན་པ་ཡང་བྱུང་མྱོང་ཡོད་པ་རེད།
མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་གྱིས་ཞུགས་བཅུག་པ།
ཕྱི་ཚེས་ ༡༩ ཉིན་ནས་བཟུང་། རྒྱ་ནག་གཞུང་གིས་མངའ་རིས་ས་ཁུལ་གྱི་རུ་ཐོག་གྲོང་རྡལ་གྱི་རེ་ཆོས་གྲོང་ཚོ་དང་སྡེ་རུབ་གྲོང་ཚོའི་འབྲོག་ལས་ས་ཚིགས་སོགས་སུ་གཞུང་ལམ་བཟོ་སྐྲུན་གྱི་ལས་འཆར་ཞིག་ལག་བསྟར་བྱས་ཡོད་ཅིང་། གྲོང་ཚོ་དེ་དག་གི་ཡུལ་མི་མང་ཆེ་བ་ལས་གཞི་དེའི་ནང་བཙན་གྱིས་ཞུགས་བཅུག་གི་ཡོད་པ་རེད་འདུག
དེ་ཡང་རྒྱ་གཞུང་གིས་གསར་དུ་ལག་བསྟར་བྱེད་བཞིན་པའི་གཞུང་ལམ་བཟོ་སྐྲུན་གྱི་ལས་འཆར་སྐོར་ལ་འབྲེལ་ཡོད་བརྒྱུད་ལམ་བརྒྱུད་ནས་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱས་པ་ལྟར་ན། རུ་ཐོག་གྲོང་རྡལ་དང་། རེ་ཆོས་གྲོང་ཚོ། སྡེ་རུབ་གྲོང་ཚོ་སོགས་སུ་རྒྱ་ནག་གཞུང་གིས་ ༢༠༢༦ ལོའི་“མཐའ་མཚམས་ཐོན་ལས་དང་མཐའ་མཚམས་དར་རྒྱས་དང་དམངས་ཕྱུག”།ཅེས་པའི་ལས་འཆར་ཞིག་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ཏུ་ལག་བསྟར་བྱེད་བཞིན་པ་དང་ལས་འཆར་དེའི་ཁོངས་སུ་མཐའ་མཚམས་ས་ཁུལ་གྱི་གྲོང་ཚོ་བཞི་སྟེ། སྡེ་རུབ་གྲོང་ཚོ་དང་། གསུམ་བཞི་གྲོང་ཚོ། རུ་ཐོག་གྲོང་ཚོ། རེ་ཆོས་གྲོང་ཚོ་བཅས་སུ་གཞུང་ལམ་བཟོ་སྐྲུན་ལས་གཞི་དེ་དག་ད་ལོའི་ལོ་འགོ་ནས་ད་བར་མཚམས་མ་ཆད་པར་ལག་བསྟར་བྱས་ཡོད་པ་འབྲེལ་ཡོད་མི་སྣས་བརྗོད་འདུག
ལས་འཆར་དེས་ཡུལ་མིར་དཀའ་ངལ་གང་དག་བཟོ་བཞིན་ཡོད་མེད་སྐོར་རྒྱུས་ལོན་བྱས་པ་ལྟར་ན། རྒྱ་ནག་གཞུང་གི་དྲིལ་བསྒྲགས་བརྒྱུད་ལས་འཆར་དེས་རྒྱ་སྒོར་འབོར་ཆེན་གྱི་ཡོང་འབབ་བསྐྲུན་རྒྱུ་དང་། ཡུལ་མིའི་འཚོ་བར་ཕན་ཐོགས་ཡོད་པའི་ཁེ་ཕན་མང་པོ་ཡོད་ཚུལ་བསྒྲགས་ཀྱིན་ཡོད་ཀྱང་། དོན་དངོས་ཐོག་ཡུལ་མིར་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་རེད།
གཞུང་ལམ་བཟོ་སྐྲུན་ལས་གཞིར་ཞུགས་ཆེད། ཁྱིམ་ཚང་རེ་ནས་མི་གཅིག་ངེས་པར་དུ་མཉམ་ཞུགས་བྱེད་དགོས་པ་དང་། གལ་ཏེ་མཉམ་ཞུགས་བྱེད་མ་ཐུབ་ཚེ་ཆད་པ་གཅོད་ཀྱིན་ཡོད་ཅིང་། གྲོང་ཚོའི་ཡུལ་མི་ཚོར་གཞུང་ལམ་བཟོ་སྐྲུན་གྱི་ཉམས་མྱོང་མེད་པ་མ་ཟད། དགོས་ངེས་ཀྱི་ཆ་རྐྱེན་ཡང་ཚང་མེད་པས། ལས་ཀ་དེའི་ནང་དཀའ་ངལ་མང་པོ་འཕྲད་ཀྱིན་ཡོད་ཅེས་འབྲེལ་ཡོད་མི་སྣས་བརྗོད་འདུག
ད་ལྟ་གཞུང་ལམ་བཟོ་སྐྲུན་ཁོ་ན་མ་ཡིན་པར། མཐའ་མཚམས་ས་ཁུལ་གྱི་གྲོང་ཚོ་བཞི་སྟེ། སྡེ་རུབ་གྲོང་ཚོ་དང་། གསུམ་བཞི་གྲོང་ཚོ། རུ་ཐོག་གྲོང་ཚོ། རེ་ཆོས་གྲོང་ཚོ་བཅས་སུ་ནང་འདྲེན་ཚོང་ལས་ཀྱི་ལས་འཆར་གསུམ་དང་། ས་གནས་ཀྱི་ལས་འཆར་བཅུ་གཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག །དེ་བཞིན་རྒྱ་ནག་ནང་ཁུལ་གྱི་ཚོང་ཟོག་དང་ཚོང་པ་རྣམས་མཐའ་མཚམས་གྲོང་ཚོ་དེ་དག་ཏུ་གཏན་སྡོད་བྱེད་མཁན་ལ་དགོས་མཁོའི་ཆོག་མཆན་དང་མཐུན་རྐྱེན་སྦྱོར་རྒྱུའི་སྐོར་གཞུང་ཕྱོགས་ནས་དྲིལ་བསྒྲགས་བྱས་ཡོད་འདུག
༢༠༢༦ ལོའི་མཐའ་མཚམས་ས་ཁུལ་དུ་གཞིས་སྤོ་བྱས་པའི་མི་དམངས་ཀྱི་ཚོང་ལས་ལས་འཆར་ནང་། ས་གནས་ཀྱི་མི་དམངས་དང་མཉམ་ལས་བྱས་ཏེ་མཐའ་མཚམས་ས་ཁུལ་རྒྱ་བསྐྱེད་དང་འཛུགས་སྐྲུན་བྱ་རྒྱུ་ཡིན་འདུག །དེ་མིན། ས་གནས་ཀྱི་བདེ་འཇགས་དང་ཆབ་སྲིད་ཀྱི་གནད་དོན་ལ་ལྟ་རྟོག་བྱེད་ཆེད། ཆེད་ལས་པ་དང་། གནད་དོན་གཏན་འབེབས་ཚོགས་ཆུང་། ཐབས་ལམ་འཆར་འགོད་ཚོགས་ཆུང་། དཔྱད་ཞིབ་ཚོགས་ཆུང་སོགས་ལས་དོན་སྡེ་ཚན་སྣ་མང་གསར་འཛུགས་དང་གྲངས་འབོར་མང་དུ་གཏོང་རྒྱུ་ཡིན་འདུག
ཁེ་ན་ཌའི་གྲོས་ཚོགས་ནང་འབུམ་རམས་པ་རྒྱལ་ལོ་ལགས་ཀྱི་ཕྱག་ལས་ལ་བསྔགས་བརྗོད་དང་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ།
ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ Karim Bardeesy ལགས་ཀྱིས་ཁེ་ན་ཊའི་གྲོས་ཚོགས་ནང་འབུམ་རམས་པ་རྒྱལ་ལོ་ལགས་ཀྱི་གནད་དོན་གླེང་སློང་དང་སྦྲགས། ཁེ་ན་ཊའི་མི་སེར་ཡིན་པའི་བོད་མི་རྣམས་ཀྱི་བློས་གཏོང་དང་། བོད་ནང་གི་བྱིས་པའི་ཐོབ་ཐང་། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་བཅས་ལ་མུ་མཐུད་རྒྱབ་སྐྱོར་གནང་དགོས་པ་གསུངས་འདུག
དེ་ཡང་ཁེ་ན་ཌའི་གྲོས་ཚོགས་འཚོག་བཞིན་པ་དང་བསྟུན། ཁ་སང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Karim Bardeesy ལགས་ཀྱིས་འབུམ་རམས་པ་རྒྱལ་ལོ་ལགས་ཀྱི་གནད་དོན་གླེང་སློང་དང་སྦྲགས། ད་བར་ཁེ་ན་ཌར་གནས་བཞུགས་བོད་མི་རྣམས་ཀྱིས་སོ་སོའི་རིག་གཞུང་དང་སྐད་ཡིག །ཆོས་ལུགས་བཅས་སྲུང་སྐྱོབ་ཐད་བློས་གཏོང་གནང་བར་ཡི་རངས་བསྔགས་བརྗོད་དང་། འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་གནས་སྟངས་ཐེར་འདོན་གྱིས། དེ་དོན་རྒྱལ་སྤྱིའི་སྤྱི་ཚོགས་སུ་དྲིལ་བསྒྲགས་རྒྱ་ཆེ་གནང་བར་བརྟེན་ནས་ཉེ་ལམ་ཁོང་ལ་རྒྱ་ནག་གཞུང་གིས་གཞི་རྩ་གང་ཡང་མེད་པའི་ཐོག་ནས་ཁྲིམས་གཏུགས་བྱས་པར་གདུང་སེམས་མཉམ་སྐྱེད་དང་། འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཁོང་ལ་དྲག་གནོན་དང་འཇིགས་སྐུལ་ག་ཚོད་བྱས་ཀྱང་། ཁོང་ཉིད་ནས་བོད་དོན་སྤྱི་དང་བྱེ་བྲག་ཏུ་རྒྱའི་བཅའ་སྡོད་སློབ་གྲྭའི་ཐོག་མུ་མཐུད་ལས་དོན་གནང་བཞིན་པ་དེ་དག་ལ་བསྔགས་བརྗོད་ཡོད་ཅེས་ཞུས་འདུག
རྩ་བའི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱི་ཁྲིམས་གཏུགས་ཀྱི་ཡིག་ཆ་དེ་བཞིན་ཁོང་གི་བཟའ་ཟླར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ སྟེ། ཁོང་གིས་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ཚོགས་ཆུང་གིས་རྒྱ་ནག་ལ་བསྐྱར་ཞིབ་མ་བྱས་གོང་དུ་ཇི་ནི་ཝ་རུ་བོད་ཀྱི་བྱིས་པའི་ཐོབ་ཐང་གི་ཆེད་དུ་གཏམ་བཤད་གནང་བཞིན་པའི་སྐབས་སུ་ཁོང་གི་ད་ལྟའི་སྡོད་གནས་ཊོ་རོན་ཊོར་འབྱོར་ཡོད་པ་དང་། དེའི་ནང་དུ་ཁོང་གི་དེ་སྔའི་ལས་ཁུངས་ཡུན་ནན་རྒྱུན་ལྡན་སློབ་གྲྭ་ཆེན་མོས་འབུམ་རམས་པ་རྒྱལ་ལོ་ལགས་ལ་ཁྲིམས་གཏུགས་བྱས་པའི་ཞུ་གཏུགས་ཡི་གེ་དེ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༥ ཉིན་དེ་འབྲེལ་རྒྱ་ནག་ཏུ་ཐོས་ཞིབ་ལ་བཅར་དགོས་པའི་བརྡ་ཐོ་བཏང་ཡོད་པ་རེད།
གནད་དོན་དེ་འབྲེལ་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ངོས་ནས་འབུམ་རམས་པ་རྒྱལ་ལོ་ལགས་དང་འབྲེལ་ནས་རྒྱབ་སྐྱོར་གྱིས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད་ཅིང་། ཁ་སང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་དང་འབུམ་རམས་པ་རྒྱལ་ལོ་ལགས་གཉིས་ཀྱི་གཙོ་འགན་བཞེས་པའི་ཐོག་ནས་ཤོག་གྲངས་ ༦༠༠ དང་མཚན་རྟགས་ ༨༠༠༠ ཡོད་པའི་རྒྱབ་སྐྱོར་གྱི་ཡིག་ཆ་དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་སུ་ཕུལ་ཐུབ་པ་བྱུང་ཡོད་པ་དང་འབྲེལ། བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་མཚན་རྟགས་བཀོད་མཁན་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུས་འདུག
གཞི་རྩའི་འདས་པའི་ལོའི་ནང་ཁེ་ན་ཌར་གནས་སྡོད་བོད་མི་དང་ཡུ་གུར་བ། ཧོང་ཀོང་མང་ཚོགས་རྣམས་ལ་རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་དྲག་གནོན་ཆེས་ཆེར་ཡོང་བཞིན་པའི་གནས་ཚུལ་རིམ་པར་བྱུང་ཡོད་པའི་ཁྲོད། སྔ་ལོར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ Canada Tibet Committee ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་ཚོགས་མི་ ༥ དང་ Uyghur Rights Advocacy Project ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པའི་ཚོགས་མི་ ༡༥ ལ་བོད་དང་ཤར་ཏུར་ཀིས་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སྐྱོན་བརྗོད་དང་དྲིལ་བསྒྲགས་རིམ་པ་གནང་རྐྱེན། རྒྱ་ནག་ནང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་ཀྱི་ཡོད་ལུགས་སོགས་ལ་བསྙད་ནས་སྲིད་དོན་ཉེས་ཆད་བཀལ་ཡོད་པ་དང་། སྲིད་དོན་ཉེས་ཆད་དེའི་བརྒྱུད་ནས་ཚོགས་སྒེར་དེ་དག་གི་རྒྱ་ནག་ནང་གི་རྒྱུ་དངོས་འབྲེལ་ཡོད་ཡོངས་རྫོགས་གཞུང་བཞེས་དང་། རྒྱ་ནག་ནང་གི་ཚོགས་སྒེར་ཚང་མས་ཁོང་ཚོ་དང་ལྷན་དུ་ཚོང་དོན་དང་། མཉམ་ལས། དེ་བཞིན་ལས་དོན་གཞན་རིགས་སྤེལ་མི་ཆོག་པ་མ་ཟད། ཧོང་ཀོང་དང་ Macao མཱ་ཀའོ་ནང་དུ་འགྲུལ་སྐྱོད་བཀག་སྡོམ་བྱས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལོ་ངོ་ ༤༠ ལྷག་གི་རིང་ལས་དོན་གཉེར་མྱོང་བའི་རྒྱ་རིགས་བུད་མེད་ཅིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས།
China Daily ཞེས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ཕྱི་ལོ་ ༡༩༨༢ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་སུ་ལོ་ངོ་བཞི་བཅུ་ལྷག་རིང་གོ་གནས་བཟུང་ཞིང་། ཕྱི་ལོ་ ༢༠༡༨ ལོ་ནས་བོད་རང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་ཡིན་པའི་རྒྱ་རིགས་བུད་མེད་ཅིག་ལ། ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ནག་ཉེས་འོག་ཁྲིམས་གཏུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རྒྱ་ནག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ་བ་འདིའི་ཚེས་ ༡༥ ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་རིགས་བུད་མེད་ Wang Jun ཟེར་བ་དེ་ནི་དེ་སྔོན་བོད་རང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་ཟུར་པ་ཞིག་ཡིན་ཞིང་། ཁོ་མོས་རང་ཉིད་ཀྱི་གོ་གནས་དང་དབང་ཆ་བེད་སྤྱོད་ལོག་པར་སྤྱད་དེ་མི་གཞན་ལ་ཁེ་ཕན་བསྐྲུན་པ་དང་། དེའི་ཚབ་ཏུ་དངུལ་དང་རིན་ཐང་ཅན་གྱི་དངོས་པོ་ཧ་ཅང་འབོར་ཆེན་བླངས་པའི་ཉེས་འཛུགས་བྱས་ཡོད་པ་གསལ་སྟོན་གནང་འདུག
མ་ཟད་རྒྱ་ནག་གི་ཆེས་མཐོའི་ལྐོག་ཟ་རུལ་སུངས་རྟོག་ཞིབ་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་རྗེས། ཉེ་ཆར་རྒྱ་ནག་གི་ Hebei ཞིང་ཆེན་དུ་རྟེན་གཞི་བྱས་པའི་ Zhangjiakou གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ Zhangjiakou གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ཡོད་པ་རེད་འདུག
སྤྱིར་ཀན་སུ་ཞིང་ཆེན་ནས་ཡིན་པ་ལོ་ན་ ༦༢ ལ་སོན་པའི་ Wang Jun ནི་ཕྱི་ལོ་ ༡༩༨༢ ལོར་མངའ་རིས་ས་ཁུལ་ནས་ལས་ཀ་བྱེད་འགོ་བཙུགས་ཏེ་བོད་རང་སྐྱོང་ལྗོངས་ནང་ལོ་ངོ་བཞི་བཅུ་ལྷག་རིང་ལས་ཀ་བྱས་མྱོང་ཡོད་པ་དང་། ལོ་ངོ་དེ་དག་གི་རིང་གོ་གནས་རིམ་བཞིན་འཕར་ཏེ་ཐོག་མར་ཕྱི་ལོ་ ༢༠༠༨ ལོར་ས་ཆ་དང་ཐོན་ཁུངས་ཀྱི་སྡེ་ཚན་གྱི་འགན་འཛིན་དང་། ཕྱི་ལོ་ ༢༠༡༢ ལོར་བོད་རང་ལྗོངས་ཟེར་བ་དེའི་ནང་གི་སྒྲིག་ཁྲིམས་ལྟ་རྟོག་བྱེད་མཁན་འགན་འཛིན་གཞོན་པ། དེ་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡ ནང་བོད་རང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་བྱས་མྱོང་ཡོད་པ་རེད།
ཁོ་མོ་སྔ་ལོ་ཕྱི་ལོ་ ༢༠༢༥ ལོར་ལས་གནས་ཐོག་ཡོད་བཞིན་དུ་ཞིབ་བཤེར་འོག་བཙུགས་པ་དང་། འདི་ལོའི་ཕྱི་ཟླ་ ༧ པར་རྒྱ་ནག་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་བ་མ་ཟད་གཞུང་གི་གོ་གནས་ནས་ཀྱང་གནས་དབྱུང་བཏང་འདུག་པ། དེ་བཞིན་རྒྱ་ནག་ལྐོག་ཟ་རུལ་སུངས་རྟོག་ཞིབ་ལས་ཁུངས་ཀྱིས་བཤད་དོན་ལྟར་ན། Wang Jun གྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གཏེར་ཁའི་ཐོན་ཁུངས་དོ་དམ་ཐད་ཀྱི་འགན་འཁྲི་ཚུལ་བཞིན་བསྒྲུབས་མེད་ཅིང་། སྒྲིག་ཁྲིམས་ཞིབ་བཤེར་ལ་འགོག་རྐྱེན་བཟོས་ཡོད་པ་བཤད་འདུག
ད་དུང་མོས་སྒྲིག་འགལ་གྱིས་ལག་རྟགས་དང་གསོལ་སྟོན་ཁས་བླངས་པ་དང་། འདྲི་རྩད་བྱེད་སྐབས་གནས་ཚུལ་སྦས་གསང་བྱས་པ། གཞུང་གི་གསང་བ་ཕྱིར་བསྒྲགས་བྱས་པ། ལྐོག་རྔན་འབོར་ཆེན་བླངས་ཏེ་རང་ཉིད་ཀྱི་དབང་ཆ་ལོག་པར་སྤྱད་ནས་མི་གཞན་ལ་གཏེར་ཁའི་ཐོན་ཁུངས་དང་། འཛུགས་སྐྲུན་ས་ཆ་ཐོབ་ཐབས། ལས་བྱེད་བསྐོ་གཞག་བཅས་ཀྱི་ཐད་ཁེ་ཕན་བསྐྲུན་རོགས་བྱས་པ་བཅས་ཤེས་རྟོགས་བྱུང་བ་གསལ་སྟོན་བྱས་འདུག
རྩ་བའི་ཉེ་བའི་ལོ་ཤས་ནང་ཞི་ཅིན་ཕིང་གིས་རྒྱ་ནག་གཙོས་པའི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་ཏུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ཟེར་བའི་ལས་འགུལ་ཇེ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་འབྲེལ། ཕྱི་ལོ་ ༢༠༡༣ ལོ་ནས་ལྐོག་ཟ་རུལ་སུངས་མེད་པ་བཟོ་བའི་ལས་འགུལ་དེ་སྤེལ་ནས་ད་བར་རྒྱ་ནག་གི་འགོ་ཁྲིད་མང་པོ་ཞིག་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་འཛིན་བཟུང་དང་། བཙོན་འཇུག འགའ་ཤས་སྲོག་ཁྲིམས་བཅད་པ། རེ་འགའ་ཚེ་བཙོན་དུ་བཅུག་པ་སོགས་ཀྱི་དཀའ་ངལ་མང་པོ་སྤྲད་ཡོད་པ་དང་། ལོ་རེར་འགོ་ཁྲིད་མང་པོ་ཞིག་འཛིན་བཟུང་བྱེད་མུས་ཡིན་པ་རེད།
ལོ་ན་ ༡༤ ནས་འཛིན་བཟུང་བྱས་པའི་ཡུ་གུར་བ་བུད་མེད་ཅིག་བཙོན་ཁང་ནང་འདས་གྲོངས་སུ་སོང་འདུག
ལོ་ན་ ༡༤ ཐོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་ཡུ་གུར་བ་བུད་མེད་ Rahile Omer རཱ་ཧི་ལེ་ཨོ་མེར་ཞེས་པ་ཁོང་ལོ་ ༢༣ ཐོག་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་འདུག་པར། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྐྱོན་བརྗོད་དང་སྦྲགས། རྒྱལ་སྤྱིའི་གཞུང་ཁག་ནས་རྒྱ་གཞུང་ལ་རཱ་ཧི་ལེ་ཨོ་མེར་ལགས་ཀྱི་གྱོད་གཞི་དེའི་ཐོག་ལན་འདེབས་གསལ་བཤད་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག
དེ་ཡང་ Human Rights Watch ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། Rahile Omer རཱ་ཧི་ལེ་ཨོ་མེར་ལགས་ནི་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༣ པའི་ནང་ཤར་ཏུར་ཀྱིས་ཐན་གྱི་ Konasheher རྫོང་གི་ཆབ་སྲིད་བསམ་བློ་སློབ་གསོ་བསྒྱུར་བཀོད་ཁང་ཞིག་ཏུ་བཀག་ཉར་བྱས་པའི་མི་བརྒྱ་ཕྲག་མང་པོའི་ཁྲོད་ནས་གཅིག་ཡིན་ཞིང་། ཕྱི་ལོ་ ༢༠༢༢ ལོར་སྦི་སྦི་སི་གསར་ཁང་གིས་ཤར་ཊུར་ཀི་སི་ཐན་ཁུལ་དུ་བཙུགས་པའི་བཀག་སྐྱིལ་ཁང་དུ་ཡུ་གུར་མི་མང་རྣམས་ལ་ཚད་ལས་བརྒལ་བའི་དམ་དྲག་དང་སྟངས་འཛིན་བྱེད་བཞིན་པའི་སྐོར་གྱི་གསང་བའི་ཡིག་ཆ་ཕོན་ཆེན་ཕྱི་གྱར་བྱུང་བའི་ནང་ཁོ་མོ་ནི་ལོ་ན་ཆུང་ཤོས་དེ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོ་དཀྱིལ་དུ་ཁོ་མོའི་ཕ་མ་གཉིས་ཀ་འཛིན་བཟུང་བཀག་ཉར་རྗེས་ཁོང་འཛིན་བཟུང་བྱས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་འཁོད་འདུག
ཟླ་བ་འདིའི་ཚེས་ ༦ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་ Rahile Omer ལགས་ཀྱི་གནད་དོན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁོ་མོ་རང་ལོ་ ༢༣ ཐོག་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་པ་ལས། འདས་གྲོངས་སུ་ཕྱིན་པའི་དུས་ཚོད་དང་གནས་ཚུལ་གྱི་ཞིབ་ཕྲ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག །དེ་བཞིན་ ༢༠༢༡ ལོར་ཁོ་མོ་རང་ལོ་ ༡༨ ལ་སོན་སྐབས་རྒྱ་ནག་དབང་འཛིན་པས་ཁོང་ལ་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུགས་པའི་ཉེས་བཙུགས་ཀྱིས་ཁྲིམས་ཐག་བཅད་ཡོད་པ་དང་། ཁོ་མོའི་སྐོར་ཤེས་རྟོགས་ཡོད་པའི་རྒྱ་ནག་གི་དཔོན་རིགས་ཁག་ཅིག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། ཁོ་མོས་གཞན་གྱི་གནས་ཚུལ་མཁོ་སྤྲོད་མ་བྱས་པ་དང་། བཙོན་ཁང་ནང་སྨོན་ལམ་འདོན་བཞིན་པ་བཟུང་བའི་རྐྱེན་གྱིས་བཙོན་ཁང་དུ་བཅུག་ཡོད་པ་བཤད་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲྭ་གནས་ཐོག་ད་དུང་ཚོགས་པའི་ངོས་ནས་གནས་ཚུལ་དེ་ཉིད་ཁུངས་ལྡན་རྭ་སྤྲོད་གནང་ཐུབ་མེད་ཀྱང་། འདི་ལྟ་བུའི་གནད་དོན་དག་གིས་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་ཤར་ཏུར་ཀིས་ཐན་ནང་རྒྱ་གཞུང་གིས་ཡུ་གུར་བ་རྣམས་ལ་མི་ཆོས་ལས་འདས་པའི་སྡུག་རྩུབ་གཏོང་གི་ཡོད་པའི་རྣམ་པ་གསལ་སྟོན་ཐུབ་ཀྱི་ཡོད་པ་མངོན་གསལ་གནང་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་གི་ཉམས་ཞིབ་པ་ Yalkun Uluyol ལགས་ཀྱིས་ཁོང་ཡང་ཡུ་གུར་བའི་མི་རིགས་ཤིག་ཡིན་པའི་ཆ་ནས། ཉིན་ལྟར་འདི་ལྟ་བུའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་རྒྱུར་ཞེད་སྣང་སྐྱེ་བཞིན་ཡོད་པ་གསུངས་ཏེ། ཁོང་གི་པཱ་ལགས་ Memet Yaqup ལ་ལོ་ ༡༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཨ་ཞང་ Emet Yaqup ལགས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པར་དོན་དངོས་ཐོག་ཁོང་གཉིས་ད་ལྟ་གང་དུ་ཡོད་མེད་དང་། ཁྲིམས་འགལ་གྱི་ཉེས་འཛུགས་གང་ཡིན་མིན། ད་དུང་གསོན་པོར་གནས་ཡོད་མེད་ཀྱང་ཤེས་ཀྱི་མེད་ཅེས་བཀོད་འདུག
རྩ་བའི་འདས་པའི་ལོའི་ནང་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྒེར་ཁག་གིས་རྒྱ་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་ཡོད་པའི་ཡུ་གུར་མི་རིགས་གཙོ་བོར་གྱུར་བའི་ཁ་ཆེ་མི་རིགས་རྣམས་ཀྱི་ཆོས་དད་རང་དབང་གཙོས་པའི་གཞི་རྩའི་འགྲོ་བ་མིའི་ཐབ་ཐང་ལ་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པའི་ཐོག །ཁོང་རྣམས་ངལ་རྩོལ་གཅིག་སྡུད་བཙོན་སྒར་ནང་བཅུག་ཏེ། རྒྱ་ནག་ཧན་མི་རིགས་དང་བཙན་གྱིས་མཉམ་བསྲེས་བཏང་དང་གཏོང་བཞིན་པའི་གནས་ཚུལ་རིམ་པར་འདོན་སྤེལ་གནང་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་དེ་འབྲེལ་ངོས་ལེན་བྱེད་རྒྱུ་ལས་ལྡོག་ཏེ་ལོ་རེ་བཞིན་མི་རིགས་མཐུན་སྒྲིལ་ལ་ཁ་གཡར་ནས་ཡུ་གུར་མི་རིགས་རྣམས་གང་བྱུང་བཙོན་འཇུག་དང་ཁྲིམས་ཐག་བཅད་པ་སོགས་ཀྱི་གནས་ཚུལ་རིམ་བཞིན་ཐོན་མུས་ཡིན་པ་རེད།
རྒྱ་ནག་གི་གསང་མྱུལ་གྱི་བྱ་སྤྱོད་ཐད་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ནས་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱི་བདེ་འཇགས་ལ་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་དང་འབྲེལ། དབྱིན་ཡུལ་གཞུང་ངོས་ནས་རྒྱ་ནག་གི་གསང་མྱུལ་གྱི་བྱ་སྤྱོད་རིགས་ལ་གཟབ་ནན་གནང་དགོས་པ་གསུངས་འདུག
དེ་ཡང་ཉེ་ཆར་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར། དབྱིན་ཡུལ་གྱི་མི་སེར་ཡིན་པ་ཚོང་པ་ John Miller གྱིས་དེ་སྔ་ Scotland Yard སྟེ་དབྱིན་ཡུལ་གྱི་དབུས་ཉེན་རྟོག་ལས་ཁུངས་ཀྱི་སོ་ཉུལ་བ་ཟུར་པ་ Keith Hunter ཞུ་བ་ཁོང་གི་རོགས་པར་བླངས་ཏེ་རྒྱུན་དུ་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་མཁན་ཡུལ་དེའི་གྲོས་ཚོགས་འཐུས་མི་ Tom Tugendhat ལགས་དང་ Sir Iain Duncan Smith ལགས། Nusrat Ghani ལགས། Neil O'Brien ལགས། Tim Loughton ལགས། དེ་བཞིན་ Lord Alton ལགས་དང་ Baroness Kennedy ལགས་བཅས་དང་འབྲེལ་བའི་གསང་བའི་གནས་ཚུལ་སོགས་བསྡུ་རུབ་བྱས་ཡོད་པ་དང་འབྲེལ། གྲོས་ཚོགས་འཐུས་མི་ Sir Iain Duncan Smith ལགས་ཀྱིས་ཁ་སང་དབྱིན་ཡུལ་གྱི་གྲོས་ཚོགས་ནང་གནད་དོན་དེ་འབྲེལ་གླེང་སློང་དང་སྦྲགས། དབྱིན་ཡུལ་གཞུང་ཕྱོགས་ནས་རྒྱ་ནག་གི་གསང་མྱུལ་གྱི་བྱ་སྤྱོད་དེ་དག་ག་ཚོད་ཀྱི་ཤེས་རྟོགས་ཡོད་མེད་དང་། རྒྱ་ནག་གཞུང་གིས་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཙམ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ཀྱི་ཉེ་འབྲེལ་སྤུན་མཆེད་རྣམས་ལའང་སྲིད་དོན་ཉེས་ཆད་བཀལ་ཡོད་པར་བརྟེན། ཁོང་རྣམས་ཀྱི་བདེ་འཇགས་ལའང་ཉེན་ཁ་ཡོད་པ་གསུངས་འདུག
ཕྱོགས་མཚུངས་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ལྕམ་ Alicia Kearns ལགས་ཀྱིས་ཀྱང་གྲོས་ཚོགས་ཐོག་གནད་དོན་དེ་འབྲེལ་གླེང་སློང་དང་སྦྲགས། རྒྱ་ནག་གཞུང་གི་གསང་མྱུལ་གྱི་བྱ་སྤྱོད་དེ་ནི་དབྱིན་ཡུལ་གྱི་མང་གཙོ་ལ་གཏོར་བཤིག་གཏོང་ཐབས་དང་། དེ་སྔ་དབྱིན་ཡུལ་ནང་རྒྱ་ནག་གཞུང་གི་ལས་བྱེད་པ་ཁག་ཅིག་གིས་བོད་མི་ལས་འགུལ་བ་དང་ངོ་རྒོལ་བ་རྣམས་ལ་འཇིགས་སྐུལ་གྱི་ངན་སྤྱོད་སོགས་ལུང་འདྲེན་གྱིས། རྒྱ་ནག་གཞུང་གིས་དབྱིན་ཡུལ་གཞུང་དང་གྲོས་ཚོགས་བཅས་ལ་ཐུབ་ཚོད་བཏང་བའི་རྣམ་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
རྩ་བའི་དབྱིན་ཡུལ་མི་སེར་ཡིན་པ་ཚོང་པ་ John Miller དང་ཁོང་ལ་མཉམ་རོགས་བྱེད་མཁན་རྒྱ་ནག་གི་མི་སེར་ཡིན་པ་ Cui Guanghai གཉིས་ནི་རྒྱ་ནག་བཅིང་བཀྲོལ་དམག་སྡེ་ཆེད་དུ་ཨ་རིའི་དམག་གི་མཚོན་ཆ་ Missile Launcher དང་ Radar Units དེ་བཞིན་ Drones བཅས་ཉོ་ཐབས་བྱས་པའི་ཉེས་འཛུགས་འོག་སྔ་ལོའི་ཕྱི་ཟླ་ ༤ པའི་ནང་ཐོག་མར་ Serbia གྱི་རྒྱལ་ས་ Belgrade ནས་འཛིན་བཟུང་གིས་ཨ་རིར་རྩིས་སྤྲོད་ཆེད་བཟང་བཙོན་དུ་བཞག་ཀྱང་། ཁོང་གཉིས་བཟང་བཙོན་ནས་བྲོས་ཏེ་སྒེར་བདག་གནམ་གྲུ་བརྒྱུད་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་པའི་རྗེས་ནས་བཟུང་ད་བར་གར་སོང་ཆ་མེད་ལྟ་བུར་གྱུར་ཡོད་པ་རེད།
ཉེ་ལམ་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་བ་ལྟར་ན། John Miller གྱིས་དེ་སྔ་ Scotland Yard སྟེ་དབྱིན་ཡུལ་གྱི་དབུས་ཉེན་རྟོག་ལས་ཁུངས་ཀྱི་སོ་ཉུལ་བ་ཟུར་པ་ Keith Hunter ཞུ་བ་ཁོང་གི་རོགས་པར་བླངས་ཏེ་རྒྱུན་དུ་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་མཁན་ཡུལ་དེའི་གྲོས་ཚོགས་འཐུས་མི་བདུན་དང་འབྲེལ་བའི་གསང་བའི་་གནས་ཚུལ་བསྡུ་རུབ་བྱས་ཡོད་པ་རེད་འདུག
གནད་དོན་དེ་འབྲེལ་དེ་སྔ་ཁེ་ན་ཌའི་གསར་འགོད་པ་དང་རྗེས་སུ་ཨ་རིའི་གསང་བའི་ལས་ཁུངས་ཆེད་ཕྱག་ལས་གནང་མྱོང་མཁན་ James DiFiore ལགས་ཀྱིས་ John Miller དང་ཁོང་གི་འབྲེལ་བ་ཡོད་པའི་མི་སྣ་ཁག་ཅིག་གི་དབར་ཕན་ཚུན་བཏང་རེས་བྱས་པའི་འཕྲིན་ཐུང་ ༩༠༠༠ ལྷག་ Daily གསར་ཁང་ལ་བཏང་འབྱོར་བྱུང་ཡོད་པ་དང་། James DiFiore ལགས་ནི་དེ་སྔ་ John Miller གྱིས་རྒྱ་ནག་གི་ལྟད་མོ་བ་ཚོར་དམིགས་དབེན་དུ་བཟུང་ནས་ཨ་རིར་ངོ་རྒོལ་གྱི་རྩོམ་ཡིག་དང་ Podcast གཏམ་གླེང་བརྒྱུད་ཨ་རི་ནག་པོ་བཟོས་དགོས་པའི་སྐུལ་མ་བཏང་མྱོང་ཡོད་པ་ཞིག་ཡིན་པ་རེད་འདུག
རྒྱལ་སྲུང་སློབ་གསོའི་ཉིན་མོ་ཟེར་བ་སྲུང་བརྩིའི་བརྒྱུད་རྒྱ་གཞུང་གི་དྲིལ་བསྒྲགས་ལོ་རྒྱུས་བཙན་སྦྱོང་བྱེད་དུ་འཇུག་བཞིན་པ།
རྒྱ་དམར་གཞུང་གིས་བཙན་པོ་དབང་ཡོད་ཀྱི་ཐོག་ནས་བོད་ནང་གི་སློབ་གྲྭ་ཁག་ཏུ་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཟེར་བ་སྲུང་བརྩིའི་བརྒྱུད་སློབ་ཕྲུག་རྣམས་ལ་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དྲིལ་བསྒྲགས་སྦྱང་བཙོན་བྱེད་དུ་འཇུག་བཞིན་ཡོད་པ་མངོན་གསལ་གནང་འདུག
རྒྱ་དམར་གཞུང་གིས་འདས་པའི་ལོ་རབས་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ནི་རྒྱ་དམར་གྱི་ཆ་ཤས་ཡིན་པའི་འཁྱོག་བཤད་དྲིལ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་རང་ཉིད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་སྲིད་གཞུང་གི་ལྟ་ཕྱོགས་དང་མི་མཐུན་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཚུད་པའི་དངོས་ཡོད་གནས་ཚུལ་རྣམས་ནག་སུབ་གཏོང་ཐབས་དང་འཁྱོག་བཤད་བྱེད་བཞིན་ཡོད་ཅིང་། དེ་ཡང་ཇར་མ་ནིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནས་ཚུལ་སྤེལ་བའི་ནང་། རྒྱ་དམར་གཞུང་གིས་བོད་ནང་གི་སྔོན་འགྲོ་སློབ་གྲྭ་ཚུད་པའི་སློབ་ཁག་ཏུ་རྒྱལ་སྲུང་སློབ་གསོའི་ཉིན་མོ་སྲུང་བརྩིའི་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་བསྐྱར་བྲིས་བྱས་པ་རྣམས་སློབ་སྦྱོང་བྱེད་དུ་བཅུག་གི་ཡོད་པ་མངོན་གསལ་གནང་འདུག
ཉི་མོ་དེ་སྲུང་བརྩི་བྱ་དགོས་པ་དེའང་གཙོ་བོ་བོད་ཕྲུག་རྣམས་ལ་མུན་ནག་ཅན་གྱི་འདས་པའི་ལོ་རྒྱུས་དྲན་ཏེ། ད་ལྟ་འགྱུར་བ་ཆེན་པོ་ཕྱིན་པར་ཡི་རང་བྱ་དགོས་ཤིང་། དུས་རབས་གསར་པའི་མི་ཞིག་བྱ་རྒྱུར་འབད་དགོས་ཞེས་པའི་རྩ་ཚིག་བཙན་སྐུལ་བྱ་རྒྱུ་དམིགས་ཡུལ་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ཤེས་ཡོན་ཚན་པས་སློབ་གྲྭ་ཚང་མའི་ནང་དུ་དེ་འབྲེལ་ཉིན་མོ་སྲུང་བརྩི་བྱས་ཡོད་ལུགས་བཤད་ཡོད་པ་ལུང་འདྲེན་གྱིས། ཐ་ན་སྔོན་འགྲོ་སློབ་གྲྭའི་སློབ་ཕྲུག་རྣམས་ལའང་ཆབ་སྲིད་ཀྱི་བསམ་བློ་བཙན་བསྒྱུར་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག
ལྷག་པར་རྒྱ་དམར་གཞུང་ནས་ཨིན་ཡུལ་གྱི་བརྩམས་སྒྲུང་མཁན་དང་ལྟ་གྲུབ་པ་ George Orwell ཇོར་ཇི་ཨོར་ཝེལ་གྱིས་བརྗོད་ཚིག །སུ་ཞིག་གིས་འདས་དོན་ལ་དབང་སྒྱུར་བ་དེས་མ་འོངས་པ་དབང་སྒྱུར་ཐུབ་པ་དང་། སུ་ཞིག་གིས་ད་ལྟ་བར་དབང་སྒྱུར་ཚེ་འདས་དོན་ལ་དབང་སྒྱུར་ཐུབ་ཅེས་པ་ལུང་འདྲེན་གྱིས་རྒྱ་དམར་དཔོན་རིགས་ཚོས་བོད་ཕྲུག་རྣམས་ལ་འཁྱོག་བཤད་ཀྱི་ལོ་རྒྱུས་སློབ་ཐབས་བྱེད་བཞིན་པ་མ་ཟད། དམིགས་ཡུལ་དེ་གཞིར་བཞག་ཏེ་བོད་དང་རྒྱ་ནག་གི་དངོས་ཡོད་ལོ་རྒྱུས་རྣམས་འཆར་གཞི་ལྡན་པའི་ཐོ ག་ནས་བསྐྱར་འབྲི་བྱེད་བཞིན་ཡོད་པ་གསལ་སྟོན་གནང་འདུག
སློབ་ཕྲུག་རྣམས་ལ་བོད་གསར་རྙིང་གི་ཁྱད་པར་བཤད་དེ་རྒྱ་དམར་གྱི་དམག་དཔུང་བོད་ནང་སླེབས་ཏེ་བཅིངས་གྲོལ་བཏང་ཡོད་ལུགས་ཀྱི་ལོག་བཤད་བྱེད་ཀྱི་ཡོད་པ་ལས། ཕྱི་ལོ་ ༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་སྐབས་མང་ཚོགས་སྟོང་ཕྲག་མང་པོ་དམར་གསོད་བཏང་བ་དང་༸གོང་ས་མཆོག་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ། དེ་བཞིན་ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་རིག་གནས་གསར་བརྗེ་སྐབས་འཇིགས་སུ་རུང་བའི་དངོས་ཡོད་གནས་ཚུལ་སོགས་སློབ་སྦྱོང་སྤྲོད་ཀྱི་མེད་པ་རེད་འདུག
མ་ཟད་སློབ་ཕྲུག་རྣམས་ལ་རྒྱ་དམར་གྱི་རྒྱལ་ཞེན་སྐྲུན་ཐབས་ཆེད་གློག་བརྙན་དང་བརྙན་པར་བསྟན་དེ། ཚོར་བ་རྣོ་བའི་ཚིགས་བརྗོད་བེད་སྤྱོད་བརྒྱུད་རྒྱལ་ཁབ་དོན་དུ་རང་སྲོག་བློས་བཏང་དགོས་པའི་འབོད་ཚིགས་རྣམས་བཙན་སྐུལ་བྱེད་བཞིན་ཡོད་པ་དང་ཆབས་ཅིག །གསར་བརྗེ་ཅན་གྱི་མེས་པོ་ཟེར་བ་དེ་དག་གི་རྣམ་པ་བཟང་པོ་ཞིག་སློབ་ཕྲུག་ཀྱི་སེམས་རྒྱུད་ལ་འཇགས་ཐབས་བྱེད་བཞིན་ཡོད་པ་གསལ་སྟོན་ཐོག །རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་དང་ལྷན་དུ་རྩོད་རྙོག་དང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་བཅས་ལ་དྲག་པོའི་ལངས་ཕྱོགས་ལ་གཞིགས་ན། བཙན་སྐུལ་གྱི་འབོད་ཚིགས་དེ་དག་ནི་ཉེན་བརྡ་ཞིག་མཚོན་གྱི་ཡོད་པ་མངོན་གསལ་གནང་འདུག
གཞི་རྩའི་རྒྱ་དམར་གཞུང་གིས་བོད་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་། མི་རིགས་མཉམ་བསྲེས་གཏོང་ཐབས་ཀྱི་ལས་དོན་འགོ་བཙུགས་ཡོད་པ་དང་། ལྷག་པར་ཕྱི་ལོ་ ༡༩༧༠ ལོ་རབས་ནང་དེ་འབྲེལ་སྲིད་བྱུས་ངོ་སྤྲོད་དང་། ཕྱི་ལོ་ ༡༩༨༤ ནས་བཟུང་བོད་ཕྲུག་རྣམས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཁྲིད་འགོ་ཚུགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ནས་བཟུང་བོད་པའི་སློབ་གྲྭ་ཁག་སྒོ་རྒྱག་འགོ་བཙུགས་ཏེ། བོད་ཕྲུག་བྱིས་པ་ལོ་ན་ ༤ ནས་ ༡༨ བར་ཁྱོན་གྲངས་ས་ཡ་ ༡ ལྷག་བཅའ་སྡོད་སློབ་གྲྭ་བཙན་འཇུག་བྱས་དང་བྱེད་བཞིན་ཡོད་ཅིང་། སློབ་གྲྭ་དེ་དག་གི་ནང་དུ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་སློབ་ཚན་ལས་ལྡོག་ཏེ་རྒྱ་དམར་གཞུང་གི་ལྟ་ཕྱོགས་ཁོ་ནར་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་སྙན་ཐོ་མང་པོའི་ནང་མངོན་གསལ་གནང་ཡོད། ལྷག་པར་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། བོད་མི་རིགས་ཀྱི་སྐད་ཡིག་བེད་མེད་གཏོང་ཐབས་སླད་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་ཡུལ་སློབ་གྲྭ་ཁག་སྒོ་རྒྱབ་རྒྱུའི་གནས་ཚུལ་རིམ་པ་ཐོན་ཡོད་པ་དང་། ལོ་རྒྱུས་དང་མི་རིགས་ཀྱི་ངོ་རྟགས་རྫུན་བཟོ་བྱ་རྒྱུའི་གནད་དོན་འོག་ནས་སློབ་གྲྭ་ཁག་ཏུ་ལོ་རྒྱུས་འཁྱོག་བཤད་དྲིལ་བསྒྲགས་བཙན་པོ་དབང་ཡོད་ཀྱི་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་མྱོང་མཁན་ཡེ་ཤུའི་མཆོད་དཔོན་ཇིན་ལ་ལན་ཊོས་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་དབུལ་རྒྱུ་རེད་འདུག
ཡེ་ཤུའི་ཆོས་ཉམས་ལེན་བྱས་པར་རྒྱ་ནག་དམར་ཤོག་ཚོགས་པས་དྲག་གནོན་དང་ཉིན་གྲངས་ ༢༦༦ རིང་བཙོན་ཁང་དུ་བཅུག་པའི་ཡེ་ཤུའི་མཆོད་དཔོན་ཇིན་ལགས་ལ་ལན་ཊོས་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་དང་སྦྲགས། ཁོང་གིས་ཆོས་གྲོགས་གཞན་རྣམས་བཙོན་གྲོལ་མ་ཐོབ་བར་དུ་མུ་མཐུད་ཞུ་གཏུག་བྱ་རྒྱུ་ཡིན་པ་གསུངས་འདུག
དེ་ཡང་དེ་རིང་ཟླ་བ་ ༡༠ ཚེས་ ༩ རེས་གཟའ་པ་སངས་ཉིན་ The Lantos Foundation for Human Rights and Justice ཞེས་པའི་ཚོགས་པའི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པས་ཛི་ཧོན་ལྷ་ཁང་གི་འགོ་ཁྲིད་ལ་དྲག་གནོན་བྱེད་འགོ་བཙུགས་ནས་ལོ་ངོ་གཅིག་འཁོར་བ་དང་བསྟུན། ཕྱི་ལོ་ ༢༠༢༦ ལོའི་ལན་ཊོས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་བཞིན་པེ་ཅིང་ཛི་ཧོན་ལྷ་ཁང་ Beijing Zion Church གསར་འཛུགས་གནང་མཁན་ཨི་ཛ་ར་ཇིན་མིང་རི་ Ezra Jin Mingri ལགས་སུ་དབུལ་རྒྱུའི་གསལ་བསྒྲགས་གནང་འདུག
ཕྱི་ལོ་ ༢༠༠༧ ལོར་གསར་འཛུགས་བྱས་པའི་ཛི་ཧོན་ལྷ་ཁང་དེ་བཞིན་རྒྱ་ནག་ནང་གི་དེབ་སྐྱེལ་བྱས་མེད་པའི་ཡེ་ཤུ་གསར་སྨྲ་བའི་(Protestant) ལྷ་ཁང་གཞི་རྒྱ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དང་། ལྷ་ཁང་གི་འཛིན་སྐྱོང་ནས་མཆོད་ཁང་ནང་དུ་ངོ་རིས་རྩད་གཅོད་བྱེད་མཁན་པར་ཆས་འཛུགས་རྒྱུར་ངོས་ལེན་མ་བྱས་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༡༨ ནས་བཟུང་རྒྱ་གཞུང་གིས་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་དེར་དྲག་གནོན་བཤུ་གཞོག་གཏོང་འགོ་བཙུགས་ཏེ། ལོ་དེ་རང་ལ་ལྷ་ཁང་སྒོ་རྒྱག་ཏུ་བཅུག་ཡོད།
སྔ་ལོའི་ཟླ་བ་ ༡༠ པའི་ནང་དུ་རྒྱ་གཞུང་གིས་ལྷ་ཁང་དེ་ལ་དྲག་གནོན་སྔར་ལྷག་བྱས་ཏེ། རྒྱ་ནག་གི་གྲོང་ཁྱེར་ ༡༠ ནས་ཡེ་ཤུའི་མཆོད་དཔོན་དང་ཚོགས་མི་ ༣༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། རྗེས་སུ་མཆོད་དཔོན་ཕལ་ཆེ་བ་གློད་བཀྲོལ་བཏང་ཡོད་ནའང་། ཇིན་ལགས་ཉིན་གྲངས་ ༢༦༦ རིང་བཙོན་འཇུག་བྱས་ཡོད།
ཇིན་ལགས་ཀྱིས་གཟེངས་རྟགས་དང་འབྲེལ་ཏེ། The Christian Post ལ་གསུངས་དོན་ལ། ཁོང་ཉིད་ལ་ལན་ཊོས་གཟེངས་རྟགས་གནང་བར་དགའ་བསུ་དང་སྦྲགས། དེ་བརྒྱུད་ནས་རྒྱ་ནག་ནང་ཆོས་དད་ཅན་ཚོར་སྲིད་གཞུང་གིས་དྲག་གནོན་བྱེད་བཞིན་པའི་གནས་སྟངས་གོ་རྟོགས་སྤེལ་བར་ཕན་ཐོགས་ཡོང་ངེས་ཡིན་པ་གསུངས་འདུག
དེ་ཡང་ཁོང་གིས། “རྒྱ་ནག་དམར་ཤོག་ཚོགས་པས་ངའི་ལྷ་ཁང་དང་དེའི་ཚོགས་མི་གཙོས་པའི་ཆོས་ཕྱོགས་ཀྱི་ལམ་སྲོལ་སྒྲིག་འཛུགས་མང་པོར་དྲག་གནོན་བྱས་ཡོད། ད་ཆ་རྒྱལ་སྤྱིའི་མི་མང་མཉམ་རུབ་བྱས་ཏེ་རྒྱ་ནག་མི་མང་གི་ཆོས་དད་རང་དབང་སྐོར་ཞུ་གཏུག་བྱ་རྒྱུའི་དུས་ལ་བབ་ཡོད། དེ་ནི་ཞི་བདེ་དང་དྲང་བདེན་སྤྱི་ཚོགས་ཤིག་གི་གཞི་རྩའི་ཐོབ་ཐང་ཡིན།” ཞེས་ཞུ་གཏུག་གནང་འདུག
དེ་བཞིན་ཁོང་གིས། “ད་ལྟ་ངས་བཙོན་ཁང་ནང་དུ་ཡོད་པའི་ཛོ་ཧོན་ལྷ་ཁང་ཁོངས་གཏོགས་ཀྱི་ཚོགས་མི་བརྒྱད་གློད་བཀྲོལ་ཡོང་ཐབས་སུ་ཞུ་གཏུག་བྱེད་ཀྱི་ཡོད། ཁོང་ཚོ་གློད་བཀྲོལ་མ་བཏང་བར་དུ་ངས་ཞུ་གཏུག་མུ་མཐུད་བྱ་རྒྱུ་ཡིན།” ཞེས་གསུངས་འདུག
The Lantos Foundation ཚོགས་པའི་ཚོགས་གཙོ་ཀེ་ཀྲི་ན་ལན་ཊོས་སུ་ཝིཊ་ Katrina Lantos Swett ལགས་ཀྱིས་ཐེངས་འདིའི་གཟེངས་རྟགས་ཇིན་ལགས་སུ་དབུལ་རྒྱུའི་ཐག་གཅོད་དང་འབྲེལ་ཏེ། ཇིན་ལགས་ཀྱིས་དྲག་གནོན་འོག་ཏུའང་གཡོ་བ་མེད་པའི་སྙིང་སྟོབས་བསྟན་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་ལ་སེམས་ཤུགས་སྤར་ཡོད། ཐེངས་འདིའི་ལན་ཊོན་གཟེངས་རྟགས་དེ་རང་ཉིད་ཀྱི་རིན་ཐང་གཅེས་འཛིན་དང་། གཞན་ལ་མིག་དཔེ་སྟོན་མཁན་གྱི་གང་ཟག་ཁོང་ལྟ་བུར་དབུལ་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་ཞེས་བརྗོད་འདུག
གཞི་རྩའི་ལན་ཊོས་ཐེབས་རྩ་ནི། ན་ཛི་ཇར་མ་ནིའི་དྲག་གནོན་མྱོང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཀྲོམ་ལན་ཊོས་ Tom Lantos ལགས་ཀྱི་རྗེས་དྲན་དུ་ཕྱི་ལོ་ ༢༠༠༨ ལོར་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ནས་བཟུང་ལོ་ལྟར་ཐེབས་རྩའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམས་ལ་ལན་ཊོས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་གནང་གི་ཡོད་པ་དང་། ད་བར་གཟེངས་རྟགས་དེ་བཞེས་མཁན་ཁོངས་སུ། ༸གོང་ས་མཆོག་དང་། ཨི་ལི་བི་སལ། ཧི་ལ་རི་ཀི་ལིན་ཊོན་སོགས་བྱུང་ཡོད་པ་རེད་འདུག




