ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལ་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ངོ་རྒོལ་གྱིས་ཞྭ་མོ་ནག་པོའི་གོམ་བགྲོད་ཅེས་པའི་ལས་འགུལ་འགོ་འཛུགས་གནང་ཡོད་པ་ལྟར། དེ་རིང་ཕྱི་དྲོ་གོམ་བགྲོད་པ་རྣམས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་ས་གནས་ Bilaspur དུ་འབྱོར་འདུག

དེ་ཡང་འདི་གའི་གསར་འགོད་པས་ཁ་པར་གྱི་ལམ་ནས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་སུ་གོམ་བགྲོད་སྤྱི་ཡོངས་དང་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས། གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་འགོ་འཛུགས་གནང་ནས་ཉིན་བརྒྱད་འགྲོ་བཞིན་པ་དང་། ལྷག་པར་ལས་འགུལ་བ་ཕོ་མོ་གྲངས་ ༦༥ ནས་མཉམ་ཞུགས་གནང་ཡོད་པ་ལྟར་དགུང་ལོ་བགྲེས་ཤོས་དེ་ལོ་ན་ ༧༥ ཆགས་ཡོད་སྟབས། གོམ་བགྲོད་པ་རྣམས་ནས་ཉིན་རེ་སྤྱི་ལེ་ ༢༥ ནས་ ༣༠ བར་གོམ་བགྲོད་གནང་བཞིན་པ་དང་། ལམ་བར་གནམ་གཤིས་གཙོས་པའི་གོམ་བགྲོད་པ་མི་ཉུང་བ་ཞིག་ལ་རྐང་པར་ཆུ་བུར་ཐོན་པ་སོགས་ཀྱི་དཀའ་ངལ་ཁག་གཅིག་ཕྲད་ཡོད་ཀྱང་། གོམ་བགྲོད་པ་རྣམས་ནས་དཀའ་ངལ་དེ་དག་ལ་བཟོད་བསྲན་གྱིས་དེ་རིང་ཕྱི་དྲོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་ས་གནས་ Bilaspur དུ་འབྱོར་གྱི་ཡོད་པ་གསུངས་སོང་།

མ་ཟད། འདས་པའི་ཉིན་གྲངས་བརྒྱད་རིང་ཁོང་རྣམས་ནས་རྒྱ་གར་གྱི་ས་གནས་གསར་འགོད་པ་དང་མང་ཚོགས་རྣམས་ལ་ལས་འགུལ་དང་འབྲེལ་ནས་གོ་རྟོགས་གང་ཐུབ་སྤེལ་ཡོད་པ་དང་། གསར་འགོད་པ་དང་ལྷག་པར་ས་གནས་མང་ཚོགས་མང་དག་ཅིག་ལ་དགོས་འདུན་དོན་ཚན་བཞི་ཅན་འཁོད་པའི་ལས་འགུལ་དང་འབྲེལ་ནས་བོད་དོན་དྲིལ་བསྒྲགས་ཀྱི་ཤོག་བྱང་འགྲེམས་སྤེལ་གནང་ཐུབ་ཡོད་པས། ས་གནས་ཀྱི་ཡུལ་མི་ཚོས་བོད་མིའི་ལས་འགུལ་དེར་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་ཡག་པོ་གནང་གི་འདུག་ཅེས་གསུངས་སོང་།

དེ་བཞིན་གོམ་བགྲོད་ཀྱི་ལས་འགུལ་འདི་ཉིད་བརྒྱུད་ས་གནས་ས་ཐོག་ཏུ་བོད་དོན་དྲིལ་བསྒྲགས་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་ཉེ་ལམ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པ་དེ་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ཤིག་ཡིན་པ་འཕྲལ་དུ་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཆེད་ཡིན་པ་ལྟར་རིང་མིན་པན་ཇབ་དང་ཧར་ཡ་ན་བཅས་མངའ་སྡེ་གཉིས་ཀྱི་རྒྱལ་ས་ཡིན་པའི་ཅན་དྷི་གར་གྲོང་ཁྱེར་དུ་ལས་འགུལ་དང་འབྲེལ་ནས་གསར་འགོད་ལྷན་ཚོགས་སྐོང་འཚོག་གནང་རྒྱུ་ཡིན་པ་གསུངས་སོང་།

གཞི་རྩའི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ད་རེས་ཀྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་དང་འབྲེལ་དགོས་འདུན་བཞི་བཏོན་ཡོད་པའི་ནང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཅེས་པ་ནི་ཚད་ལྡན་མ་ཡིན་པའི་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ཡིན་པས་མཚམས་འཇོག་དགོས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་ཉེས་མེད་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྦག་བཙོག་དང་གཏོར་བརླག་གཏོང་མཚམས་འཇོག་དགོས་པ། དེ་བཞིན་རྒྱ་གར་དབུས་སའི་གཞུང་ནས་ད་བར་བོད་དང་བོད་མིར་མཐུན་འགྱུར་རྒྱབ་སྐྱོར་འགྱུར་མེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་བཀོད་ཡོད་པ་རེད།




